ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> ཟིན་བྲིས་རྐང་འཛིན་པའི་སྡེ།

 སྐྱབས་ཆེན་བདེ་གྲོལ་།

 

གླུ་སྐད་སྐྱ་བོ། 

 

གྲྭ་ཤག་གི་སྒེའུ་ཁུང་གསར་བ་སྟེ། རང་མོས་སྙན་ངག  

  ཀུན་གྱིས་རི་མཐོ་ས་གཙང་མི་རྣམས་གཞུང་དྲང་ཞིང་དགེ་བའི་ལས་ལ་འཇུག་པའི་དག་ཞིང་ཞིག་ཏུ་བརྩི་བའི་གངས་ཅན་བསིལ་མོའི་ལྗོངས་དེ་དུས་ཀྱི་འགྱུར་ལྡོག་ཆེན་པོའི་ཁ་གཏད་དུ་ཐེངས་གཅིག་ལངས་མ་ཐག་སྔར་གྱི་བག་ཕེབས་ཤིང་ལྷུན་ཆགས་པའི་རྣམ་པ་དེ་གཞན་ཞིག་ཏུ་བརྗེ་མགོ་བརྩམས་ཤིང་དེ་དང་ཆབས་ཅིག་རི་ཚོགས་ཕ་རོལ་ཀྱི་གནས་ཇི་སྙེད་ཅིག་གི་ཕྱོགས་སུ་ལག་པ་ཕར་བསྲིངས་ནས་འབྲེལ་འདྲིས་བྱེད་པའི་རྒྱུན་ཡང་མཚམས་མ་ཆད།       དེའང་ལོ་རྒྱུས་ཀྱི་རྟ་ཕོ་དེ་དུས་རབས་ཉེར་གཅིག་པའི་ཕྱོགས་སུ་དཀྱུས་ནས་ལོ་ཡི་ཉག་མ་ཁ་ཤས་འདས་མ་ཐག་པའི་དེང་གི་དུས་འདིར་བོད་མིས་འཛད་སྤྱོད་པ་ཁོ་ནའི་བརྟུལ་ཞུགས་སྐྱོང་བཞིན་རང་གི་འཚོ་བའི་དགོས་མཁོའི་ཆེད་དུ་ཚན་རྩལ་གྱི་ཐོན་རྫས་སྣ་ཚོགས་ཤིག་འཛམ་གླིང་གི་ཡུལ་གྲུ་གཞན་པའི་སྐྱེ་བོ་སྤྱི་དང་འདྲ་བར་ལོངས་སུ་སྤྱོད་བཞིན་པ་དང༌། དེས་བོད་མི་ཚོའི་འཚོ་བའི་ཁྲོད་དུ་སྔར་ཡོད་མ་མྱོང་བའི་ཀི་ཀི་ཟིང་ཟིང་གི་རྣམ་པ་ཞིག་ཆགས་སུ་བཅུག་ཡོད་པ་རེད།ལྷག་པར་ཏུ་བོད་མི་ཚོས་ཕྱི་རོལ་ཡུལ་གྱི་གསར་བྱུང་གི་རིག་པ་སྣ་ཚོགས་ཀྱང་རང་གི་བསམ་བློའི་འཇུ་སྟོབས་དང་བསྟུན་པའི་ངང་དང་ལེན་བྱེད་མགོ་བརྩམས་ཤིང་དེ་ལའང་མར་ལེ་མའོ་གསུམ་གྱི་གསར་བརྗེའི་སྙིང་སྟོབས་མཚོན་པའི་གསུང་རྩོམ་ནས་ཆུ་ངོགས་གཏམ་རྒྱུད་ཀྱི་ཡལ་བ་མེད་པའི་དཔའ་བོའི་སྣང་བརྙན་གསོན་པོ་དག་གི་བར་དུ་སེམས་ཀྱི་ཚོར་བ་མཐའ་དག་མིག་ཆུ་དང་གདུང་བ།སྤྲོ་སྣང༌།སྟོང་བསམ་སོགས་ཀྱི་ངོ་བོར་བསྟིམས་ཚར་བ་རེད།དེ་བཞིན་དུ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་ན་ཆུང་གསར་སློབ་པ་ཁ་ཤས་ཤེས་བརྩོན་གྱི་གཤོག་པ་ཟུང་ལ་བརྟེན་ནས་སྤྱི་ཚོགས་གསར་བའི་མཁའ་དབྱིངས་གཅོད་མཁན་གྱི་རིག་པ་སྨྲ་བ་དག་ཏུ་གྱུར་ལ་ཁོ་ཚོས་སྔོན་ཆད་ཀྱི་གཞུང་ཚིག་དེ་དག་བསྐྱར་ཟློས་བྱེད་རྒྱུ་ཁོ་ནས་དུས་འདའ་བ་ནི་རང་གི་འཚོ་གནས་ཀྱི་ཁོར་ཡུག་དང་མི་འཚམ་པ་གསལ་བོར་ངོས་ཟིན་ནས་མ་འོངས་པའི་ཕྱོགས་སུ་མཐུན་སྒྲིལ་གྱིས་སྐྱོད་པའི་བསྒྲགས་གཏམ་གསར་བ་ཞིག་སྤེལ་བ་རེད། བརྩམས་སྒྲུང་དང་སྙན་ངག་གི་འབྲི་ཐབས་གསར་བ་ནི་ཁོ་ཚོས་གཞན་ནས་ནང་འདྲེན་ བྱས་པའི་རིག་པ་དང་བོ་ཡིན་ལ་དེ་ཡིས་ཡུན་རིང་སྤྱི་འགྲོས་ཅན་དུ་ལུས་པའི་དབྱངས་གསལ་སོ་ བཞིར་ལང་ཚོའི་མཛེས་པ་འཛིན་བྱེད་ལྟ་བུའི་ཚེ་སྲོག་གསར་བ་ཞིག་བཞེངས་སྐྲུན་བྱས་པ་རེད། ཕྱི་མ་སྙན་ངག་གི་འབྲི་ཐབས་གསར་བ་སྟེ་རང་མོས་སྙན་ངག་ཏུ་འབོད་པ་དེ་བོད་ཀྱི་གཞོན་ནུ་ཚོའི་རང་གི་འདོད་བློ་དང༌། ལྟ་ཚུལ། བརྩེ་དུངས། ཕམ་ཉེས། ཕུགས་བསམ་སོགས་མཚོན་བྱེད་ཀྱི་ལག་ཆ་དང་བོར་གྱུར་ཞིང་དེ་ཡིས་རྒན་པོ་ཚོའི་རྣ་བར་དོན་མེད་ཀྱི་ཀུ་ཅོ་དང་ན་མཉམ་ཚོའི་རྣ་བར་དྲི་ཟའི་རོལ་དབྱངས་ཀྱི་ཚུལ་གྱིས་གསར་བ་གསར་རྐྱང་གི་རྣམ་པ་ཁོ་ན་སྙེག་གིན་ཡོད་པ་རེད། ལྷག་པར་དུལོ་རབས་དགུ་བཅུ་བ་ནས་བཟུང་དམར་སེར་ངུར་སྨྲིག་འཛིན་པའི་གྲྭ་གཞོན་མང་དག་ཅིག་ཀྱང་གཞོན་ནུ་རྩོམ་པ་པོ་དེ་ཚོའི་དཔུང་གྲལ་དུ་ཞུགས་ནས་སེམས་ཀྱི་ཞིང་ཁམས་གསར་བ་ཞིག་གི་ཕྱོགས་སུ་གོམ་སྟབས་སྒྱུར་བ་བཞིན་རང་མོས་སྙན་ངག་འབྲི་མཁན་དུ་གྱུར་ལ་ཁོ་ཚོའི་སྙན་ངག་གི་བརྗོད་བྱའང་སྔར་གྱི་ཐར་བའི་གོ་འཕང་དང་ལྷ་ཚོགས་ཀྱི་ཞིང་བཀོད་ནས་མི་ཡུལ་གྱི་སྐྱིད་སྡུག་དང་མངོན་སུམ་གྱི་འཚོ་བར་བརྗེ་སྤོར་བྱུང་ཟིན། གལ་ཏེ་ཁྱོད་རང་ཆོས་དུང་གི་སྒྲ་དབྱངས་སྙན་མོ་ཞིག་དང་འགྲོགས་ནས་ནང་དུ་འཚོ་བའི་ཉེར་སྤྱད་སྟབས་བདེ་བ་དག་ལས་གཞན་ཆོས་དཔེ་ཁོ་ན་མ་གཏོགས་མེད་པའི་གྲྭ་ཤག་ཅིག་ཏུ་སླེབ་ཚེ་ཁྱོད་ཀྱིས་འཇིག་རྟེན་འདིའི་གྲུ་ཟུར་རེ་རེ་ནས་མཚམས་མི་ཆད་པར་འབྱུང་བཞིན་པའི་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་དེ་དག་དང༌།སྐྱེ་འགྲོའི་སྲོག་ལ་འཚེ་བའི་རང་བྱུང་གི་གནོད་ འཚེ་དེ་དག སུས་ཀྱང་ཐག་གཅོད་ཐབས་བྲལ་བའི་རྙོག་ཟིང་གི་རྩོད་གཞི་དེ་དག་རྨང་ནས་ བརྗེད་པར་ངེས་ཏེ་དེའང་ཁོ་ཚོའི་ཟོལ་བག་བྲལ་བའི་གདོང་གི་འཛུམ་མདངས་ནི་དགེ་བའི་ལས་ལ་བརྟེན་ནས་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་ཐབས་ཀྱི་ཐབས་དེ་རྒྱུད་ལ་ཞུགས་པའི་མཚོན་ རྟགས་ཡིན་ཞིང་དེ་གཅིག་བུས་ཁོ་ཚོས་གཞན་ལས་ལོགས་སུ་གར་བའི་རིག་པ་འཚོལ་ཚུལ་ཞིག་རྙེད་ནས་དུས་ཡུན་རིང་བོ་འགོར་སོང་བ་ཤེས་ཐུབ་ལ།ཡང་ན་རིག་པ་འཚོལ་ཚུལ་དེ་ནི་མིའི་རིགས་ལ་གདོད་མ་ནས་ཡོད་པའི་བག་ཕེབས་པའི་འཚོ་བ་རོལ་སྟངས་ཤིག་ཀྱང་ལོས་ཡིན་སྙམ་པའི་ཚོར་བ་ཞིག་ཀྱང་སྟེར་ཐུབ་བོ།། དེའི་ཕྱིར་འཁོར་བའི་ཕུན་ཚོགས་ལ་ཡིད་སུན་ནས་སེམས་ཀྱི་འཇིག་རྟེན་ཁོ་ན་གཉེར་འདོད་པ་རྣམས་ལ་མཚོན་ན་གནས་དེ་ནི་ལྷུན་གྱིས་གྲུབ་པའི་ངེས་དོན་གྱི་ཕ་ཡུལ་ཡིན་པ་སུ་ཞིག་གིས་བསྙོན་ནུས།  འོན་ཀྱང་དུས་རབས་གསར་བའི་བསམ་པ་དང་དངོས་པོ་གང་རུང་གི་ཐོན་རྫས་དེ་རྣམས་ཀྱིས་སྒོམ་ཆེན་པ་དག་གི་སྣང་ངོར་མངོན་པའི་ཉམས་ལེན་པ་དེ་ཚོ་དང་འདྲ་བར་གྲྭ་ཤག་གི་ཕྱོགས་ཀུན་བསྐོར་ནས་ཡོང་བའི་སྐབས་སུ་ཁོ་ཚོས་ཀྱང་མཐའ་གཅིག་ཏུ་དེ་ཕྱིར་འབུད་མི་གཏོང་བར་རིམ་བཞིན་རང་གི་འཚོ་བའི་གྲུབ་ཆ་ཞིག་ཏུ་བརྩི་མགོ་བརྩམས་པ་རེད། དེ་བས་ཁོ་ཚོར་མཚོན་ན་གློག་འཕྲིན་དྲ་རྒྱ་ལས་དམ་པའི་ཆོས་ཀྱི་སྐོར་བགྲོ་གླེང་གནང་བ་དང༌། ལག་ཁྱེར་ཁ་པར་ལས་རིགས་པ་རྩལ་དུ་སྤྲུགས་ཏེ་སྲིད་ཞིའི་གནས་ལུགས་རྩོད་པ་སོགས་ནི་ཡ་མཚན་རྒྱུ་ཅི་ཡང་མེད་པའི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་བ་དང་དེ་བཞིན་དུ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་དང༌། ཧོ་ལེ་བོའི་སྒྲའི་དར་ཁྱབ་ཆེ་བའི་གློག་བརྙན།ས་སྒང་རིལ་མོའི་སྟེང་དུ་མཚམས་མེད་པར་འབྱུང་བཞིན་པའི་དཔལ་འབྱོར་དང་དམག་དོན་སྐོར་གྱི་གསར་འགྱུར་སོགས་ཀྱང་ཁོ་ཚོའི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་བ་རེད།དེ་དང་ཆབས་ཅིག་ཁོ་ཚོས་རང་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་འཚོལ་བ་དང་རྗེས་ལུས་ཀྱི་རྣམ་པ་སྒྱུར་འདོད་ལྟ་བུའི་བསམ་འཆར་དང་གྲོས་གཞི། ཐབས་ལམ་སོགས་ཇི་སྙེད་པ་ཞིག་བཏོན་ཞིང་དེ་དག་ཕྱིར་ཀུན་གྱི་མིག་སྔར་འགྲེམ་ཕྱིར་མ་དངུལ་སྒེར་ནས་བསྡུས་པའི་དུས་དེབ་དང་ཚགས་པར་འབོར་ཆེན་ཞིག་ཀྱང་དཔར་སྐྲུན་བྱེད་མགོ་ཚུགས་བྱུང༌།   ཁོ་ཚོས་དུས་དེབ་དང་ཚགས་པར་དེ་དག་གཉེར་བ་ལ་ཆོས་སྒྲུབ་པ་ལས་ལྡོག་པའི་དམིགས་ཡུལ་གཞན་ཞིག་ཡོད་སྲིད་ལ་ཏག་ཏག་དམིགས་ཡུལ་དེ་ནི་སྔོན་གྱི་ཚེ་ན་ལོ་རྒྱུས་ཀྱི་སྒྲིབ་གཡོགས་མཐུག་པོས་བསྒྲིབས་ཀྱང་ད་ལྟའི་ཚེ་ན་ཕྱིར་ལྷང་ངེར་མངོན་པའི་ཁོ་ཚོའི་ནང་སེམས་ཀྱི་མི་གཤིས་ངོ་མ་དེ་ཡིན་དུའང་སྲིད་དོ།།ཐེངས་འདིའི་བརྗོད་གཞིར་གྱུར་བའི་རང་མོས་སྙན་ངག་དང་ཁོ་ཚོའི་བར་གྱི་འབྲེལ་བ་ནི་དུས་རབས་ཀྱི་འགྱུར་ལྡོག་དེ་དག་གིས་ཡོངས་སུ་གསལ་བཤད་བྱེད་ཐུབ་པ་ཡིན་མིན་ཆ་མ་འཚལ་ཀྱང་ཁོ་ཚོས་སྨྱུ་གུ་ཤོག་ངོར་བཙུགས་ནས་རྐང་བ་དོ་མཉམ་པའི་རྩོམ་ཐུང་རེ་ཤར་མར་འཁྱུག་པ་དེས་རེ་བ་བཅོལ་སའི་འཇིག་རྟེན་གཞན་ཞིག་བློས་བསླངས་བྱེད་ཀྱིན་འདུག  འཇིག་རྟེན་དེ་ནི་ལྷ་ཚོགས་དང་བླ་མར་ཕུལ་བའི་བསྟོད་པའི་མེ་ཏོག་མ་ཡིན་ལ་རིག་འཛིན་གྱི་གྲུབ་པ་བརྙེས་པའི་རྡོ་རྗེའི་མགུར་གླུའང་མ་ཡིན་ཏེ་ཁོ་ཚོས་སྙན་ངག་གི་ཁ་གཏད་ཡུལ་ནི་གྲྭ་ཤག་ཕ་རོལ་གྱི་ཟང་ཟིང་གི་འཚོ་བ་ཡིན་པས་སོ།།འཇིག་རྟེན་དེ་རུ“པུས་བཙུགས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར། གཏམ་རྒྱུད་ཙམ་བསྒྲིགས་ཏེ་རང་ཉིད་ངོ་མ་བཙལ། ང་ཨང༌། སྒོ་ཐེམ་ལས་འབུད་འདོད་ཀྱང་འབུད་མ་ ཐུབ”①པའི་མྱོང་བ་ངོ་མ་འདུག་ལ“སྐྱོ་བ་སེལ་ཕྱིར་ཁོ་ལུ་ཧུབ་གང་འཐུང་”②བའི་བསྟན་བཤིག་ཚ་བོ་འང་འདུག  ད་དུང་“ལྷ་དབང་མི་ཡུལ་ལ་ཕེབས་པའི་དུས་སྟོན་གྱི་ཉིན་དེར། རྣ་བ་བླག་ཚེ་མཐའ་བྲལ་བདུད་རྩིའི་མངར་ཁ་ཞིག་རྙེད་སྲིད”③པའི་ཡིད་ཆེས་བརྟན་པོ་མཆིས་ལ་“བདེ་སྡུག་གི་ལྕི་ཡང་འཇལ་བའི་འཁོར་བ། ཅི་འདྲའི་ངུ་བྲོ་ལ་དགོད་བྲོ་བ་ཞིག རྫི་གླུ་དང་མཚན་མོའི་སྐར་ རྒྱན་རེ་རེ། ཅི་འདྲའི་བློས་མི་ཐོངས་པའི་གདམ་ཀ་ཞིག”④ཡིན་པའི་མནོ་བསམ་ཟབ་མོའང་ཡོད་པ་རེད། བདག་གིས་ནི་འཇིག་རྟེན་དེ་རང་རེའི་རྒྱུད་ལ་གོམས་ཤིང་འདྲིས་པའི་སྲོལ་རྒྱུན་གྱི་ལྟ་བ་ དང་མཐུན་ཐབས་ཡོད་མེད་དང་དེས་རང་རེའི་རྩོམ་རིག་གི་འཕེལ་རྒྱས་ལ་ཕན་གནོད་ཅི་འདྲ་སྐྱེལ་མིན་སོགས་རེ་ཞིག་ཕར་བཞག་ནས་གྲྭ་གཞོན་དེ་དག་གི་སྙིང་གི་འཕར་ལྡིང་ནི་ཤ་དར་ཁྲག་དར་གྱི་མི་གསོན་པོའི་དུངས་ཞེན་ངོ་མ་དང་བརྩེ་བ་རྣལ་མ་ཡིན་པ་རྒྱུ་མཚན་དུ་བྱས་ནས་དེ་ཉིད་གངས་ ལྗོངས་སྙན་ངག་གི་སྐྱེད་ཚལ་ཡངས་པོ་མཛེས་པར་བརྒྱན་པའི་མེ་ཏོག་ཁྱད་པར་ཞིག་ཏུ་ངོས་བཟུང་བ་ཡིན། མེ་ཏོག་དེའི་དྲི་བསུང་གིས་རང་རེའི་ཁོར་ཡུག་གི་མི་ཚོའི་སྣང་ངོར་ཚོར་བ་ཅི་འདྲ་ཞིག་སྟེར་གྱིན་ཡོད་པར་རྒྱུས་ལེན་ཕྱིར་བདག་གིས་ཐབས་སྣ་ཚོགས་བརྒྱུད་ནས་གཤམ་གྱི་བཅར་འདྲི་ དག་ཡི་གེར་ཕབ་པ་ཡིན། དཔལ་མོ(སློབ་ཆེན་གྱི་བོད་ཡིག་དགེ་རྒན་དང་བུད་མེད་སྙན་ངག་པ)ན་རེ།  གྲྭ་གཞོན་ཚོས་རང་མོས་སྙན་ངག་འབྲི་བ་དེ་ལ་ཕྱི་ཡི་རྐྱེན་དང་ནང་གི་རྐྱེན་གཉིས་འདུག  དེའང་ཕྱི་ཡི་རྐྱེན་ནི་དུས་ཀྱི་འགྱུར་ལྡོག་དང་རིག་གནས་ཀྱི་འཕེལ་ཕྱོགས་ཡིན་པ་དང༌། ནང་གི་རྐྱེན་ནི་ཁོ་ཚོས་སྙན་ངག་རྩོམ་ དུས་སྔོན་གྱི་མཁས་པ་ཚོ་ལྟར་ཚིག་གི་སྦྱོར་བ་དང་བརྗོད་བྱ་གང་གི་ཆ་ནས་ཀྱང་སྲོལ་རྒྱུན་སྙན་ངག་གི་ཉམས་དེ་འདྲ་ཐོན་གྱི་མེད་པ་དེའོ།། དེ་ཡང་ཁོ་ཚོར་ཆོས་ཁོ་ན་དོན་དུ་གཉེར་བའི་བློ་བརྟན་མོ་ ཞིག་མེད་ལ་ཟང་ཟིང་གི་བསླུ་བྲིད་ལ་གཡེང་ཆེ་བས་དགའ་སྐྱོ་ཆགས་སྡང་ཡང་དེའི་རྗེས་སུ་ཕྱོགས་པས་ལན་སྙམ། དེ་ནི་ཁོ་ཚོས་སྤྱི་ཚོགས་འདིས་བཟོས་པའི་རྙོག་འཛིང་གི་དོན་སྣ་ཚོགས་དང་སེམས་ཀྱི་ཁུར་བོ་སོགས་ཕྱི་རུ་འདོན་ཐབས་ཤིག་ཡིན་ཡང་སྲིད། བཟོད་པ(སློབ་འབྲིང་གི་བོད་ཡིག་དགེ་རྒན)ན་རེ།  གྲྭ་བས་རང་མོས་སྙན་ངག་འབྲི་བ་ནི་བདག་གིས་བལྟས་ན་རྟོགས་སད་ཅིག་དང༌། དེང་རབས་རིག་གནས་དང་བར་ཐག་ཇེ་ཉེར་ཕྱིན་པའི་དོན་ཆེན་ཞིག་ཡིན་པ་གོར་མ་ཆག  ཕུལ་བྱུང་སྒྱུ་རྩལ་མཚོན་ཐབས་དང་མཚར་སྡུག་ལྡན་པའི་རྟོག་ ལྗོངས་ཤིག་བཞེངས་སྐྲུན་བྱེད་ན་རྩོམ་པ་པོའི་རྣམ་དཔྱོད་དང་ལྷན་སྐྱེས་ཀྱི་སྒྱུ་རྩལ་མྱོང་སྟོབས་ལ་ རག་ལས་བས་དེར་སྐྱ་བོ་དང་སེར་མོའི་མཚམས་མེད་སྙམ། སྐལ་བཟང་སྐྱབས(སྲིད་གཞུང་གི་གཞུང་ཞབས་པ)ན་རེ། ཁོ་ཚོས་ངོ་མ་རང་མོས་སྙན་ངག་འབྲི་ བཞིན་ཡོད་དམ།  གལ་ཏེ་ཡོད་ན་མུ་མཐུད་དུ་འབྲི་རུ་ཆུག ཁྱུང་ཐར་རྒྱལ(ན་གཞོན་རྩོམ་པ་བོ་དང་སྙན་ངག་པ)ན་རེ། གྲྭ་བ་རྣམས་ཀྱིས་རང་མོས་སྙན་ངག་འབྲི་བ་ཡང་རིག་གནས་གསར་བ་དང་ལེན་བྱས་པའི་མཚོན་རྟགས་ཤིག་རེད། ཡིན་ནའང་ངའི་ལྟ་ཚུལ་ལ་གྲྭ་བ་ཚོས་རང་གི་སྙན་ངག་གི་རྨང་གཞི་དེ་ཐོག་མར《མེ་ལོང་མ》ནས་མགོ་འཛུགས་དགོས་པར་འདོད། རྒྱུ་མཚན་ནི་གྲྭ་བ་མང་ཆེ་བའི་སྤྱི་ཚོགས་འཚོ་བ་དང་བསམ་བློའི་འདུ་ཤེས་ལ་ཚད་ངེས་ཅན་གྱི་བཀག་རྒྱ་ཡོད་པས་ད་བར་དུ་གྲྭ་བ་བརྩམས་སྒྲུང་བ་མེད་པ་ནང་བཞིན་ཚད་ཅུང་མཐོ་བའི་རང་མོས་སྙན་ངག་པའང་ཧ་ཅང་ཉུང༌། ཁོ་ཚོས《མེ་ལོང་མ》ནས་མགོ་བཙུགས་ཏེ་རིམ་གྱིས་སྦྱང་ན་མ་གཏོགས་ཐད་ཀར་དུ་རང་མོས་སྙན་ངག་ལ་གོ་བ་ལེན་མི་ཐུབ་པའི་གནད་དོན་འབྱུང་སླ་ལ 《སྙན་ངག་མེ་ལོང་མ》ཡི་དབྱིངས་སུ་ཞུགས་པར་གྱུར་ཚེ་ཡང་ད་ལྟའི་མཁས་པ་རྒན་པ་རྣམས་དང་འདྲ་བར་རང་མོས་སྙན་ངག་ལ་གོ་རྒྱུ་མེད་པའི་གནད་དོན་འབྱུང་སྲིད། འདི་ནི་རིག་གནས་ཤིག་ དང་བསམ་བློ་ཞིག་གི་བར་བརྒལ་ཡིན་རྒྱུ་ན་དུས་ཚོད་ཐུང་ཐུང་ཞིག་གི་ནང་དེ་འདྲའི་ལས་སླ་མོའི་ངང་ཐག་གཅོད་ཐུབ་རྒྱུ་མ་རེད་བསམ་མོ།། གོང་གི་བཅར་འདྲི་དེ་དག་གི་མཇུག་གྲིལ་མ་ཐག་བདག་གིས་རང་མོས་སྙན་ངག་དང་གྲྭ་ གཞོན་དེ་དག་བསམ་གྱིས་མི་ཁྱབ་པའི་སྟོབས་ཤུགས་ཤིག་ལ་བརྟེན་ནས་མཇལ་འཛོམས་བྱུང་བ་ ཡིན་པར་ཐག་གིས་བཅད་ལ་སྟོབས་ཤུགས་དེ་ནི་གསང་བ་ལྐོག་གྱུར་ཅིག་དང་མཛེས་ཆོས་འཛད་ མེད་ཅིག་གི་རྣམ་པས་རང་རེའི་རྩོམ་རིག་གི་གཏིང་ཟབ་ས་ན་ཡར་འཕྱུར་གྱིན་ཡོད་པའི་སྣང་བའང་སྐྱེས་བྱུང༌།   མཆན། ① ༢༠༠༤ལོའི《གངས་རྒྱན་མེ་ཏོག》གཉིས་པ་ལས་བཤུས། ② སྙན་ངག་རྩོམ་སྒྲིག་པ་ཕུན་ཚོགས་རྒྱལ་གྱི་ཞལ་བརྡ་ལས་བཏུས། ③ སྒེར་གཉེར་དུས་དེབ《རྨ་དགོན་གསེར་འཁོར》ལས་བཤུས། ④ ༢༠༠༣ལོའི་ཟླ་༤བའི་ཚེས་༥ཉིན་གྱི《མཚོ་སྔོན་ཁྲིམས་ལུགས་ཚགས་པར》ལས་བཤུས།                                

མི་འདི་ཚོ།  

                            མི་འདི་ཚོ་དང་བདག་གི་བར་དུ་ཁྱད་པར་ཆེན་པོ་ཞིག་ཡོད་དེ་ཁོ་ཚོས་དུས་ཚོད་དང་བསྟུན་ནས་འཚོ་བ་གསར་བ་བཟོ་བཞིན་ཡོད་ལ་བདག་གིས་འཚོ་བ་དང་བསྟུན་ནས་དུས་ཚོད་གསར་བ་བཟོ་བཞིན་ཡོད།མི་འདི་ཚོས་ཁ་མཁས་འདྲ་ཆགས་ཀྱིས་ང་ལ་བསྟུན་ཐབས་བྱེད་ཀྱང་ངས་རང་ཉིད་སྨྱ་ལེ་སྨྱོ་ལེར་བཏང་ནས་ཁོ་ཚོ་བརྗེད་ཐབས་བྱེད་ཀྱིན་ཡོད།མི་འདི་ཚོ།ངའི་ལུས་སྟེང་གི་སྲིན་འབུ་ཁྲ་རིལ་འདི་ཚོ།རྡུལ་ཕྲ་རབ་ཀྱི་མཚོན་ཆས་མེད་པར་གཏང་རྒྱུ་དེ་ཚོ།      ངས་མི་འདི་ཚོར་བརྩེ་འཕྲིན་དང་ལེགས་བཤད་བསྐུར་འདོད་ནའང་ཁོ་ཚོར་དེ་ལས་ཀྱང་ཕྱེ་ཐུག་དཀར་ཡོལ་གང་མཁོ་བ་འདྲ། ཁོ་ཚོས་མགོ་ཡིས་གྱང་ལ་རྡུང་བཞིན་དེ་ལས་དངུལ་ལོར་འཐོར་བར་རེ་ལ་ཐ་མག་གིས་ཁང་ཆུང་དག་བཀང་བཞིན་རང་གི་བེམ་རོ་སྒྲིལ་བྱེད་ཀྱི་རས་ཡུག་གཅིག་འདྲུབ་ཀྱིན་འདུག      མི་འདི་ཚོ་ནི་སྐྱེས་པ་རེད་ལ་བུད་མེད་ཀྱང་རེད། ༢༠༠༨ལོ་ཚེས་ལ་ཉེ་བའི་ཕྱི་དྲོ་འདིར་ངས་སྒེའུ་ཁུང་ཕྱི་རོལ་ནས་གྲང་ངར་ཕོན་ཆེན་པོ་ཞིག་རྟོག་བཟོ་བྱེད་ཞོར་དུ་ཁོང་ཚོ་དང་ངའི་བར་དུ་འབྲེལ་བ་མི་འདུག་སྙམ།                                                            ༢༠༠༧ལོའི་ཟླ༡༢པའི་ཚེས༣༠ཉིན།    

དེང་གི་བོད་ཀྱི་ཤེས་ཡོན་པའི་སྐྱོན་མཚང་ཆེན་པོ་བཅུ།  

གཤམ་དུ་གསལ་བ་ནི་ཁོ་བོས་རང་ཉིད་ཚུད་པའི་དེང་གི་བོད་ཀྱི་ཤེས་ཡོན་པར་འབོད་པ་ཚོའི་སྐྱོན་མཚང་དག་ལ་སྤྱི་བསྡོམས་རགས་པ་ཙམ་བྱས་པ་ཡིན་ལ་དེའང་རང་རེའི་ད་ལྟའི་དམིགས་བསལ་གྱི་ཁོར་ཡུག་དང་དུས་རབས་ལ་བསམ་ན་ཤེས་ཡོན་པའི་དཔུང་ཁག་ཆེན་པོ་ཞིག་འཚར་ལོངས་བྱུང་སྟེ་དཔུང་བ་མཉམ་གཤིབ་ཀྱིས་བོད་པའི་སྤྱི་ཚོགས་འདི་ལ་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་སུ་སྣང་བས་ཐོག་མར་རང་སྐྱོན་ལ་མཛུབ་མོ་འཛུགས་རྒྱུ་ནི་ཧ་ཅང་གལ་ཆེ་བར་འདུག གསལ་བཤད་བྱ་རྒྱུ་ཞིག་ལ་ཁོ་བོས་འདིར་བོད་ཀྱི་ཤེས་ཡོན་པ་སྤྱིའི་ཆ་ནས་བརྗོད་པ་ཡིན་པ་ལས་སྐྱེ་བོ་གང་ཞིག་དམིགས་སུ་བཟུང་མེད་ལ་འདིར་མ་ཐེ་བའི་དམ་པ་ལ་ལ་འང་ཡོད་སྲིད་པས་དེ་དག་གིས་དོན་མེད་དུ་བསྙོན་བཙུགས་པའི་ཉེས་པ་ཁོ་བོར་མི་འགེལ་བའི་རེ་བའང་ཞུ་འོ།།   དེང་གི་བོད་ཀྱི་ཤེས་ཡོན་པའི་སྐྱོན་མཚང་ཆེན་པོ་བཅུ།   ༡ སེམས་རྣལ་མོས་དཔེ་ཆ་མི་ཀློག་པར་དཔོན་གཡོག་རིག་གནས་ལ་ལད་མོ་བྱས་ཏེ་འགྲུབ་རྒྱུའི་མེད་པའི་རང་དོན་རིལ་བུ་མ་ཞིག་གི་ཕྱིར་འདུར་རྒྱུགས་བྱེད་པ།   ༢ ཁ་གསལ་ཞིང་གཏིང་ཟབ་པའི་སྒོ་ནས་བྱེ་བྲག་གི་དོན་ལ་མི་དཔྱད་པར་ལྐོག་གྱུར་གྱི་ཐ་སྙད་འགའི་ཕྱིར་ཏུ་བློ་རྨོངས་པ།   ༣ ནང་ཁུལ་ནས་ཕན་ཚུན་ལ་རྒྱུས་ལོན་བྱེད་མི་ཐུབ་པ་དང༌། ཆེ་བས་ཆུང་བར་མཐོང་ཆེན་དང་ཆུང་བས་ཆེ་བར་བརྩི་བཀུར་མེད་པར་རང་ཤོང་སྤྱིལ་བུ་རེ་ནས་སྒེར་གྱི་བཙན་ས་རེ་འཛིན་པ།   ༤ མི་རིགས་སམ་མིའི་རིགས་སོགས་ཐུན་མོང་གི་སྡུག་བསྔལ་དང་དུ་ལེན་པའི་བློ་སྤོབས་མེད་པར་ནད་མེད་འཁུན་སྒྲ་འབྱིན་བཞིན་བརྩེ་བ་རྫུན་མའི་སྐེག་ཚོས་ཀྱིས་བཞིན་རས་བརྒྱན་པ།   ༥ མཛེས་སྡུག་གི་ཆོས་ལ་བཅར་བའི་སྙིང་སྟོབས་མེད་པར་རུལ་སུངས་ཀྱི་འཚོ་བ་དང་སྟབས་བདེ་བའི་བསམ་བློ། ལྟར་སྣང་གི་གནས་ལུགས་བཅས་ལ་བརྟེན་ནས་ལུས་སེམས་གཉིས་ཀ་ཉོབ་ཉོབ་པོར་བཏང་ཡོད་པ།   ༦ རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་བ་དང་མིའི་རིགས་ཀྱི་འཚོ་གནས་ཀྱི་འཇིག་ཉེན། མངོན་སུམ་དང་ད་ལྟ་བས་བསུབ་བཞིན་པའི་ལོ་རྒྱུས་ཀྱི་རང་མདངས་སོགས་ལ་གོ་བ་ཡང་དག་པོ་ལོན་མེད་པར་འཇིག་རྟེན་གྱི་དོན་ཡོད་ཚད་ལ་རང་ཁྱིམ་གྱི་ཅ་ལག་ལྟ་བུར་ངོས་བཟུང་ནས་འོལ་ཚོད་ཀྱིས་འགྲེལ་རྒྱག་པ།   ༧ རང་གི་རིག་གནས་དང་གཞན་གྱི་རིག་གནས་གང་ལའང་ཚད་དང་རན་པའི་གདེང་འཇོག་བྱེད་མི་ཐུབ་པར་ཐལ་དྲགས་པ་དང་ཕྱོགས་སུ་ལྷུང་བའི་ངང་ནས་རྙིང་བ་སྲུང་བ་དང་གསར་བ་བཙལ་བ།   ༨ རིག་པ་གང་ཡང་ཁ་བཤད་ཆུ་ཡི་ལྦུ་བ་ལ་བརྟེན་པ་མ་གཏོགས་ལག་ལེན་གསེར་གྱི་ཐིགས་པ་ཧ་ཅང་ཉུང་བས་འཚོ་བ་དངོས་ལ་ཁ་བྲལ་བ་དང༌། སྤྱི་ཚོགས་ཀྱི་འགྱུར་བར་སྣེ་ཁྲིད་པའི་ཚད་ཤིན་ཏུ་དམའ་བ།   ༩ རྒྱུ་ནོར་དང་དབང་ཤུགས་ཀྱི་མདུན་ནས་རང་གི་མི་གཤིས་དང་མཚན་སྙན་སྲུང་མི་ཐུབ་ཀྱང༼ཤེས་ཡོན་པ༽ཞེས་པའི་ཞྭ་མོ་དེ་ཤི་འཐམས་རོ་འཐམས་ཀྱིས་གྱོན་རྒྱུར་དགའ་བོ་ཡོད་པ།   ༡༠ བརྡ་སྤྲོད་ཀྱི་རིག་པར་བྱང་ཆ་མེད་ཅིང་སྐད་རིགས་གཞན་ལ་སྦྱང་བ་ཉུང་བས་ངག་གི་སྨྲ་བའི་རྩལ་ཧ་ཅང་ཞན་པ་དང༌། གཞན་གྱི་ཡིད་འགུག་པའི་ནུས་པ་ཧ་ཅང་ཆུང་བ་བཅས་སོ།།          

ཁམས་འདྲི་དང་བཅས་ཞུ་དོན།  

འདིར་དཔྱོད་ལྡན་པ་སེང་རྡོར་ལགས་ཀྱིས་རང་གིས་བསྒྲུབས་པའི་དྲ་བ་ཉམས་གསོ་བྱས་པ་དང་ལྷན་དུ་བདག་ལའང་མདུན་ངོས་ནས་ས་མིག་ཅིག་གནང་སྟེ་ཀློག་མཁན་དང་བོད་ཡིག་གིས་འབྲེལ་བ་བྱེད་པར་སྟབས་བདེ་བཟོས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན་ལ་སྐུ་ཞབས་ཁོང་གི་དྲ་བ་འདི་ཉིད་གོད་ཆག་ཅི་ཡང་མེད་པར་ཡུན་དུ་གནས་པའི་སྨོན་ལམ་ཡང་བཏབ་པ་ཡིན།      དེང་གི་དུས་རབས་འདི་ནས་བཟུང་། རང་རེའི་དབྱངས་གསལ་སོ་བཞིར་ཡང་ཚན་རྩལ་གྱི་རྒྱན་གོས་གསར་བ་བཀླུབས་ནས་རང་གི་མཛེས་སྡུག་ངོམ་པའི་སྐལ་བཟང་མངོན་དུ་གྱུར་ཅིང་མ་འོང་བ་ན་དེ་ཡི་རྫོགས་ལྡན་གྱི་དུས་ཤིག་ཀྱང་ཤར་བའི་ཡིད་ཆེས་བདག་ལ་ཡོད།      མི་ཆུང་བདག་ལ་མཚོན་ན། འཇིག་རྟེན་འདིའི་ངོ་བོ་དང་སྙིང་བོ། མི་ཚེ་འདིའི་འགྱུར་བ་དང་སྡུག་བསྔལ་ལ་དཔག་གིན་གང་ལའང་མི་ཞེད་མི་འཛེམ་པར་སྙན་ངག་དང་བརྩམས་སྒྲུང་སོགས་སུ་འབོད་པའི་འཁྲབ་སྟོན་དེ་རིགས་ཀྱི་ནང་དུ་མགོ་འཐོམས་པས་ན་རང་གི་འཚོ་བ་དངོས་དང་དེའི་ཁྲོད་ཀྱི་རྩེད་འཇོ་དང་སྤྲོ་དགའ་སོགས་ཀློག་མཁན་ཚོར་ངོ་སྤྲོད་པར་གོམས་མེད་ནའང་འདི་འདྲའི་སྟེགས་བུ་གསར་བ་ཞིག་འཐོབ་ཚེ་རྗེས་མར་འདིའི་ཁ་རྩོམ་རིག་བརྩམས་ཆོས་ཀྱི་མི་བཀང་བར་ཀུན་ལ་ལྷོད་ཡངས་ཀྱི་ཚོར་བ་ཞིག་སྟེར་བའི་ཆེད་དུ་བྲི་འདོད་པ་དག་འབྲི་ཐབས་གསར་བས་བྲི་རྒྱུར་འབད་པ་བྱ་ངེས་པ་ཐུགས་ལ་ཟུངས། བཀྲ་ཤིས་པར་གྱུར་ཅིག
1

རྩོམ་གསར།
བུད་མེད་དང་འབྲེལ་ཡོད་ཀྱི་སྣང་ཚུལ་ཁ་ཤས།
[2010-9-5]
བོད་མི་ཞིག་གི་དྲང་གཏམ།
[2010-9-5]
ང་ཡིས་གྲོགས་པོ་ཁྱེད་ལ་འདི་སྐད་གླེང་།
[2010-9-5]
མི་བུ་ཞིག་གི་ལོ་རྒྱུས།
[2010-9-5]
རྡོ་འབུམ་དྲ་བའི་དཔེ་འཕྲིན། ཨ་མདོའི་གོམས་སྲོལ་ཉུང་བསྡུས། ཚེ་བརྟན་རྒྱལ་གྱི་བརྩམས་ཆོས།
[2010-9-4]
སྙན་ངག་གི་མཐར་ཐུག་སངས་རྒྱས་རེད།
[2010-9-4]
མཚོ་ཁུགས་གྲོང་ཁྱེར་ནས་མཐོང་བའི་བོད་ཀྱི་སྐུ་པར་ཞིག
[2010-9-4]
ལབ་རྒན་ལེའུ་བདུན་མ།
[2010-9-4]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2403]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2170]
<<རྟུལ་ཕོད>>ཆ་ཚང་།
[1468]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1402]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1327]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1251]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1234]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1227]
友情链接: 青海汽车网