---བསམ་བཞིན་མ་ཡིན་པའི་སྙན་ངག་གི་སྣང་སྟོབས་དེས་ད་གཟོད་སྣང་ལ་མ་ངེས་པའི་གཉུག་གཤིས་ཀྱི་མཛེས་པ་སྔོགས་འདོན་བྱ་ཐུབ་ཀྱིན་ཡོད།
བསམ་བློ་འཁོར་ཤེས་པའི་མི་སུ་དང་གང་ཞིག་ཡིན་རུང་། གཉུག་མར་གནས་པའི་འདུ་ཤེས་ཀྱི་འགོ་རྩོམ་ས་དེ་མིའི་རིགས་ཀྱི་ཤེས་པ་བསགས་པའི་བླང་དོར་ལྟར་གནོད་འཚེ་དང་འགལ་བར་གྲུབ་པའི་སེམས་བྱུང་དེའི་རྨང་འདང་བ་ཅན་ཞིག་རེད་པས། འཚེ་མེད་ཞི་བ་ནི་ནམ་དུའང་ཤེས་རབ་དང་ཁ་འབྲེལ་ཐབས་མེད་པའི་ལངས་ཕྱོགས་ཤིག་ཏུ་བཤད་ན་འོས། ཡིན་ན་ཡང་དངོས་པོའི་མཛད་གཤིས་ལ་མཐའ་མེད་པ་དེས་མི་ཡི་བསམ་བློའི་ཁ་ཕྱོགས་དེ་ཡང་མཐའ་མེད་པ་ཞིག་ཏུ་གཏང་གིན་ཡོད་ལ། རབ་ཏུ་འདྲེས་འཛིང་ཆེ་བའི་ཁོར་ཡུག་གི་ཕྱི་རྐྱེན་དེས་ཁྱོན་རྒྱ་ཆུང་བའི་མི་ཡི་བསམ་བློར་ཚོད་འཛིན་ཡང་ཐེབས་ཀྱིན་ཡོད་པ་རེད། སྣང་ཚུལ་འདི་ཡི་དབང་གིས་འཛམ་གླིང་དུ་སྒྱུ་རྩལ་པ་དང་ཚན་རིག་པ་ཞེས་ཁྱབ་ཆེ་བའི་ཚོ་ཁག་གཉིས་དགར་ནས་ཡོད་ལ། རེ་རེའི་ལངས་ཕྱོགས་དེ་ཡང་སེམས་དང་དངོས་པོའི་གཤིས་ཉིད་ལྟར་རིག་མི་མཐུན་པ་ཞིག་ཏུ་བསྟན་ནས་ཡོད་པ་རེད། དབྱེ་ཚུལ་འདི་གཉིས་མིའི་རིགས་ཀྱི་དགོས་མཁོ་ལྟར་བཤད་ན་ཤིན་ཏུ་འདྲ་ས་ཡོད་ནའང་། ནང་རྐྱེན་གྱི་དམིགས་པ་བཙུགས་པ་ཡིན་ན་ཚན་རིག་དེ་ལྟོས་བཅས་ཀྱི་ཁུངས་སུ་བཙུད་ནས་ཡོད་ལ། སྒྱུ་རྩལ་དེ་ལྟོས་མེད་ཀྱི་བབས་སུ་འགྲེང་ཡོད་བསམ་གི དེ་བས་སྐྱབས་སུ་འགྲོ་བའི་མིའི་རིགས་ཁུངས་དེ་ཕྱི་དངོས་པོའི་གཤིས་ཉིད་དང་ཉེ་བར་གཅར་རྒྱུ་དགའ་བས་ཁ་ཐོག་མིག་ཐོག་གི་བྱ་བྱེད་ལ་དགའ་ཞིང་། སྔ་མ་དག་གིས་“གཏན་ཚིགས་གཞི་གྲུབ”ཏུ་ཁས་བླངས་ཚར་བའི་ཤེས་པ་དག་ལ་བསྐྱར་དུ་གདེངས་འཇོག་བྱས་པ་ཙམ་གྱིས་རང་གི་ཤེས་པ་ལ་ཡིད་ཚིམ་ནས་ཡོད་པ་རེད། ཡིན་ན་ཡང་འཇིག་རྟེན་དུ་གཞི་གྲུབ་ཏུ་གནས་པའི་དངོས་པོའི་གཤིས་ལུགས་གནས་པ་ཁས་མི་ལེན་མཁན་གྱི་མིའི་རིགས་ཁུངས་ཤིག་གནས་པ་དེ་དག་གིས་ནམ་དུའང་རང་གི་ཚེ་སྲོག་དང་བཅས་པའི་ཡོད་ཚད་ཅིག་ལ་དོགས་པ་འཛིན་ཅིང་། རང་ཉིད་ཅན་མ་ཡིན་པའི་བློས་བསླངས་ཤིག་གིས་རང་ཉིད་ཅན་གྱི་སེམས་བྱུང་དེ་ལ་བསམ་བློ་གཏོང་གིན་ཡོད་པ་རེད། ཚུལ་དེ་བཞིན་སྙན་ངག་འབྲི་མཁན་དག་ལ་མཚོན་ན་དེས་ནི་གཞན་བརྒྱུད་ཀྱི་ཤེས་རབ་ཅིག་ངོ་སྤྲོད་པའམ་ཡང་ན་སུ་གང་ཞིག་གི་ལམ་སྣ་འདྲེན་འདོད་པ་དེ་ཙམ་ཞིག་ནི་མ་ཡིན་པར་མཐར་མཐུག་གི་སྙེགས་ས་ཞིག་ལ་དམིགས་ཡོད་ཅིང་། མིའི་བསམ་ཚོད་དུ་ཚད་འཛིན་དུ་མེད་པའི་འདུ་ཤེས་འོག་མའི་བརྡ་སྤྲོད་ཐབས་དེས་ད་གཟོད་སྣང་ལ་མ་ངེས་པའི་ཤེས་པའམ་དམིགས་ས་དེར་ལག་འཇུ་བྱ་བསམ་གྱིན་ཡོད། འགྲེལ་རྒྱག་དཀའ་བའི་སེམས་བྱུང་དེ་མདོར་དྲིལ་ནས་བཤད་ན་སྟོང་ཉིད་ཀྱི་དོན་དང་འདྲ་ལ། རང་རེ་བ་དག་ལོབས་ཤོས་ཆེ་བའི་དཔེ་བརྗོད་དུ་སངས་རྒྱས་ཀྱི་ས་ལམ་དེར་སྙེགས་པ་དེ་དང་འདྲ་ཡི་བསམ་བྱུང་ངོ། །
སྒྱུ་རྩལ་རྩོམ་ཆོས་ཀྱི་ལས་ཀ་གང་ཞིག་ཡིན་པས་ཀྱང་རང་སྐྱ་ཐུབ་པའི་གསར་གཏོད་ཀྱི་ལམ་བུ་ཞིག་འཚོལ་རྒྱུ་དེ་ཧ་ཅང་གིས་དཀའ་བའི་ལས་ཤིག་ཏུ་བདོག་ཡོད་དེ། དེ་ཉིད་སྤྱི་ཚོགས་ཀྱི་གནས་བབ་མཚོན་ཚུལ་དང་མི་གཤིས་ཀྱི་སྤུས་ཀའི་ཚད་ཐིག ཆབ་སྲིད་ལམ་ཕྱོགས་དང་དཔལ་འབྱོར་གྱི་མཐུན་རྐྱེན་སོགས་མི་གཞི་རྐང་ཡིན་པའི་འཚོ་བའི་སྣང་ཚུལ་ཆེན་པོ་ཞིག་གི་ཁ་གཏད་དུ་འགྲེང་ཐུབ་དགོས་རྐྱེན། རྩོམ་རིག་དང་མཛེས་རྩལ། རོལ་དབྱངས། བཟོ་སྐྲུན་སོགས་ནང་བཅུད་ཀྱི་བཀོད་པའི་རིགས་སུ་ཐེ་བ་ཐ་དག་ཕན་ཚུན་གཅིག་ལ་གཅིག་རྟེན་གྱིས་ཆ་མཉམ་པོར་འཕེལ་རྒྱས་སུ་སོང་ན་ད་གཟོད་མིའི་མཚན་ཉིད་དང་ཆ་ཡོངས་སུ་མཐུན་པའི་མཛེས་རྟོག་གི་རིག་པ་གསར་བ་ཞིག་གིས་འཚོ་བའི་གོམས་སྲོལ་རང་བཞིན་དེ་བསྒྱུར་བཅོས་བྱེད་ཐུབ་པར་སྣང༌།
དེ་ལ་དབྱི་ཏ་ལའི་“རིག་རྩལ་བསྐྱར་དར”རམ་རྒྱ་ནག་གི་“ལྔ་བཞིའི་ལས་འགུལ”གང་ཡིན་ཡང་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་ཆབ་སྲིད་རིག་པའི་རྣོ་ངར་ཅན་གྱི་སྒུལ་ཤུགས་དང་བཟོ་ལས་གྲལ་རིམ་གྱིས་འཇིག་རྟེན་རྙིང་བའི་བཀས་བཀོད་རྒྱུད་འཛིན་གྱི་རྒྱུན་གོམས་འཚོ་བའི་ལམ་ལུགས་ཀྱི་རྩིག་རྨང་དེ་རྦད་དེ་ཉིལ་ཚར་བའི་དུས་སྐབས་དེ་འདྲ་ཞིག་གི་གོ་སྐབས་བེད་སྤྱད་དེ་རྩོམ་རིག་སྒྱུ་རྩལ་སོགས་ཀྱི་བྱ་བ་དག་ཆབ་སྲིད་དང་དཔལ་འབྱོར་རིག་པ་སོགས་དང་དཔུང་པ་མཉམ་པོར་རླབས་ཆེན་གྱི་ལས་འགུལ་དེ་དག་གི་ཁྲོད་དུ་ཁེར་ཚུགས་སུ་འགྲེང་ཐུབ་པའི་ཁྱད་གཤིས་དེ་མངོན་ཐུབ་ཡོད་པ་ལྟ་བུ་རེད།
དེ་ན་སྐབས་བབ་རང་ཅག་ཁ་པ་རི་པའི་ལྗོངས་ཆེན་འདིའི་རིག་གནས་ཀྱི་སྣང་ཚུལ་དེ་ཅི་ལྟ་བུ་ཞིག་ཏུ་གནས་ཡོད་པར་མིག་བཤེར་ཅིག་བྱས་ན། གོང་གི་ལས་འགུལ་ཆེན་པོ་གཉིས་དང་ཆ་ཡོངས་སུ་མཚུངས་པའི་སྒྲུབ་བྱེད་དུ།
བོད་ཀྱི་ཤེས་ཡོན་པ་ཐ་དག་གིས་དམ་པ་ལྷ་ཆོས་རིག་གནས་དང་གསོན་པོའི་མི་ཆོས་རིག་གནས་གཉིས་ཀྱི་དབྱེ་བ་དེ་ཚིག་ངོས་ནས་དགར་བ་དང་གཅིག
ཡིག་སྐད་ཀྱི་སྒམ་ཚིག་དོར་ནས་ཕལ་སྐད་ཀྱིས་མཚོན་པའི་འབོལ་རྩོམ་དཔེ་དེབ་སྣ་ཚོགས་པ་ཞིག་ཐོན་ཡོད་པ་དང་གཉིས།
དགེ་འདུན་ཆོས་འཕེལ་སོགས་ཀྱིས་མཚོན་པའི་མི་ཆོས་རིང་ལུགས་ཀྱི་བསམ་བློ་སྨྲ་བ་ཁ་ཅིག་གི་རིན་ཐང་ལ་བསྐྱར་དུ་གདེང་འཇོག་བྱས་པ་སོགས་མདོར་ན་ཕྱི་རྒྱལ་བ་དག་དང་རྒྱ་ནག་པ་དག་གིས་རྨི་ལམ་རྨིས་པའི་ཚུན་ཆད་ཀྱི་མ་ལུས་པ་ཞིག་ཆ་མཉམ་ཞིང་དོན་མཚུངས་པའི་ཚུལ་གྱིས་གསལ་སྟོན་བྱེད་ཀྱིན་ཡོད་མོད།
འོན་ཀྱང་ཞིབ་འདང་རེ་བརྒྱབ་ན་གཡམ་རྒྱུག་ལ་གོམས་ཉེ་བའི་ནོར་འཁྲུལ་གྱི་ལས་ཀ་ཞིག་ཏུ་མི་འགྲོ་བའི་རྒྱུ་མཚན་ཡང་འཇོག་ཏུ་མེད་དེ།
གཅིག་ཏུ་ན། སད་མ་ཐག་གི་བོད་ཀྱི་རིག་གནས་གསར་བའི་ན་ཚོད་དེ་ཤིན་ཏུ་ནས་ན་ཕྲ་ཞིང་གུ་དོག་པ་ཞིག་ཡིན་པ་དཔེ་ཆ་གསར་བ་དག་གི་ཕྱི་ནང་ཐམས་ཅད་མི་རིགས་གཞན་གྱི་ཡིག་རིགས་ཀྱི་གསལ་བཤད་དེས་ཁེངས་ཡོད་པ་དང་གསལ་བྱེད་ཡི་གེ་དེ་དག་རང་འདོད་ལྟར་རྩོམ་པ་པོ་རང་གིས་མཆན་བཏག་པ་ཏག་ཏག་རེད་པས། བརྡ་ཆད་ཀྱི་ངོས་ནས་ཕན་ཚུན་གཞི་མི་མཐུན་ཞིང་རྙོག་འཛིང་ཆེ་བ།
གཉིས་སུ་ནས་དེང་སྐབས་ཀྱི་དཔེ་ཆ་བ་དག་ཆེད་ལས་ཀྱི་ཤས་ཆེ་བཞིན་རྩོམ་པའི་དམིགས་ཡུལ་མི་གསལ་ལ་རིག་པ་གཞན་དང་འདྲེས་སྦྱོར་བྱ་རྒྱུར་ཞེ་དོགས་ནས་རང་གི་རིག་པ་རྐྱང་རྐྱང་གིས་རིག་གནས་གསར་བ་གླེང་བཞིན་པ་དེ་ལས་ལྟ་རྒྱ་དང་ཐོས་རྒྱ་མི་རིགས་གཞན་གྱི་མཁས་པ་དག་དང་བསྡུར་ན་ལྟོས་བཅས་ཀྱིས་གུ་དོག་པའི་སྐྱོན་གནས་ཡོད་པ།
གསུམ་དུ་ནས་མ་འོངས་པའི་བདག་པོར་རིག་པའི་ན་གཞོན་སྨྱུག་ཐོག་པ་དག་གིས་ནམ་ཤད་དུའང་རྩོམ་པ་པོ་དང་མཚན་ཉིད་རིག་པ་སོགས་ཀྱི་གལ་ཆེའི་བརྩམས་ཆོས་ལས་ཉིང་ཁུ་མི་གཞིབ་པར། རྩོམ་པ་པོས་ལོ་རྒྱུས་དང་གཞན་རིགས་ཀྱི་ངོ་སྤྲོད་རྒྱུ་ཆ་ཁོ་ན་ཀློག་གིན། ལད་ཟློས་ཅན་དང་འཁྲབ་སྟོན་ཅན། ཡང་ན་ཧོལ་རྒྱུག་གི་བྱ་བ་བསྒྲུབ་རྒྱུར་བློ་ཉེ་ཡོད་པ།
བཞི་ནས་མི་འདི་དག་གིས་བོད་རང་གི་མཁས་པ་དག་ལའང་སྐབས་དར་གྱི་བསམ་བློ་དོགས་པོ་དེའི་རྒྱ་རུ་ཚུད་ནས་ཕྱོགས་ཞེན་དང་གཉེན་མཚན་གྱི་འབྲེལ་བས་སྟེང་ནས་ཤན་འབྱེད་བྱེད་པ་མ་གཏོགས་ངེས་པ་དོན་གྱིས་རིན་ཐང་ལ་བསྐྱར་དུ་སྔོག་གཤེར་བྱ་བའི་བློ་མིག་གི་ལོངས་མེད་པ་བཅས་ཕྱོགས་མང་པོ་ཞིག་གི་སྐྱོན་གནས་བ་དང༌། དགག་སྒྲུབ་ཀྱི་དམིག་པ་གཏོད་ཡུལ་དེ་དཔེ་ཆ་བའམ་རྩོམ་པ་པོ་དག་གི་སྨྱུག་གུའི་འགུལ་ཚུལ་ལྟར་ཆུ་སྣ་གར་འཁྲིད་ཀྱི་ལས་སུ་བལྟས་ཡོད་པ་ལས་དེ་འདྲའི་གསལ་བོ་ཞིག་མིན་པ། ཐ་ན་མི་ཅིག་ཤོས་ཀྱི་སྙིང་སྟོབས་དེའི་བདེན་པའི་ཆ་དང་དཔེ་ཆ། དུས་དེབ། དྲ་བ་སོགས་ཀྱི་ཁེ་དབང་ཁོ་ན་ཞིག་གི་རྒྱབ་གཏན་འཆིང་གིན་ཨུ་ཚུགས་ཀྱི་བདེན་པ་ཞིག་དང་ཤེས་རྨོངས་ཀྱི་ལྟ་ཚུལ་ཞིག་གིས་རྨོངས་ནས་འདུག་པའི་དན་རྟགས་ཏེ་གསལ་བོར་བསྟན་ཡོད་འདུག་པ་ལྟ་བུ་རེད།
དེ་བས་“རིག་རྩལ་བསྐྱར་དར”རམ་“ལྔ་བཞིའི་ལས་འགུལ”གླེང་སྤྲོ་བའི་སྨྱུག་ཐོག་པ་དག་གིས་རྒྱལ་ཁབ་མེད་པའི་མི་རིགས་ཤིག་གི་རིག་གནས་ཀྱི་ངོས་ནས་བསམ་བློ་བཏང་སྟེ། རང་ཅག་གི་མི་རིགས་འདིའི་རིག་གནས་དང་ཚེ་སྲོག་ཡུན་གཏན་ཚེ་རིང་ཡོང་བའི་ཕྱོགས་ལ་རིག་པ་གསར་བའི་ལམ་བུ་གསར་བ་ཞིག་འཚོལ་བར་བསམ་བློ་བཏང་སྟེ་སྐད་ཆ་བཤད་རྒྱུ་མ་གཏོགས་འདྲེས་འཛིང་ཆེ་བའི་སྤྱི་ཚོགས་ཆེན་པོ་ཞིག་གི་ཆབ་སྲིད་ཀྱི་འགྱུར་བའི་གོ་རིམ་ཧྲིལ་བོ་དེ་ནུས་མེད་ཀྱི་མི་རིགས་ཆུང་ཆུང་ཞིག་གི་རིག་གནས་དང་མཉམ་དུ་འདྲེས་སྦྱོར་བྱེད་པ་ནི་རྐང་རྗེན་ལ་གནམ་གྲུ་དང་རྒྱུགས་ཤར་གློད་པའི་དཔེ་ཙམ་དུ། གོ་རྒྱུ་གཞན་གང་ཡང་མི་འདུག་གོ །
ཡང་གཅིག་བཤད་ན་ལྔ་བཞི་ལས་འགུལ་ལས་སད་རྟོགས་བྱུང་བའི་རྒྱ་ནག་མི་རིགས་ཀྱི་རྟོགས་སད་པ་དག་གི་མི་རབས་ཕྱི་མ་དག་གིས་སླར་ཡང་ཁུང་ཙི་སོགས་ཀྱིས་མཚོན་པའི་བསམ་བློ་རྙིང་བ་(ལྔ་བཞིའི་ལས་འགུལ་གྱི་བསམ་བློ་ལྟར་བཤད་པ་ལས་སྨྱུག་ཐོག་པ་རང་གི་འདོད་ཚུལ་མིན)དག་འཛམ་གླིང་གི་རིག་གཞུང་ཆེན་པོའི་ཟེ་བར་སྤུར་གྱིན་འདུག་པ་འདི་ཡང་མི་རིགས་རང་ངོས་ཀྱི་ཆག་འཇིག་དང་འགྲན་རྩོད་ཀྱི་གདམ་ག་དེ་ལས་བཤད་པ་ཡིན་ན་ལྔ་བཞིའི་ལས་འགུལ་གྱིས་བཟོས་པའི་ནག་ཉེས་ཤིག་མ་རེད་ཅེས་ད་ལྟའི་རྒྱ་ནག་པ་སུ་ཞིག་གིས་བསྙད་ཐུབ། །
མིའི་རིགས་ཀྱི་མཛེས་རྩལ་རོལ་མྱོང་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་ཆེན་པོ་ཞིག་བྱུང་བ་ནི་དུས་རབས་བཅུ་དགུ་བའི་མཇུག་ཙམ་ལ་འགུལ་གཟུགས་གློག་བཪྙན་གསར་དུ་བཏོད་པ་དེ་རེད་ལ། ཧྥ་རན་སེ་དང་དབྱི་ཏ་ལི་སོགས་ཀྱིས་མཚོན་པའི་རྒྱལ་ཁབ་མང་དག་ཅིག་གིས་གློག་བཪྙན་གྱི་ཟིལ་ཤུགས་ཁོ་ནས་རང་རང་གི་ཚན་རིག་འཕེལ་རྒྱས་ཀྱི་དོན་སྙིང་དེ་དངོམ་ཡོད་ནའང་། དུས་རབས་ཉི་ཤུ་བ་མགོ་ཚེས་མ་ཐག་ནས་བཟུང་ཨ་རིའི་ཀྲའོ་པེ་ལིན་ལྟ་བུའི་གློག་བཪྙན་འཁྲབ་སྟོན་པ་དག་གིས་གློག་བཪྙན་གྱི་ངོ་བོ་དེ་ཚན་རིག་གི་ལྟ་ཚུལ་ཅིག་ལས་སྒྱུ་རྩལ་གྱི་ངོ་བོ་ཞིག་ཏུ་བསྒྱུར་བས་ན། ཕྱིས་ཀྱི་གློག་བཪྙན་སྒྱུ་རྩལ་དེ་ཚན་རིག་པ་དང་སྒྱུ་རྩལ་པ་མཉམ་བསྲེས་ཀྱིས་འཕེལ་རྒྱས་ཀྱི་ལམ་ལ་སྐུལ་བའི་བྱ་དོན་ཞིག་ཏུ་གྱུར་ཞིང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་དབྱི་ཏ་ལི་ནས་འཕེལ་བའི་“དངོས་ཡོད་རིང་ལུགས་གསར་མའི”གློག་བཪྙན་གྱི་ལས་འགུལ་བྱུང་བ་དེས་སྔར་བས་ཨ་རིའི་ཧའོ་ལེ་ཝུའུ་གློག་བཪྙན་སོགས་ལ་སྔར་མེད་ཀྱི་བློ་འབྱེད་བྱས་པས་ན། གློག་བཪྙན་གྱི་ཡག་སྣང་དེ་རྩོམ་རིག་དང་མཛེས་རྩལ། ཆོས་ལུགས་སོགས་སྤྱི་ཚོགས་འཚོ་བ་དང་དམ་དུ་འབྲེལ་བའི་ལས་གཞི་ཆེན་པོ་ཞིག་ཏུ་གྱུར་ཅིང་། འཛམ་གླིང་ཨོ་སི་ཁའི་གློག་བཪྙན་བྱ་དགའ་སོགས་ཆེད་ལས་བྱ་དགའི་རྩ་འཛུགས་རབ་དང་རིམ་པ་ཞིག་བྱུང་བ་དེས་གློག་བཪྙན་གྱི་ངོ་བོ་དེ་སྒྱུ་རྩལ་མཚོན་ཐབས་ནས་ཁོག་འབུབས་ཅན་དང་ཚོང་ལས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་བ་དེ་རེད་མོད། རང་རེའི་བོད་ལ་ནི་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་མིག་ཟུང་བྲུས་པའི་སྲོལ་རྒྱུན་ནག་པོའི་སྡུག་ཐུག་གི་བྱ་ལས་དེ་བཞིན་གློག་བཪྙན་གྱི་བྱུང་བ་དེ་སྐུ་དྲག་མི་དྲག་རེ་གཉིས་ཕྱི་རྒྱལ་དུ་སོང་བའི་མཐོང་ཐོས་ངོམ་སོ་བྱེད་སྤྱད་ཅིག་དང་ལྷ་སྒྲུང་གི་བྱུང་རབས་ཤིག་ལས་དངོས་དོན་དུ་འགྱུར་དཀའ་བའི་རྨི་ལམ་ཞིག་ཏུ་བལྟས་པས་ན། དུས་རབས་ཉི་ཤུ་བའི་སྨད་ཙམ་ལ་ད་གཟོད་བལ་བོ་དང་འབྲུག་ཡུལ་སོགས་བོད་ཀྱི་གཉེན་ཚན་དུ་གྱུར་བའི་རྒྱལ་ཁབ་དག་ལས་བོད་སྐད་ཀྱིས་མཚོན་པའི་གློག་བཪྙན་ཐོག་མ་བྱུང་བར་མངོན་ཏེ། ཧྥ་རན་སེའི་འཁྲབ་ཁྲིད་པ་སྐད་གྲགས་ཅན་ཡ་ཁི་པེ་ཧྭན་གྱིས་བལ་བོ་རྒྱལ་ཁབ་དང་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པའི་མཐའ་མཚམས་བོད་ཀྱི་འཚོ་བ་མཚོན་པའི་བོད་སྐད་གློག་བཪྙན་ཐོག་མ《རི་བོ་ཧི་མ་ལ་ཡ》(XIMALAYA)ཞེས་པར་2000ལོར་ཨ་རིའི་ཨོ་སི་ཁའི་ཕྱི་རྒྱལ་གྱི་གློག་བཪྙན་བརྩམས་ཆོས་ཆེས་བཟང་བོ་ཞེས་པའི་མིང་བཏགས་བྱ་དགའ་ཐོབ་པ་དེས་ད་གཟོད་བོད་སྐད་ཀྱི་གློག་བཪྙན་དེ་འཛམ་གླིང་གི་ཡུལ་ཕྱོགས་ཀུན་ལ་སྟོན་པའི་དབུ་མཛད་ཅིང་། རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གློག་བཪྙན་བརྩམས་ཆོས་《ཕོར་པ》(CUP)དང་《ཆང་ཧུབ་གང་འཐུང་རྗེས་ཀྱི་འཕྲུལ་སྣང》(TraveIIersMagicians)སོགས་གློག་བཪྙན་སྐད་གྲགས་ཅན་མང་པོ་ཞིག་ལ་འཛམ་གླིང་མི་དམངས་ཀྱིས་དགའ་བསུ་འཐོབ་པ་དེས། བོད་སྐད་གློག་བཪྙན་གྱི་འཕེལ་འགྲོས་ལ་ལམ་བུ་གསར་དུ་ཕྱེས་ཤིང་། 《སམ་ས་ར》(色戒)སོགས་འདོད་པ་མཚོན་པའི་སྔོན་བརྒལ་གློག་བཪྙན་བྱུང་བ་དེས་བོད་ཀྱི་དད་མོས་དང་འཚོ་བ། སྒྱུ་འཕྲུལ་གྱི་མཛེས་འཛིན་ལྟ་ཚུལ་སོགས་ལ་སྔར་མེད་ཀྱི་ཁ་དོག་གསར་བ་ཞིག་བསྣན་ཏེ་གློག་བཪྙན་གྱི་ལམ་ཁ་ནས་མཚོན་ཅི་ཐུབ་བྱས་ཡོད་ནའང་། བོད་ནང་ཁུལ་དུ་རྒྱ་ནག་གི་གློག་བཪྙན་འཕེལ་འགྲོས་ལྟར་རྒྱ་སྐད་ཀྱི་ལམ་ནས་བོད་ཀྱི་འཚོ་བ་མཚོན་པའི་གློག་བཪྙན་《རྟ་རྐུན》(盗马贼)དང་《ཞིང་བྲན》(农奴)སོགས་གང་མང་མང་ཞིག་གིས་སྤྱི་སྐད་གཅིག་གྱུར་མིན་པའི་བོད་ཡུལ་ལུང་བ་ཆེན་པོ་འདིའི་ལྟ་མཁན་དག་གི་སྐྱོ་བ་སངས་སུ་བཅུག་སྟེ། བོད་སྐད་རྣལ་མའི་གློག་བཪྙན་གྱི་བྱུང་བ་དེ་དུས་རབས་ཉེར་གཅིག་ལ་ཐུག་གི་བར་དུ་སྟོང་བ་སྟོང་རྐྱང་དུ་ལུས་ནས་ཡོད་པ་རེད།
དུས་རབས་ཉེར་གཅིག་པ་མགོ་ཚུགས་ཚུན་ནས་བཟུང་སྟེ། རྒྱ་ནག་གི་གློག་བཪྙན་དེ་ལའང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལམ་བུ་ཐོག་མར་བཟོས་པས། 《དཔའ་རྒོད》(英雄)སོགས་འཛམ་གླིང་དུ་སྐད་གྲགས་ཀྱིས་ཆོད་མྱོང་བའི་གློག་བཪྙན་དག་བྱུང་ཞིང་། ཀྲང་དབྱི་མའོ་དང་ཁྲིན་ཁེ་ཀི། ཅ་ཕིན་ཝ་དང་ཧྥིན་ཞའོ་ཀང་སོགས་ཚོང་ལས་ཅན་དང་ཕུགས་བསམ་ཅན་གྱི་གློག་བཪྙན་ཉིས་ཚེབ་མའི་ལུགས་བྱུང་བས། འཛམ་གླིང་མི་དམངས་ཀྱི་མིག་དབང་དེ་ཡུལ་ཙམ་ཞིག་ལ་ཀྲུང་གོའི་ཕྱོགས་སུ་འཁོར་རྒྱུའི་གོ་སྐབས་ལྡན་པ་ནས་གློག་བཪྙན་ཚ་རླབས་ཤིག་འཕྱུར་ཏེ་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་རང་དབང་ཚུགས་སུ་བཅུག་པས། རང་རེའི་བོད་ཡུལ་དུའང་པདྨ་ཚེ་བརྟན་དང་ཟོན་ཐར་རྒྱལ་སོགས་ཆེད་ལས་འཁྲབ་གཞུང་ངམ་འཁྲབ་ཁྲིད་པ་དང་བཪྙན་ལེན་པའི་ན་གཞོན་ཤེས་ཡོན་ཅན་དག་བྱུང་སྟེ། 《ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ》དང་《འཚོལ》སོགས་སྒྱུ་རྩལ་མཚོན་ལུགས་ཀྱི་བོད་སྐད་རྣལ་མའི་གློག་བཪྙན་དག་ཕབ་སྐྲུན་ལེགས་འགྲུབ་བྱུང་ཞིང་། ལྗང་བུ་སོགས་ཀྱིས་མཚོན་པའི་ཆེད་ལས་འཁྲབ་གཞུང་མ་ཡིན་པའི་རྩོམ་པ་པོ་མང་དག་ཅིག་གིས་བོད་སྐད་ཀྱི་ལམ་ནས་འཁྲབ་གཞུང་འབྲི་བའི་ལུགས་སྲོལ་ཕྱེ་སྟེ་ཚོང་ལས་ཅན་གྱི་གློག་བཪྙན《ཧི་མ་ལ་ཡའི་རྒྱལ་སྲས》སོགས་ལེགས་འགྲུབ་བྱུང་བ་དེས་བོད་སྐད་གློག་བཪྙན་གསར་བཏོད་བྱས་པའི་རྨང་གཞིའི་ཐོག་ཕུར་བ་སྐྱབས་དང་སྟོབས་རྒྱས། རིན་ཆེན་དོན་གྲུབ་སོགས་བོད་ས་སྐྱེས་རྡོ་སྐྱེས་ཀྱི་གློག་བཪྙན་འཁྲབ་སྟོན་པ་དག་ལ་གློག་བཪྙན་ཧྲིལ་བོའི་འཁྲབ་ཚིག་བོད་སྐད་ཀྱི་ལམ་ནས་རྒྱག་པའི་གོ་སྐབས་དེ་སྤྲད་པས་ན། བོད་ཀྱི་ལོ་རྒྱུས་དང་འཚོ་བ་སོགས་ཕ་སྐད་ཀྱི་ལམ་ནས་འཛམ་གླིང་མི་དམངས་ཀྱི་རྣ་སྒོར་སྐྱེལ་བའི་འཕྲིན་ལས་རྒྱས་སུ་བཅུག་སྟེ་བོད་ཀྱི་གློག་བཪྙན་དེ་འཛམ་གླིང་གློག་བཪྙན་གྱི་ཆ་ཤས་ཤིག་ཏུ་འགྱུར་བར་རྨང་གཞིའི་མཐུན་རྐྱེན་ཚུགས་སུ་བཅུག་ཡོད་པ་རེད། །
བོད་སྐད་གློག་བཪྙན་ངོ་སྤྲོད།
དང་པོ། 《ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ》དང་《འཚོལ》
གོང་གསལ་གློག་བཪྙན་གཉིས་ནི་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་ཀྱི་ལས་ཀ་འགན་གཅིག་ལྕོག་གིས་བསྒྲུབ་པའི་གློག་བཪྙན་བརྩམས་ཆོས་གཉིས་ཡིན་ཞིང་། བོད་སྐད་ཀྱི་ལམ་ནས་ཕབ་སྐྲུན་བྱས་པའི་གློག་བཪྙན་ལ་རྒྱལ་སྤྱི་རང་བཞིན་ཅན་གྱི་བྱ་དགའ་མང་པོ་འཐོབ་པའི་གློག་བཪྙན་ཐོག་མའང་ཡིན། 《ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ》ཞེས་པ་དེ་དགོན་སྡེའི་གྲྭ་ཕྲུག་ཅིག་གི་འཚོ་བའི་ཕྱི་ཤུན་དེས་རིག་གནས་གསར་ཪྙིང་བར་གྱི་འགལ་བ་དང་སེམས་འཚུབ་མཚོན་པའི་ཡིད་འགྱུའི་གློག་བཪྙན་ཞིག་ཡིན་ལ། 《འཚོལ》གྱིས་ནི་བར་ཐག་དེ་ལས་ཅུང་གསལ་ཁ་ཕྱེ་བའི་ཕོ་མོའི་བརྩེ་དུང་ཞིག་གློག་བཪྙན་གྱི་རྒྱུད་སྐུད་དུ་བཞག་ཐོག གཏམ་རྒྱུད་ཀྱིས་གཏམ་རྒྱུད་འདྲེན་པའི་དྲན་འཆར་དེ་ལས་གློག་བཪྙན་ཕྱི་མ་དེ་དང་སྔ་མ་གཉིས་ལ་འབྲེལ་བའི་ཆ་ཞིག་ཚུགས་སུ་བཅུག་སྟེ་འཚོལ་རྟོགས་ཀློང་གི་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་གཏམ་རྒྱུད་དེས་ཀློག་མཁན་དག་ལ་སྒྱུ་འཕྲུལ་དང་དངོས་ཡོད་གཉིས་ཆ་ནས་བསམ་བློ་གཏོང་དགོས་པའི་དྲི་རྟགས་ཤིག་བཞག་ཡོད་པ་དང་། “གློག་བཪྙན་ལ་རྒོལ་བའི་གློག་བཪྙན”ཞེས་འཛམ་གླིང་གི་གློག་བཪྙན་ཞིབ་འཇུག་པ་དག་ལ་ཡིད་ཚོད་ལས་བརྒལ་བའི་གློག་བཪྙན་འཁྲབ་ཁྲིད་པ་ཁྱུ་མཆོག་ཅིག་གི་འགྲན་ཏུ་མི་གཏུབ་པའི་མཁས་མཛངས་དེ་སྟོན་ཐུབ་ཡོད་པ་རེད། །
གཉིས་པ། 《ཧི་མ་ལ་ཡའི་རྒྱལ་སྲས》
གློག་བཪྙན་འདི་ནི་རྩོམ་པ་པོ་བཀྲ་ཤིས་ཟླ་བ་དང་ལྗང་བུ་གཉིས་ཀྱིས་འཁྲབ་གཞུང་བྲིས་ཏེ་ཕབ་སྐྲུན་བྱས་པའི་བོད་སྐད་གློག་བཪྙན་ཞིག་ཡིན་ལ། གློག་བཪྙན་ཧྲིལ་བོ་སྐད་གྲགས་ཆེ་བའི་དབྱིན་ཇིའི་འཁྲབ་གཞུང་རྩོམ་པོ་ཤིག་སི་ཕེར་གྱི་འཁྲབ་གཞུང་《ཧམ་ལི་ཀྲི》དང་བོད་རྗེ་གྲི་གུམ་བཙན་པོ་སྐབས་ཀྱི་ལོ་རྒྱུས་ཤོད་རྒྱུན་གཉིས་གཅིག་ལ་གཅིག་བསྲེས་ཀྱིས་ཐུན་མོང་མ་ཡིན་པའི་སྐྱོ་གར་རང་བཞིན་ཅན་གྱི་གཏམ་རྒྱུད་ཅིག་ཏུ་གྲུབ་པའི་གློག་བཪྙན་ཞིག་ཡིན་ལ། དམངས་སྒོར་བྱེ་བ་གསུམ་ལྷག་གི་འགྲོ་གྲོན་ཕུད་པའི་ཚོང་ལས་རང་བཞིན་ཅན་གྱི་བོད་སྐད་གློག་བཪྙན་ཆེས་ཐོག་མའང་ཡིན། །
འཁྲབ་ཁྲིད་པ་ངོ་སྤྲོད།
པདྨ་ཚེ་བརྟན། 1968ལོར་མཚོ་སྔོན་ཁྲི་ཀ་ནས་སྐྱེས། སྔ་ཕྱིར་ནུབ་བྱང་མི་རིགས་སློབ་ཆེན་དང་པེ་ཅིན་གློག་བཪྙན་སློབ་གླིང་སོགས་སུ་རྩོམ་རིག་དང་གློག་བཪྙན་འཁྲབ་གཞུང་གི་ཤེས་བྱར་སྦྱང་བ་བྱས་ཏེ་སློབ་མཐར་ཕྱིན་ཅིང་། ད་ལྟ་གློག་བཪྙན་སློབ་གླིང་དེ་གར་འཁྲབ་ཁྲིད་པའི་རབ་འབྱམས་ལས་ཐོབ་ལ་བརྩོན་བཞིན་ཡོད།
ཁོང་གིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྒྲུང་གཏམ་མང་པོ་ཞིག་དུས་དེབ་སོགས་སུ་སྤེལ་བར་བྱ་དགའ་མི་ཉུང་བ་ཞིག་འཐོབ་མྱོང་ལ། 2002ལོ་ནས་བཟུང་གློག་བཪྙན་ཕབ་སྐྲུན་གྱི་བྱ་བར་ཞུགས་ཤིང་། 《ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ》དང་《འཚོལ》གཉིས་ཕབ་སྐྲུན་ལེགས་འགྲུབ་བྱུང་བ་དེས་རྒྱལ་སྤྱི་རང་བཞིན་གྱི་བྱ་དགའ་བཅུ་ལྷག་བླངས་མྱོང་ཡོད། ད་ལམ་སྒྱུ་འཕྲུལ་ལུགས་ཅན་གྱི་བོད་སྐད་གློག་བཪྙན་གསུམ་པ《རྟག་བརྟན་གྱི་ཉིན་གཅིག》ཅེས་པ་ཕབ་སྐྲུན་གྲ་སྒྲིག་གི་སྒང་ཡིན། །
༡
མུན་པའི་ཁྲོད་དུ་རྒྱུ་སྐར་གྱི་མདངས་འོད་མངོན་ཐུབ་པ་ཇི་བཞིན་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་རེ་ལ་ད་གཟོད་ཤེས་ཡོན་ཅན་གྱི་རྣམ་དཔྱོད་དང་འཇོན་ཐང་དེ་དམིགས་སུ་འབུར་ཐོན་དུ་མངོན་ཐུབ་པ་ཞིག་ཡིན་མོད། ཚད་གཞི་དེ་ཡང་ཕྱིའི་ཁོར་ཡུག་དང་ནང་གི་མཐུན་རྐྱེན་སོགས་ལྟོས་བཅས་ཀྱི་བམ་ཚད་ཅིག་ལ་མ་བཞག་པར་ཕྱི་ནང་གཉིས་ལ་ཚད་ཤིང་གཅིག་འཇོག་པ་ནི་མི་འོས་པའི་བྱ་དོན་ཞིག་སྟེ། སྐབས་འགར་ལག་ལ་མེ་མདའ་ཐོགས་བཞིན་ཕ་རོལ་མི་ཚོགས་ཀྱི་ཁྲོད་དུ་སྲོག་བསྡོས་ཀྱིས་བརྒྱུགས་ཏེ་མི་སྲོག་བགྲངས་ལས་འདས་པ་ཞིག་ཕྲོགས་པ་དེས་ཀྱང་མི་རིགས་ཀྱི་དཔའ་བོའམ་དད་གུས་བྱ་སའི་རླབས་ཆེན་པར་འགྱུར་སྲིད་ལ། ཡང་སྐབས་འགར་མཐའ་གཅིག་ཏུ་མེ་མདའ་འཛིན་མཁན་དག་ལ་དགག་རྒྱག་གི་ལག་ངར་སྒྲེང་བཞིན་ཞི་བདེ་ལ་འབོད་སྐུལ་གྱིས་རང་སྲོག་བློས་གཏོང་མཁན་དག་རླབས་ཆེན་གྱི་མི་སྣར་བརྩི་བའང་ཡོད་སྲིད་མོད། གཡས་གཡོན་གཉིས་ཀྱི་མཐའ་ལ་མི་ལྟུང་བའི་རླབས་ཆེན་པ་དངོས་མ་ཞིག་ཡོད་པ་ནི་ལག་ཏུ་སྨྱུ་གུ་ཐོགས་པའི་ཤེས་ཡོན་པའི་སྡེ་ཆེན་པོ་དེ་ཡིན་ཞེས་བརྗོད་ཆོག དེ་ལ་ཡང་མུ་བཞིའི་བརྩི་ཚུལ་ལྟར་རབ་འབྲིང་མཐའ་གསུམ་གྱི་དབྱེ་བ་དགར་དུ་ཡོད་ནའང༌། དམག་འཁྲུག་གི་འདུ་ལོང་མ་འཚུབ་ཅིང༌། གཡོ་སྒྱུའི་བརྣག་སེམས་མ་ལོབས་པའི་རང་ཅག་ཁ་བ་རི་བའི་ཡུལ་ཁམས་འདིར་སྔོན་ནས་ད་བར་དུ་མི་ཆོས་ཀུན་སྤྱོད་བཟང་པོ་དེས་དཀྲིས་ཤིང་བསྲུངས་པས་ན། ཤེས་ཡོན་ཅན་གྱི་མི་སྤྱོད་དེ་བླ་ན་མ་མཐོ་བའི་གཤིས་ཀ་ཞིག་ཏུ་ཁས་འཆེ་བ་ནི་ལེགས་བཤད་དང༌། གཏམ་རྒྱུད། གསུང་རབ་བཅས་སུ་ཤེས་རབ་ཆེ་བའི་མི་དག་གི་འཕྲིན་ལས་དེས་ད་གཟོད་མ་རུང་བ་དག་ཚར་བཅད་པའི་མཛེས་དཔྱོད་ཀྱི་བློ་ཁ་གོམས་ནས་ཡོད་པ་དེས་ཤེས་ཐུབ་ལ། ཆུང་བྱིས་པ་ནས་བྱམས་སྙིང་རྗེ་ཡི་འདུ་ཤེས་ཆུ་ལ་ཆུ་བཞག་པ་ལྟ་བུ་ཞིག་ཡིན་པས་ཀྱང་གསལ་སྟོན་ཐུབ་ཡོད་པ་རེད། འོ་ན་རང་ཅག་མི་རིགས་འདིའི་རྒྱུན་སྲོལ་དུ་མངའ་བའི་གཙོ་རྒྱུགས་ཀྱི་བསམ་བློའི་མ་ལག་དེ་ཇི་ལྟར་སྲུང་འཛིན་དང་རྒྱ་བསྐྱེད། འཕེལ་རྒྱས་བཅས་སུ་འགྲོ་དགོས་ཞེས་ན། གཙོ་བོ་རང་ཅག་གི་ཤེས་ཡོན་པའི་སྡེ་ཡི་སྤྱི་ཚོགས་ལ་བཏོན་པའི་བསམ་བློའི་ལྗིད་ཚད་དེ་ལ་རག་ལས་པས་ན་ང་ཚོས་ངེས་པར་དུ་དུས་རབས་ཀྱི་འཁོར་རྩིབ་དང་འགྲོས་མཉམ་པའི་འཐུས་སྒོ་ཚང་བའི་ཤེས་རིག་གི་མ་ལག་ཅིག་གསར་འཛུག་བྱ་རྒྱུར་འབད་པ་བྱ་དགོས་ཤིང༌། སྤྱི་ཚོགས་སྣ་སོ་སོའི་ལས་སྒོ་དག་གི་འཇོན་མི་སྔོགས་འདོན་དང་བསྲུང་སྐྱོབ་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུག་གི་ལས་ཤིག་ཏུ་སྣང་ངོ་། །
སྤྱིར་ན་མི་ཚེ་ལྟ་གྲུབ་དང་འཚོ་གནས་ཀྱི་དམིགས་ཡུལ་མ་གཅིག་པས་དབང་གིས་ཕྱེས་ཏེ་ཤེས་ཡོན་པའི་འདུ་ཤེས་འཛིན་སྟངས་ལ་གནམ་སའི་ཁྱད་པར་ཡོད་ནའང༌། ཤེས་ཡོན་ཅན་གྱི་རྐང་འཛུགས་ས་དེ་མིའི་རིགས་ཀྱི་གཉུག་གཤིས་ལ་ཕན་འདེགས་པའི་བསམ་བློ་མངའ་བ་ཅན་ཞིག་ཡིན་ན། འདི་སར་ཆེད་དུ་བདམས་གསེས་ཀྱི་ཚུལ་དུ་བོད་ཀྱི་ཤེས་ཡོན་པའི་ཟུར་ཁ་རེ་རེའི་དཔེ་མཚོན་ཙམ་དུ་སྨྱུག་ཐོག་པ་རང་གི་འཇུ་སྟོབས་དང་ཐག་ཉེ་བའི་དེང་རབས་ན་གཞོན་ཤེས་ཡོན་ཅན་དག་ལས་རང་ཅག་མི་རིགས་འདིས་ཅི་ནས་འདོར་མི་རིགས་ཤིང་ངེས་པར་བསྲུང་སྐྱོབ་བྱེད་དགོས་པའི་མི་སྣ་བཅུ་ཡི་རུས་མིང་བཀོད་དེ་དེ་དག་གིས་བོད་མིའི་སྤྱི་ཚོགས་སམ་རིག་གནས་ཐད་ལ་བཏོན་པའི་ལེགས་རྗེས་སྐོར་ངོ་སྤྲོད་ཙམ་ཞུས་ན་ནི།
༢
ཚུལ་ཁྲིམས་བློ་གྲོས།
རིན་ཐང༌། ཤེས་ཡོན་ཅན་འདི་བས་བོད་མི་རིགས་ཀྱི་གཞི་རྐང་རིག་གནས་དེ་ཕུན་སུམ་ཚོགས་པ་ཞིག་དང་གཞན་ལ་ཡོད་པ་མ་ཡིན་པ་ཞིག་ཡིན་པ་དངོས་ཡོད་དང་རིགས་ལམ་སོགས་ཕྱོགས་གང་ཐད་ནས་འབད་འབུངས་ཀྱིས་ངོ་སྤྲོད་ཅི་ཐུབ་བྱས་པས་མི་རིགས་གཞན་དང་ཡང་ན་རྒྱལ་ཁབ་ཕྱིའི་སློབ་མ་མང་པོ་ཞིག་གིས་ཀྱང་བོད་རྒྱུད་ནང་བསྟན་གཙོས་སངས་རྒྱས་ཆོས་ལུགས་ཀྱི་དགེ་མཚན་མང་པོ་ཞིག་ལ་ཡིད་སེམས་གཏད་ཅིང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་དེ་ཡང་དུས་རབས་དང་འཚམ་པའི་རིག་གནས་མ་ལག་ཅིག་ཏུ་བལྟ་རུང་བའི་བློ་ས་ཕུད་ཐུབ་ཡོད།
གནད་དོད་པོ། སྐྱེ་བ་སྔ་ཕྱིའི་ལྟ་བ་དེ་ཡང་དག་མིན་གྱི་སྐོར་ལ་ཡིག་རིགས་སྣ་ཚོགས་དང་སྒྲུབ་བྱེད་ཁུང་བཙུན་པོའི་ལུང་མང་པོ་དྲངས་ཡོད་པར།ཞིབ་འཇུག་གི་རིན་ཐང་
གསར་བའི་ཁྱད་ཆོས་ལྡན་ཡོད་པ།
པདྨ་འབུམ།
རིན་ཐང༌། ཤེས་ཡོན་ཅན་འདི་བས་བོད་ཀྱི་རིག་གནས་གསར་བའི་ཐད་ལ་བློ་འབྱེད་ཀྱི་རྩོམ་ཡིག་མང་པོ་ཞིག་སྤེལ་བ་ནས་སྐྱ་བོ་དང་སེར་མོ་བའི་རིག་གནས་སྣང་ཚུལ་གྱི་དབྱེ་བ་གསལ་བོར་ཕྱེས་ཏེ། བོད་ཀྱི་སྐད་ཡིག་གི་ལམ་ནས་བརྩམས་པའི་བརྩམས་ཆོས་མང་པོ་ཞིག་ཕྱིའི་རྒྱལ་ཁབ་མང་པོར་ངོ་སྤྲོད་ཐུབ་ཡོད་པ།
གནད་དོད་པོ། ཕྱི་སྡོད་བོད་མི་ཞིག་གི་ངོས་ནས་ཕ་ཡུལ་གྱི་རིག་གནས་སྒྱུ་རྩལ་ལ་མཐོང་ཆེན་གྱི་བསམ་བློ་མངའ་བ་དེ་ལག་ལེན་གྱིས་ར་གསལ་བོ་སྤྲོད་ཐུབ་ཡོད་པ།
འབྲོང་བུ་ཚེ་རིང་རྡོ་རྗེ།
རིན་ཐང༌། ཤེས་ཡོན་ཅན་འདི་བས་ཕུང་གསུམ་པའི་བོད་ཀྱི་གསར་རྙིང་གི་དབྱེ་བ་མེད་པའི་རིག་གནས་ཀྱི་འགག་སྒོའི་མངལ་སྒོ་གཏོར་བ་ནས། བོད་ཡུལ་དུའང་“བསམ་བློ་བ”དང་“ཆོས་ལུགས་པ”ཞེས་པའི་ཐ་སྙད་གཉིས་ཀྱི་དབྱེ་བ་དགར་ཚུལ་སྤྱི་ཁྱོན་དུ་བོད་མིའི་ཀླད་དབང་དུ་སིམ་པར་བྱས་ཡོད་པ།
གནད་དོད་པོ། ཁོའི་ལྟ་ཚུལ་ལ་སྟོན་པ་ཤཱཀྱ་ཐུབ་པ་ཞེས་པ་དེ་“སངས་རྒྱས”ཤིག་ལས་“བསམ་བློ་བ”ཞིག་ཏུ་བལྟས་པས་རིན་ཐང་ཆེ་བར་འདོད་ཡོད་ན། ཚོགས་པ་དང་མི་སྒེར་གང་རུང་ལ་ཚད་མི་འདྲ་བའི་བསམ་བློའི་ཕོག་ཐུག་བཟོས་ཡོད་པ།
བཀྲ་ཤིས་དཔལ་ལྡན།
རིན་ཐང༌། ཤེས་ཡོན་ཅན་འདི་བས་དུས་ཀྱི་གདོང་ག་བཙན་པོས་རྒྱང་རིང་ནས་ཐག་རིང་དུ་འདེད་ཀྱིན་པའི་བོད་མིའི་ཉེ་རབས་ཀྱི་འཚོ་བ་སླད་མ་གོས་པ་དེ་སྒྲུང་རྩོམ་གྱི་ལམ་ནས་བོད་ཕྱི་རབས་པ་དག་ལ་གསལ་སྟོན་ཐུབ་ཡོད་ཅིང༌། གྲོང་སྐད་རྣལ་མའི་བརྡ་ཆད་ཀྱི་སྒྲིག་རིམ་དེས་གླེག་བམ་སེར་བོའི་ཀློང་གི་ཐ་སྙད་བརྗིད་ཆེ་བ་དག་ལ་དངངས་སྐྲག་སྐྱེས་སུ་བཅུག་པས། རང་ཅག་བོད་ཁྱིམ་གྲུ་བཞི་འདི་ལའང་ཕལ་སྐད་ཀྱི་ལམ་ནས་སྒྱུ་རྩལ་མངོན་ཐུབ་ཅིང༌། དེ་ལས་འཚོ་བའི་གདོང་རིས་ངོ་མ་མཚོན་ཐུབ་པའི་ཤེས་རྒྱ་སྐྱེད་དུ་བཅུག་པ།
གནད་དོད་པོ། ཆ་ཁ་ཡ་རྡིབ་ཀྱི་བོད་ཀྱི་དེང་རབས་བརྩམས་སྒྲུང་ལ་བོད་མིའི་གཤིས་ལུགས་གྲུབ་ཏུ་བཅུག་ཐོག ཕྱིའི་རིག་གནས་ཀྱི་ཆོ་འཕྲུལ་སྟོན་པར་མི་འདོད་པའི་སྒྲུང་གཏམ་པ་ཤ་ཚ་ཅན་ཞིག་གི་གསོན་ཉམས་བསྐྲུན་ཐུབ་ཡོད་པ།
ལྗང་བུ།
རིན་ཐང༌། ཤེས་ཡོན་ཅན་འདི་བས་རིག་གནས་ཀྱི་ཁྲག་རྒྱུན་ལྟ་བུར་ཁས་འཆེ་བའི་སྙན་ངག་དེ་དུས་རབས་ཀྱི་བློ་ཁ་དང་འཚམ་པོར་འགྲེང་ཚུགས་པའི་ཆེད་དུ། མི་ཚེ་ཕྱེད་ཀ་བོད་ཀྱི་སྙན་ངག་གསར་བའི་འཚོལ་སྙེགས་ཀྱི་ལམ་ཁར་ཟད་ཚར་ཡོད་ལ། རང་གི་འཇོན་ཐང་ལས་བཏོན་པའི་བྱ་འགུལ་རབ་དང་རིམ་པ་ཞིག་གིས་བོད་ཀྱི་སྙན་ངག་གསར་བ་དེ་འཛམ་གླིང་ཅན་དང་ཡང་ན་མི་རིགས་ཅན་ཞིག་ཏུ་འབད་པས་སྙེགས་ཀྱིན་པ་དེས་ད་ལྟ་“ལྗང་བུ”ཞེས་པའི་ཐ་སྙད་དེ་བོད་ཀྱི་དེང་རབས་སྙན་ངག་གི་བརྡ་ཆད་ཁྲོད་ཚིག་རིས་ཀྱི་གོ་ས་གལ་ཆེན་པོ་ཞིག་ཏུ་བསྟན་ནས་ཡོད་པ།
གནད་དོད་པོ། བོད་ཀྱི་སྙན་ངག་གསར་བ་གླེང་ཡོང་དུས་ངེས་པར་གླེང་དགོས་པའི་སྙན་ངག་པ་རྒན་གྲས་ཤིག་དང་བོད་ཀྱི་སྙན་ངག་གསར་བ་གསར་གཏོད་བྱེད་མཁན་གྱི་མེས་པོའི་གྲལ་དུ་འཁོད་ནས་ཡོད་པ།
ཞོགས་དུང༌།
རིན་ཐང༌། ཤེས་ཡོན་ཅན་འདི་བས་བོད་མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁ་ཕུད་པའི་ཤེས་ཡོན་ཅན་མང་བོ་ཞིག་གི་མགྲིན་པ་ན་སྐག་པའི་ན་ཟུག་གི་འབོད་སྐུལ་དེ་སྔ་ཕྱི་གང་ལའང་འདང་རྒྱག་མེད་པར་ཡོད་ཚད་“དགེ་བའི”སེམས་ཚུལ་ཞིག་གིས་ཕྱིར་བསྒྲགས་པར།མི་རིགས་འདི་ལ་“རིག་རྩལ་སྐྱར་དར”གྱི་དབུ་ཚུགས་སུ་བཅུག་པ།
གནད་དོད་པོ། ཁོ་བས་“ལྷ་ཆོས”དང་“མི་ཆོས”གཉིས་སོ་སོར་དབྱེ་བ་ནས།གཅིག་གིས་གཅིག་ལ་བདག་པོ་བརྒྱབ་མི་ཆོག་པའི་བསྒྲགས་གཏམ་ཐོག་མར་སྤེལ་བ།
བདུད་ལྷ་རྒྱལ།
རིན་ཐང༌། བོད་ཕྱི་རབས་པའི་རིག་གནས་གསར་བའི་ཐད་ལ་འཚོལ་དཔྱོད་ཀྱི་བློ་མིག་རྣོ་ཞིང་སྐྱེས་ཐོབ་ཀྱི་ཤེས་རབས་དང་ལྡན་པ་ཞིག་ཡིན་པས་ན། གཞོན་པ་འགའ་ཞིག་ཤེས་ཡོན་ཅན་འདི་ལ་འཁྲེང་བཞིན་བསམ་བློ་གསར་བའི་རླབས་རྒྱུན་གྱི་ཁྲོད་དུ་དཔུང་འཇུག་བྱ་རྒྱུར་དགའ་ནས་ཡོད་ཅིང༌། རྒན་པ་འགའ་ཞིག་གིས་ཀྱང་ཁོང་ཉིད་སྲོལ་རྒྱུན་གྱི་མིག་ཤེལ་མཐུག་པོ་དེའི་སྟེང་གི་ས་རྡུལ་བསེད་བྱེད་ཀྱི་ལག་རས་ལྟ་བུ་ཞིག་ལ་ངེས་ཤེས་འདྲོངས་ཀྱིན་ཡོད་པས་བོད་ཡུལ་གྱི་རྩོམ་རིག་སོགས་རིག་ཚན་གསར་བའི་མཁས་པ་ཆེས་ཐོག་མ་བ་དག་གི་དོད་ལ་ཀུན་པོས་བློ་ཁ་མཐུན་ནས་ཡོད་པ་ཅན་ཞིག
གནད་དོད་པོ། བོད་ཀྱི་རིག་གནས་གསར་བའི་འབྱུང་འགྱུར་ལ་གཞུང་ལུགས་ཀྱི་ཁ་གསལ་རང་བཞིན་བཏོད་པའི་ཤེས་ཡོན་ཅན་རྟུལ་ཕོད་པའི་རིགས་སུ་བགྲངས་རུང་བ།
པདྨ་ཚེ་བརྟན།
རིན་ཐང༌། ཤེས་ཡོན་ཅན་འདི་བས་རྗེས་ལུས་ཐེབས་པའི་མི་རིགས་སྐད་ཡིག་ཅིག་གི་ལས་དབང་དེ་ཐོག་དང་པོར་རྒྱལ་ཁུང་བརྒལ་ཆོག་པའི་མདུན་སྒོ་ཡངས་པོར་ཕྱེས་པ་ནས་ཤེས་ཡོན་ཅན་གྱི་ལས་ཀ་དེ་སྨྱུ་གུ་བཟུང་སྟེ་བློ་རིག་ཕབ་བཤུ་བྱེད་པ་ཁོ་ན་ཞིག་མ་ཡིན་པའི་གནས་ལུགས་རྟོགས་སུ་བཅུག་པ།
གནད་དོད་པོ། བོད་མིའི་སྒྱུ་རྩལ་གྱི་མངའ་ཐང་དེ་ལྐོག་གྱུར་ཅན་ནས་རྣམ་པ་ཅན་དུ་འཕོས་སུ་བཅུག་པ།
སྐྱབས་ཆེན་བདེ་གྲོལ།
རིན་ཐང༌། ལོ་ན་གཞོན་པའི་ཤེས་རབ་ཀྱི་རྩལ་ཤུགས་དེས་དུས་རབས་རིམ་བྱུང་གི་རིག་པའི་དཔའ་པོ་རྣམ་གྱི་འཚོ་བཞུགས་དུས་ཀྱི་སྣང་བརྙན་དེའི་མ་དཔེ་གསོན་པོ་ཞིག་སྟོན་ཐུབ་ཡོད་ཅིང༌། རིག་གནས་གསར་བའི་ཕྱོགས་ཀུན་ལ་འདྲིས་ཆ་ཆེ་བ་དེས་གཞོན་ནུའི་འགོག་ཐབས་བྲལ་བའི་འཕྱུར་ཤུགས་ཤིག་དང་སྙིང་སྟོབས་ཤིག་བཏེགས་ནས་ཡོད་པས། མི་རབས་ཤིག་གི་ཚབ་མཚོན་གྱི་འཇོན་ནུས་དེ་མངོན་ཐུབ་ཡོད་པ།
གནད་དོད་པོ། ན་ཆུང་གཞོན་ནུ་ཞིག་གི་ངོས་ཐད་ནས་ཤེས་ཡོན་ཅན་(རྩོམ་རིག)རྒན་པ་དག་ལ་ཕྲག་དོག་སྐྱེས་སུ་བཅུག་མྱོང་མཁན་གྱི་གཞོན་ནུ་ཤེས་རབ་ཅན་ཐོག་མའི་གྲས་ཡིན་པ།
མེ་ལྕེ།
རིན་ཐང༌། དངོས་ཡོད་འཚོ་བའི་རྒྱུ་འབྲས་ཀྱི་བློ་མིག་ཁོ་ནས་ཤེས་རབ་ཀྱི་ཚད་འཇལ་བ་ནས། གཞོན་ནུས་སེམས་ཤུགས་ཀྱིས་སྦར་བའི་འགན་འཁྲིའི་བླ་གནས་དེས་མི་རིགས་ཤིག་གི་སེམས་པ་ཚེ་སྲོག་གིས་སྲུང་བས་ན། འབར་ལ་ཉེ་བའི་གཞོན་ནུ་མང་པོ་ཞིག་གི་བློ་ཁ་མེ་ཡིས་གསོས་ཤིང༌། བོད་ཕྱི་རབས་པའི་ལོ་ཆུང་བསམ་བློ་བ་དག་གི་དེད་དཔོན་གྱི་ཚུལ་དུ་འགྲེང་ཚུགས་ཐུབ་མཁན་ཞིག
གནད་དོད་པོ། བོད་མིའི་སྐྱིད་སྡུག་གི་གནས་བབ་ལ་འདང་རྒྱག་མཁན་གྱི་སྲིད་དོན་དཔྱད་བརྗོད་པ་ཐོག་མའི་གྲས་ཡིན་པ།
༣
མི་རིགས་གཞན་ལ་ཤེས་ཡོན་ཅན་སྲུང་སྐྱོབ་བྱེད་པའི་ལམ་ལུགས་སོགས་སྔ་ས་ནས་ལྡན་ནའང༌། རང་ཅག་བོད་ལ་ནི་དེའི་སྐོར་ལ་བསམ་ཚུལ་འདོན་མཁན་ཞིག་ཀྱང་བྱུང་མེད་པ་འདིས་ང་ཚོ་ལ་བློ་བྲེལ་གྱི་སྣང་བ་ཞིག་རྒྱས་སྲིད་པ་དེ་དང༌། ད་ལམ་བོད་ཀྱི་རིག་གནས་སྐོར་ལ་སེམས་ཤུགས་འབུལ་མཁན་གྱི་ན་གཞོན་ཤེས་ཡོན་ཅན་མང་པོ་ཞིག་བྱུང་དང་འབྱུང་གིན་ཡོད་ནའང༌། ཁྲི་སྟེགས་སྲུང་མཁན་གྱི་མཁས་པ་རྒན་པ་འགའ་ཞིག་གིས་ཤེས་ཡོན་ཅན་དེ་དག་གི་འཇོན་ནུས་རིག་ཀྱང་མ་རིག་ཁུལ་བྱེད་ལ། ཐ་ན་ཚོགས་པ་དང་ཤོག་ཁག་གི་མིང་ནས་བཟུང་སྟེ་བསམ་དོན་ཡིད་ལ་རྣག་བཞིན་སྤྱི་ཚོགས་ཁྱོན་ཡོངས་ལ་དཀྲོག་གཏམ་བཟོ་བ་འདི་དག་གིས་རེ་བའི་མེ་སོན་དེ་གསོད་རྒྱུར་ཉེ་བ་དེ་དག་གི་གནས་བབ་སྐྱོ་བོ་འདི་ལ་གདོང་གཅོག་ཁུལ་གྱིས་གོང་གི་འོས་སྦྱོར་རྩོམ་ཡིག་འདི་འདྲ་ཞིག་བྲིས་པ་ཡིན་མོད། འདི་ཡང་གཅིག་ནས་རང་གི་འདོད་མོས་གཙིགས་སུ་བཟུང་སྟེ་རང་ལ་ཆ་རྒྱུས་ཅུང་ཟད་ལྡན་པ་དག་དམིགས་སུ་བཟུང་བས་ན་ཐག་གཅོད་ཀྱི་རིན་ཐང་ཆེར་མེད་ལ། རང་གི་དགའ་ཁ་འཁྱེར་སོ་དེས་དབང་གིས་ཕྱེས་ཏེ་རྩོམ་རིག་སྒྱུ་རྩལ་དང་འབྲེལ་བའི་མི་སྣས་ཁྱབ་ཆེ་ས་བཟུང་ཡོད་པ་ཀློག་པོ་དག་ལ་ཆེད་དུ་གསལ་བཤད་བྱས་པ་ཡིན་ལ། གྲངས་ཚད་བཅུའི་ཚད་བཟུང་བ་ནི་སྐབས་བསྟུན་གྱིས་ཉོག་ཟིང་མི་ཡོང་བའི་ཆེད་དང་དཔེ་མཚོན་གྱི་རང་བཞིན་ལྡན་པར་འབད་བརྩོན་བྱས་པ་ཞིག་ཡིན་ནའང༌། དབུས་གཙང་གི་ཤེས་ཡོན་པའི་སྡེ་ལ་ཆ་རྒྱུས་དེ་ཙམ་མེད་པས་འོལ་ཚོད་བྱེད་པའི་སྙིང་སྟོབས་ཀྱིས་མ་འདང་ལ། བོད་ཕྱི་སྡོད་པ་མཁར་རྨེའུ་བསམ་གཏན་ལྟ་བུ་དག་ལ་དཔྱོད་པའི་རྩལ་གྱིས་མ་ལོངས་པ། དེ་བཞིན་སྒྱུ་རྩལ་པ་སྨན་བླ་སྐྱབས་དང་ལྷ་རིས་པ་བསྟན་པ་རབ་བརྟན་སོགས་ཀྱི་མིང་ཡིག་འགོད་མ་ཐུབ་པར་སྨྱུག་ཐོག་པ་རང་ཉིད་ཀྱང་ཞེ་ཕངས་ནས་ཡོད་ནའང༌། དྲང་བདེན་གྱི་ཡིད་གཤིས་དམར་དམར་དུ་བརྗོད་ཡོད་པ་འདིས་ཀྱང་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་དྲན་སྐུལ་གྱི་མཁར་རྔ་ཞིག་བརྡུང་ཐུབ་པའི་སྐྱབས་འཇུག་ཞུ་གིན་ཡིན། །
2009ལོའི་ཟླ་12པའི་ཚེས་7ཉིན།
རླབས་བཞིན་འཕྱུར་ཏེ་རླུང་བཞིན་འཇགས་འགྲོ་བའི་བོད་ཀྱི་དྲ་བའི་རིག་གནས་འདི་ད་ལྟ་ལ་ཐུག་གི་བར་དུ་ཅི་ལྟ་བུ་ཞིག་གི་ངོ་བོ་རུ་གྲུབ་ཀྱིན་པ་དྲ་བར་འཇུག་མཁན་གྱི་དཔྱོད་ལྡན་པ་ཞིག་ཡིན་ན་ཧ་གོ་ཡོང་གི་རེད་མོད། ཀློག་མཁན་མང་ས་སྒེར་གཉེར་དང་སྤེལ་གྲངས་མང་ས་གཞུང་སྒྲུབ་ཡིན་པའི་ཁ་དབུགས་དགོད་བྲོ་བ་ཞིག་གིས་མུ་ནས་མུར་བོད་ཀྱི་དྲ་ཚིགས་འཕེལ་རྒྱས་ལ་འགྲམ་ལྕག་གཞུ་གིན་ཡོད་ལ། རང་རེའི་དྲ་བའི་རྩོམ་པ་པོ་དག་གིས་ཀྱང་སྲོལ་རྒྱུན་གྱི་འབད་ཐབས་དེ་མཆོག་ཏུ་བརྩི་ཡི་རྣམ་ཀུན་རྡེག་གྲངས་ཀྱི་སྟོང་བའི་ཡོང་འབབ་ལ་ཁ་སེམས་ཤོར་བ་འདིས་ཀྱང་། གཅིག་ཏུ་ནས་རང་རེ་དྲ་ཐོག་རྩོམ་པ་པོ་དག་ནི་༼ཅི་ཡང་མི་འཇོན༽ལ་༼གང་ཡང་མི་བསྒྲུབ་པའི༽སྐྱ་སྟོང་བའི་ལུགས་ཅན་ཤ་སྟག་ཏུ་བསྟན་ནས་ཡོད་ནའང་། སྒེར་གྱི་གོ་མིང་ལ་སྒམ་ཚིགས་མི་འཛིན་མཁན་གྱི་སྙན་ངག་པ་དང་སྒྱུ་རྩལ་པ་རེ་གཉིས་ཀྱིས་རང་གི་རྣ་རྒྱབ་ཀྱི་༼ཁ་ཏ༽མང་པོ་རྐང་འོག་ཏུ་བརྫི་ཀིན་ཡང་དང་བསྐྱར་དུ་དྲ་ཚིགས་ལ་ལམ་སློང་མཛད་པ་འདིས་ད་གཟོད་དྲ་བའི་རིག་གནས་དེ་སྤྱི་ཚོགས་ཅན་དང་ཤེས་ཡོན་ཅན་དུ་བཞག་དང་བརྩོན་གྱིན་ཡོད་པས་ན་འདི་སར་ཆེད་དུ་མི་སྒེར་གྱི་ངོས་ནས་སྐུ་ཞབས་འབར་རྡེའུ་དང་གཅན་མེ་སྟག་གཙོས་འཇོན་བདེ་བའི་མི་སྣ་མིང་གྲགས་ཅན་སྐོར་ཅིག་ལ་བཀའ་དྲིན་ཞུ་རྒྱུ་ཡིན་ལ། ཁྱེད་ཅག་གི་འགུག་ཤུགས་དེས་ད་ལྟ་དྲ་སྟེང་དུ་མ་གཏོགས་མཐོང་ཆོས་སུ་མངོན་དཀའ་བའི༼མི་སྣ་གྲགས་ཅན༽ཡང་མང་པོ་ཞིག་བསྐྱངས་ནས་ཡོད་པས་སོ། །
སྤྱིར་ན་རིག་གནས་ཀྱི་ཁོར་ཡུག་གང་ཞིག་ཡིན་པས་ཀྱང་དེ་ལ་སྒྲིག་འཛུགས་དང་འགན་འཁུར། བརྩོན་སེམས་སོགས་དགོས་ངོས་སུ་སྣང་ནའང་། རང་རེ་བ་དག་ནི་དེ་དོན་ལྡོག་ཕྱོགས་སུ་གོ་མཁན་འབའ་ཞིག་སྟེ་ཟད་ལ་འགྱུར་དུས་༼ཧེ༽འདེབས་བཞིན་དངུལ་ལོར་སྟོབས་ཀྱིས་སློང་ཐུབ་མཁན་གྱི་གྲུང་བོ་དག་དང་། རྒྱུ་ནོར་གྱི་ཁ་ངོ་ཙམ་རེག་རྗེས་སུ་ཡོད་ཚད་རྒྱལ་ཁབ་ལམ་ཆབ་སྲིད་ཀྱི་དབང་བཙན་ཁོ་ནར་ཁ་གཡོར་བཞིན་ཟ་ཁང་རྒྱས་འཛོམས་དག་ལ་ངལ་གསོ་རུ་འགྲོ་མཁན་འབའ་ཞིག་ཏུ་ཚར་ནས་ཡོད་པ་རེད། གོང་གསལ་གནས་ཚུལ་འདི་ལྟ་བུ་དག་གི་ངོས་ནས་བལྟས་ན་མཆོད་མེ་དྲ་བ་དང་སེང་རྡོར་དྲ་བ་ལྟ་བུ་བོད་ཀྱི་སྐད་ཡིག་དྲ་ཚིགས་དང་བོད་ཡིག་ཟིན་བྲིས་སོགས་ལས་བོད་མི་རིགས་ལ་ངོ་བསྟན་ཆོག་ཆོག་གི་གཙོ་སྐྱོང་བ་དང་རིག་གནས་ཁོར་ཡུག་ཅིག་ཏུ་གྲུབ་ཡོད་པ་བོད་མི་ཞིག་ཡིན་པས་སེམས་ལ་ལོས་གསལ། དེ་བས་ཆེ་བ་དྲ་ཚིགས་ཡན་ཆད་དང་ཆུང་བ་མི་སྒེར་གྱི་ཟིན་བྲིས་མན་ཆད་ནས་བཟུང་སྟེ་རང་རེ་བ་དག་གིས་རང་རིགས་ལ་མི་གྲངས་ཧ་ཅང་ཉུང་བ་འདི་གལ་གནད་དུ་གོ་བཞིན་རང་མི་རང་གིས་གཅེས་ཤིང་རང་མི་རང་གིས་འདེགས་པའི་ཁ་དབུགས་ཤིག་གྲུབ་ཐུབ་པ་ཡིན་ན། གཞན་ཞིག་གིས་རང་རེ་བ་དག་ངོ་ཤེས་སླ་ལ། དེ་བཞིན་རང་རེ་བ་དག་ལ་བརྩི་བཀུར་གྱི་བསམ་པའང་སྟོན་པའི་ཐབས་སུ་གོ་ནུས་པར་སེམས། དེ་བས་བདག་གིས་སྐུ་ཞབས་སེང་རྡོར་ལགས་ཀྱིས་མཁོ་སྤྲོད་བྱས་པའི་ཟིན་བྲིས་འདིའི་ནང་དུ་ཆེད་དུ་བོད་ཀྱི་ཤེས་ཡོན་པའི་མི་གཤིས་དང་འཚོ་བ། བརྩམས་ཆོས་ཀྱི་གོ་སྦྱོར་སོགས་གཙོ་བོར་འགོད་རྒྱུ་ཡིན་པས། དེ་དོན་ཀློག་པ་པོ་དག་ལ་ཆེད་དུ་གླེང་གཞིའི་ཆས་སུ་གོ་བ་སྦྲན་པ་ཡིན་ནོ། །
༢༠༡༠ལོའི་ཟླ་༧པའི་ཚེས་༩ཉིན་གྱི་ཕྱི་དྲོར།