བྲོས་བྱོལ་གྱི་ལོོ་ཟླ།
འབར་རྡེའུ་སྒྱུ་རྩལ་ལས་ཤག
བོད་རང་གིས་བཟོས་པའི་གློག་རྡུལ་རྫས་གསར།
ཕྲ་མཉེན་སྤྱི་གཉེར་ཁང་གི་བེད་སྤྱོད་མཉེན་ཆས་གསར་བ Microsoft Office 2010 དེ། སྤྱི་ཟླ5ཚེས15ཉིན་ནས་འཛམ་གླིང་ཡོངས་ཀྱི་ཚོང་རར་བཀྲམ་ཡོད་འདུག
Microsoft Office ཞེས་པའི་བེད་སྤྱོད་མཉེན་ཆས་འདི་ནི 1989 ལོར་བྱུང་བ་དང་། Microsoft Windows དང Apple Macintosh བཀོད་སྤྱོད་མ་ལག་གཉིས་ལ་དམིགས་ནས་བཟོས་པ་ཞིག་ཡིན་འདུག Microsoft Office ལ་དང་ཐོག Word དང་། Excel དང་། PowerPoint དང་། Access བཅས་བཞི་ལས་མེད་ན་ཡང་། རིམ་བཞིན་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ནས་ད་ལྟ་སྤྱོད་སྒོ་སྣ་བཅུ་ལྷག་ལྡན་པའི་བེད་སྤྱོད་མཉེན་ཆས་ཤིག་ཏུ་གྱུར་ཏེ། སྟབས་བདེ་དང་མགྱོགས་མྱུར་ངང་ལས་ཀ་མང་པོ་ཞིག་བསྒྲུབ་ཐུབ་པས་སྤྱོད་མཁན་རྣམས་ཀྱིས་དགའ་བསུ་བླ་ལྷག་གིས་བྱེད་དོ།།
Microsoft Office 2010 བཀོད་སྤྱོད་བྱེད་པའི་མཁྲེགས་ཆས་ཆ་རྐྱེན་ལ CPU ཡི་ཚད 500MH2 དང་ཡང་ན་དེའི་ཡན་ཆོད། ནང་གསོག་གི་ཤོང་རྒྱ 256MB སྲ་སྡུད་ཀྱི་ཤོང་ཚད 3.0GB མངོན་ཆས་འཕྲོད་ཚད་མཐུན་ཕྱོགས 1024*768 དང་ཡང་ན་དེའི་ཡན་ཆོད་དགོས།
Microsoft Office 2010 དེ་གྲངས་གནས 32 དང 64 ཅན་གྱི Vista འམ Windos7 ལ་འཕྲོད་པ་དང་། གྲངས་གནས 32ཅན་གྱི
Windows XP ལ་འཕྲོད་ཀྱང་གྲངས་གནས 64 ཅན་ལ་མི་འཕྲོད།
Office 2010 དེར་སྤྱི་ཆ་ནས་སྔར་ལས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། བརྗོད་བྱའི་མཚོན་རྟགས་ལི་མདོག་ཅན་ཏུ་གྱུར་ཡོད་པ་དང་། Ribbon ཞེས་པའི་མཐུད་ངོས་གསར་བ་སྤྱོད་ཀྱི་ཡོད་པ་དང་། མདོར་ན་ཁ་གསལ་ཞིང་གོ་བདེ་བར་འདུག
Microsoft Office 2010 ལ་པར་གཞི་དྲུག་ཡོད་དེ། དེ་དག་ནི་དམའ་རིམ་པར་གཞི་དང་མི་སྒེར་དང་སློབ་མའི་པར་གཞི། མི་སྒེར་དང་ཚོང་ལས་པར་གཞི། ཚད་ལྡན་པར་གཞིའམ་ཆེད་ལས་པར་གཞི། མཐོ་རིམ་ཆེད་ལས་པར་གཞི་དང་དྲ་ངོས་པར་གཞི་བཅས་ཡིན། དྲ་ངོས་པར་གཞི་དེ Windows Live སྤྱོད་མཁན་རྣམས་ལ་ལྷག་ཏུ་འཚམ་པས་དྲ་ཐོག་གི་ལས་ཀར་སྟབས་བདེ་བཟོས་ཡོད། དམའ་རིམ་པར་གཞི་ནི་རིན་མེད་ཀྱི་པར་གཞི་ཞིག་སྟེ། དེ་ལ Word 2010 དང་། Excel 2010 གཉིས་ཀ་ལས་མི་འདུག མི་སྒེར་དང་སློབ་མའི་པར་གཞིའི་ནང་གསེས་ལ Word 2010དང་། Excel 2010 དང་། PowerPoint 2010 དང་། OneNote 2010དང་། Publisher 2010 བཅས་ཡོད་པ་དང་རིན་གོང $149 རེད། མི་སྒེར་དང་ཚོང་ལས་པར་གཞི་དེར་སློབ་མའི་པར་གཞི་ཡི་སྟེང་ལ Outlook 2010ཁ་སྣོན་བྱས་ཡོད་པ་དང་རིན་གོང $279རེད། ཚད་ལྡན་པར་གཞིའམ་ཆེད་ལས་པར་གཞི་དེར་མི་སྒེར་དང་ཚོང་ལས་པར་གཞིའི་སྟེང་དུ Access 2010 བསྣན་ཡོད་པ་དང་རིན་གོང $499 རེད། མཐོ་རིམ་ཆེད་ལས་པར་གཞི་དེ་ནི་ཕྲ་མཉེན་སྤྱི་གཉེར་ཁང་དང་འབྲེལ་ལམ་ཡོད་པའི་སློབ་གླིང་དག་ལ་ཁ་གཏད་པའི་པར་གཞི་ཞིག་རེད། གཞན་ཡང་སྤྱོད་མཁན་ཚོས http://office.microsoft.com/zh-cn/ ནས Microsoft Office 2010 ཕན་ལེན་བྱས་རྗེས་ཟླ་བ་གཅིག་གི་རིང་ལ་རི་མེད་ཚོད་ལྟ་བྱ་ཆོག་གི་རེད།
Microsoft Office 2010 ལ་གསར་དུ་བསྣན་པའི་རྩོད་ནུས་གཤམ་གསལ་ལྟར།
༡ Word 2010 དང PowerPoint 2010 ནང་དུ་རི་མོ་དང་བརྙན་རིས་སྒྲིག་སྦྱོར་སྔར་ལས་རང་མོས་ལྟར་བྱེད་ཆོག་པ།
༢ Communicator 2010 ནི MSN ནམ QQ དང་འདྲ་བར་ཁྱབ་ཆུང་དྲ་རྒྱའི་དུས་ཐོག་འཕྲིན་སྐྱེལ་ཡོ་བྱད་ཅིག་སྟེ་གྲོགས་པོ་དང་མཉམ་འབྲེལ་གྱིས་བྱ་བ་བསྒྲུབ་ཆོག་པ་རེད།
༣ OneNote 2010 ནི་ནུས་པ་ཤིན་ཏུ་ཆེ་བའི་ཟིན་ཐོ་འབྲི་དེབ་ཅིག་རེད། སྤྱོད་མཁན་གྱིས་ཡི་གེ་དང་པར་རིས། བརྙན་རིས་དང་སྒྲ་ཟློས་སོགས་ཟིན་ཐོར་འགོད་ཆོག་པས་ཁྱེད་ལ་སྤྲོ་སྣང་བསྟེར་ངེས།
༤ SharePoint Workspace 2010 ཡི་བྱེད་ནུས་གཙོ་བོ་ནི་ཕྲ་མཉེན་གྱི SharePoint ཡིས་ལག་རྩལ་སྤྱད་པའི་དྲ་ཚིགས་ཐོག་གི་ཡིག་ཆ་དང་གཞི་གྲངས་ལ་གོམ་མཉམ་དང་། སྟབས་བདེའི་ངང SharePoint Server ཐོག་ཉར་ཚགས་བྱས་ཡོད་པའི་ཡིག་ཆར་རང་མོས་ལྟར་སྒྲིག་སྦྱོར་བྱ་ཐུབ།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བར་འཁོད་པ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྩིས་འཁོར་སློབ་གླིང་གི་བོད་ཡིག་ཆ་འཕྲིན་ལག་རྩལ་འཛིན་གྲྭའི་སློབ་མའི་འགྱུར་ལ་བཟོ་བཅོས་ཕྲན་ཙམ་བརྒྱབ་ཡོད།
གདུང་སེམས་མཉམ་བསྐྱེད།
གཞས་ཚིག་རྩོམ་མཁན། སྨན་བླ་སྐྱབས།
གཞས་གདངས་རྩོམ་མཁན། རིག་འཛིན་སྒྲོལ་མ།
གཞས་མཁན། རིག་འཛིན་སྒྲོལ་མ།
ཆག་སྒོ་དང་ལས་གྱིས་འབྲེལ་བའི། ངའི་ནང་མི་སྤུན་ཟླ།
ལས་དབང་གིས་ཁ་ཁར་བཏང་བའི། ངའི་ཕུ་ནུ་མིང་སྲིང་།
ང་ཡི་སྐྱོ་བ་ཁྱོད་ཀྱིས་མྱོང་གིན་ཡོད། ལུས་ཀྱིས་མྱོང་གིན་ཡོད།
ཁྱོད་ཀྱི་གདུང་བ་ངས་ཀྱང་མྱོང་གིན་ཡོད། སེམས་ཀྱིས་མྱོང་གིན་ཡོད།
ཨོཾ་མ་ཎི་པདྨེ་ཧཱུྃ། ་་་ ་་་
ངའི་ནང་མི་སྤུན་ཟླ། ངའི་ཕུ་ནུ་མིང་སྲིང་།
ང་ཚོའི་སེམས་པ་ནམ་ཡང་མཉམ་དུ་ཡོད།
ཨོཾ་མ་ཎི་པདྨེ་ཧཱུྃ། ་་་ ་་་
ཚེ་སྲོག་གི་མཆོད་མེ་གཟིམ་པའི། ངའི་ནང་མི་སྤུན་ཟླ།
མཆོད་མེ་ཡི་ངོགས་སུ་ལུས་པའི། ངའི་ཕུ་ནུ་མིང་སྲིང་།
ང་ཡི་སྐྱོ་བ་ཁྱོད་ཀྱིས་མྱོང་གིན་ཡོད། ལུས་ཀྱིས་མྱོང་གིན་ཡོད།
ཁྱོད་ཀྱི་གདུང་བ་ངས་ཀྱང་མྱོང་གིན་ཡོད། སེམས་ཀྱིས་མྱོང་གིན་ཡོད།
ཨོཾ་མ་ཎི་པདྨེ་ཧཱུྃ། ་་་ ་་་
ངའི་ནང་མི་སྤུན་ཟླ། ངའི་ཕུ་ནུ་མིང་སྲིང་།
ང་ཚོའི་སེམས་པ་ནམ་ཡང་མཉམ་དུ་ཡོད།
ཨོཾ་མ་ཎི་པདྨེ་ཧཱུྃ། ་་་ ་་་
༢༠༡༠ལོའི་སྤྱི་ཟླ༤ཚེས༡༥ཉིན།
སྨོན་ལམ།
གཞས་ཚིག་རྩོམ་མཁན། སྨན་བླ་སྐྱབས།
གཞས་གདངས་དང་གཞས་མཁན། སྒྲོལ་མ་སྐྱབས།
མགོ་ཁང་པ་ས་རྡོས་བརྩིགས་ལེ་རེད།།
དེ་འཇིག་ཀྱང་སང་བརྩིག་གནངས་བརྩིག་རེད།།
མིག་མཆི་མ་གཏོང་ཁོམ་མི་གདའ་བ།།
མིའི་གོད་ཆག་འདི་ཚོ་གང་ནས་ཡོང་།།
དྲིན་ཕ་མ་ཉི་ཟླ་ཁ་སྤྲོད།། ངས་དྲིན་ལན་འཇལ་ཁོམ་མ་བྱུང་།།
ནང་བུ་ཕྲུག་སྙིང་གི་ཕྱེད་ཀ། ངས་སྙིང་ནས་གཅེས་ཁོམ་མ་བྱུང་།།
ཚེ་ཕྱི་མའི་ཡུལ་ལ་ཕྱིན་སོང་།།
ཨོ་་་ ་་་ རྗེ་བླ་མ་དཀོན་མཆོག་གསུམ་པོ།
བོད་ཆོས་ཡོད་བོད་ནས་སྐྱེ་བར་ཤོག
ཁྱིམ་གཅིག་ཏུ་སྐྱེ་བའི་སྨོན་ལམ་འདེབས།
རྒྱུ་འབྱོར་བ་ཐང་ནས་བཙལ་ལེ་རེད།།
དེ་ཡལ་ཀྱང་སང་བཙལ་གནངས་བཙལ་རེད།།
མིག་མཆི་མ་གཏོང་ཁོམ་མི་གདའ་བ།།
མིའི་གོད་ཆག་འདི་ཚོ་གང་ནས་ཡོང་།།
ཁྱིམ་བཟའ་ཟླ་སྙིང་གི་ནོར་བུ།། ངས་སྙིང་གཏམ་བཤད་ཁོམ་མ་བྱུང་།།
ནང་སྤུན་མཆེད་སེམས་ཀྱི་འཁྲི་རྟེན།། ངས་སེམས་གཏམ་བརྗོད་ཁོམ་མ་བྱུང་།།
ཚེ་ཕྱི་མའི་ཡུལ་ལ་ཕྱིན་སོང་།།
ཨོ་་་ ་་་ རྗེ་བླ་མ་དཀོན་མཆོག་གསུམ་པོ།
བོད་ཆོས་ཡོད་བོད་ནས་སྐྱེ་བར་ཤོག
ཁྱིམ་གཅིག་ཏུ་སྐྱེ་བའི་སྨོན་ལམ་འདེབས།
༢༠༡༠སྤྱི་ཟླ༤ ཚེས༢༢ཉིན་།
སྙན་ངག་གིས་སེལ་ཐབས་མེད་པའི་དཀའ་སྡུག་གཞུག་ན་ཡོད།
འབར་རྡེའུ།
རྫ་སྐྱེ་དགུའི་སྲོག་ཐོག་ལ་ཕོག་ཅིང་
བོད་ཆོལ་ཁ་གསུམ་དང་གཞིས་བྱེས་གཉིས་ཀྱི་
མི་སེམས་ལ་བརྒྱབ་པའི། ས་ཡོམ་དེ།
ས་ཡོམ་དེས་ཡུལ་ཤུལ་ཡུལ་ཤུལ་དུ་བསྒྱུར་སོང་།
ས་ཡོམ་དེས་ཚེ་སྲོག་གྲངས་མེད་ཁྲིད་སོང་།
ས་ཡོམ་དེས་ཡུལ་ཤུལ་དུ་གར་སྟེགས་ཤིག་བཟོས་སོང་།
ལྷ་སྲིན་སྡེ་བརྒྱད་ཀྱི་སྟངས་སྟབས་ཁྲོད་ནས་ཁྱོད་ཀྱང་མངོན་བྱུང་།
མིག་ཆུ་ཞིག་ས་ཡོམ་གྱི་སྔ་རོལ་ནས་དྲུད་པའི་སྙན་ངག་དང་
ང་དང་བཅས་པའི་སྙན་ངག་པ།
གར་སྟེགས་ཀྱི་རྒྱབ་ལོགས་སུ།
ངུར་སྨྲིག་གི་ལག་པས་བླ་སྲོག་གི་རོལ་མོ་འཁྲོལ།
ཡིག་དྲུག་གི་རྟ་དབྱངས་རིང་མོས།
མཆོད་རྐོང་རེ་རེ་ལ་སྐྱོ་གདུང་རེ་རེ་བསྐྱིལ།
གནའ་བོའི་རིགས་རྒྱུད་ཅིག
ཡང་བསྐྱར་གཡས་སུ་འཁོར་བ་མཐོང་བྱུང་ངམ།
སྐབས་འདིར། སྙན་ངག་ནི་ལམ་གྱི་འཁྲོལ་འཛིན་མ་ཡིན།
འབྲོག་པའི་མར་རྩམ་དང་རོང་པའི་གོ་རེ་ཡང་མིན་ལ།
རྙིང་མི་ཁྱག་པའི་མགྱོགས་ཐུག་དང་བཙག་ཆུ་དེ་ཚོ་ཙམ་ཡང་མ་རེད།
རྩྭ་མི་ཤིང་མིའི་རྩེད་ཆས་སུ་གྱུར་པའི་སྙན་ངག་ཀྱེ།
ད་ལྟ་བརྙན་འཕྲིན་དུ་སུ་ཞིག་གི་ལག་རོགས་ཡིན།
ས་སྲུབས་ལ་ཤོར་བའི་བྱིས་པ་ཞིག་གི་ངུ་སྐད།
ཉི་ཟེར་གྱི་ཕང་བ་ནས་གྲག་སྲིད།
ཡིན་ན་ཡང་། ཕྱོགས་དང་ཕྱོགས་ན་འོང་གིན་པའི་
གོད་ཆག་གི་མདུན་ནས་འགྲེང་མཁན།
སུ་ཡིན་ནམ།
ས་རྡུལ་འཇགས་ཤིང་འཁྲབ་སྟོན་རྫོགས་རྗེས།
སྙན་ངག་གིས་སེལ་ཐབས་མེད་པའི་དཀའ་སྡུག་གཞུག་ན་ཡོད།
༢༠༡༠ལོའི་སྤྱི་ཟླ༥ཚེས༡༣ཉིན་ཙོང་ཁ་གྱི་ཐང་དུ།
བོད་ཀྱི་སྙན་ངག་དུས་དེབ༼ གངས་རྒྱན་མེ་ཏོག ༽༢༠༡༠ལོའི་དེབ ༢ པ་མྱ་ངན་ཞུ་བའི་ཆེད་དེབ་ལས་ཁོལ་དུ་ཕྱུང་།
གསེར་གྱིི་སྐར་ཚོམ།
གཞས་ཚིག་རྩོམ་མཁན་ སྨན་བླ་སྐྱབས།
ཨི། ཨུ། ཨེ། ཨོ། ་་་ ་་་(བགྲེས་པོས་བྱིས་པར་ཁྲིད་ཀྱིན་པའི་ངག་སྟེ་དབུས་སྐད་ལྟར)
ཉི་ཟླའི་ཕང་བ་ནས་སྐྱེས་པའི་འོད་ཀྱི་ས་བོན། ས་བོན་དཀར་པོ།
གངས་ཀྱི་ར་བ་ལ་བཏབ་པའི་ཤེས་རིག་གི་ནས་འབྲུ། ནས་འབྲུ་གཤོག་ཐོགས།
བཙན་པོའི་ཕོ་བྲང་གི་འོད་ཟེར་ཁྱོད་ཡིན། དཔའ་བོའི་དཔུང་གདང་གི་ལམ་པ་ཁྱོད་ཡིན།
བུ་ཚའི་ཡ་ཐོད་ཀྱི་མིག་འབྲས་ཁྱོད་ཡིན། འདས་མ་ད་གསུམ་ལ། ལུས་ངག་ཡིད་གསུམ་ལ།
ང་རྒྱལ་དང་སྤོབས་པ་གནང་མཁན། ཨོ། དབྱངས་གསལ་སོ་བཞི།
ངའི་དབྱངས་གསལ་སོ་བཞི།
སྦྲང་དཀར་རྩམ་པས་གསོས་པའི་ལྷ་ཕྲུག་ཚོ། གསེར་གྱི་འཁོར་ལོ་སྐོར་བའི་དྭ་ཕྲུག་ཚོ།
ངའི་དགའ་གྲོགས་དང་སྐྱོ་རོགས་ཚོ།
འཛམ་གླིང་ཡང་རྩེ་ནས་ཤར་བའི་གསེར་གྱི་སྐར་ཚོམ། གངས་རིའི་མིག་ཆུ།
བོད་མིའི་སྐྱིད་སྡུག་དང་འགྲོགས་པའི་གཙང་པོའི་འགྱུར་ཁུགས། ལས་ཀྱི་གཞས་ཆུང་།
མེས་པོའི་དག་ཞིང་གི་ལམ་པ་ཁྱོད་ཡིན། ཚ་བོའི་མུན་ནག་གི་བཙོན་གྲོགས་ཁྱོད་ཡིན།
བུ་མོའི་ཡ་ཐོད་ཀྱི་མིག་འབྲས་ཁྱོད་ཡིན། འདས་མ་ད་གསུམ་ལ། ལུས་ངག་ཡིད་གསུམ་ལ།
ང་རྒྱལ་དང་སྤོབས་པ་གནང་མཁན། ཨོ། དབྱངས་གསལ་སོ་བཞི།
ངའི་དབྱངས་གསལ་སོ་བཞི།
སྦྲང་དཀར་རྩམ་པས་གསོས་པའི་ལྷ་ཕྲུག་ཚོ། གསེར་གྱི་འཁོར་ལོ་སྐོར་བའི་དྭ་ཕྲུག་ཚོ།
ངའི་དགའ་གྲོགས་དང་སྐྱོ་རོགས་ཚོ།
ཕྱི་ལོ༢༠༠༩ སྤྱི་ཟླ ༣པར་གྱི་ལིང་ཐང་དུ།
སྙན་ངག་
ཕོ་བྲང་པོ་ཏ་ལ་།
འབར་རྡེའུ།
སུའི་མིད་པ་ན་ལུས་པའི་གསེར་གྱི་སྒྲོག་གུ་དེ་ཁྱོད་ཡིན་ནམ།
འོ་ན་ངའི་མིད་པ་བརྣངས་དོན་ཅི།
ངག་མི་ཁྲོལ་བའི་ང༌། དཀྱིལ་ཀྲུང་དུ་སྡོད་པའི་ང༌།
སེམས་སུ་འབབ་ཀྱིན་པ་བདུད་རྩི་ཡིན་མི་སྲིད་ན་ཡང༌།
བརྩེ་དུང་གི་དཀྱིལ་འཁོར་དུ་མིག་ཟུང་ཧྲིག་གེར།
ནམ་ཡང་ཉི་ཟེར་བསྒོམས་མྱོང་བ་དྲན་པར་གྱིས་ཨང༌།
ས་སྲོས་ཀྱི་ཉི་ཟེར་ངོགས་སུ།
དྲ་མིག་རེ་རེར་ལྷིང་འཇགས་ཤིག་ངང་གིས་འཁྱིལ་བའི་ནང་རོལ་དུ།
མེས་པོ་དག་ལྷ་དང་མཉམ་དུ་བཞུགས་ལ།
སྐུ་གདུང་དང་རིང་བསྲེལ། དྲོད་མ་ཡལ་བའི་ཟ་འོག་གི་བཞུགས་ཁྲི།
ད་དུང་བཅིལ་མྱོང་བའི་མར་མེ་ཚེ་འབར།
ཡོད་ཚད་ལ་སྐད་རིགས་སྣ་ཚོགས་པའི་ཁ་རླངས་ཕོག་འདུག་ཨང༌།
ང་ཐག་རིང་ནས་འོངས་ཤིང་ཁྱོད་ཀྱི་སྙིང་ཁ་ནས་ཆས།
ལོག་ཡོང་དུས།
ཡར་ཀླུང་གི་མི་ཕོ་དཔུང་རྗེན་དག་ནམ་མཁའི་དབྱིངས་སུ་ཡལ་ཚར།
ཁྲབ་རྨོག་འཁོར་གསུམ་ཡང་གླེགས་བམ་གྱི་གསེབ་ལ་བཅུག་ཟིན།
ལོག་ཡོང་དུས།
དབྱངས་གསལ་སོ་བཞི་ལ་ང་རོ་གཞན་ཞིག་འཁོར་འདུག་ཅིང༌།
དུས་ཚོད་ཀྱི་ཕྲག་པར་སྐྱོ་གདུང་གཞན་ཞིག་བབས་འདུག
ལོག་ཡོང་དུས། ངའི་བཞིན་རས་ཀྱང་འགྱུར་གྱིན་གདའ་ཨང༌།
ཁྱོད་ནི་རྡོ་ལ་བྲིས་པའི་ལོ་རྒྱུས་ཀྱི་མིག་ཆུ་རྡོག་གཅིག་སྟེ།
ངའི་ན་ཟུག་གི་གཞུང་ལ་བཏབ་པའི་མེ་བཙའ་དཀར་པོ།
ད་ལྟ་ཉིད་ལ། ས་ནག་བྱེ་སྒང་དུ་འགྱུར་བཞིན་པའི་རི་ལུང་སྤང་ཐང༌།
འདས་པོའི་ཁྲག་རྩ་བཞིན་སྐམ་གྱིན་པའི་ཆུ་དང་གཙང་པོ།
ཐོལ་གྱིས་འགྱེལ་བའི་ལྗོན་ཤིང༌།
གཞིས་ཁྱིམ་ཤོར་བའི་སྲོག་ཐོགས།
ཉིན་རེ་ལས་ཉིན་རེར་ཆ་མེད་དུ་འགྱུར་བའི་ལྕེ་དང་སེམས་པ།
འདི་དག་ངའི་ཁྲག་གི་ཀློང་དུ་འཕྱོ་ཞིང་རུས་པའི་གསེང་ན་གཟིར་ཨང༌།
མི་སྨྲ་བའི་གངས་རིའང་ཞི་བཞིན་གདའ།
མི་སྨྲ་བའི་ཁྱོད་ཀྲོང་ངེར་འགྲེང་བ།
ཡོད་མྱོང་བའི་མཚར་སྡུག་གི་དན་རྟགས་ཙམ་ཡང་མ་ཡིན་ཏེ།
ངའི་གླུ་ངག་ལ་འབྱར་བའི་སྐྱོ་གདུང་གི་སྦུབས་སུ།
བློ་གཤོགས་ཀྱི་རི་མོ་བྲག་ལ་རྩིག་པའི་བུ་རབས་དང་ཚ་རྒྱུད།
འཛུམ་གྱི་ལེའི་དམར་སྨུག་གི་ངོ་གདོང་དག་དཔུང་རྡང་སྦྲེལ་བ།
དེ་ནི་མི་འཇིག་པའི་བྲག་རིའི་མུ་ཁྱུད་དང༌།
དེ་ནི་དོན་དམ་གྱི་ཕོ་བྲང་གི་ཤུགས་བསྟན་ཡིན་ཨང༌།
ཧམ་སེམས་ཀྱི་ལག་པས་བདུངས་པའི།
ལྕགས་ནག་གི་མདའ་མོ་ཞིག་གངས་རིའི་སྙིང་ལ་ཕོག་དུས།
འཁྱག་སིབ་སིབ་ཀྱི་སྤྱི་ཟླ་བཅུ་པ་ཞིག་ལ།
ངག་མི་ཁྲོལ་བའི་ང༌། ཆགས་སྡང་གི་ང༌།
ཁྱོད་ཀྱི་ཁ་སྤྲོད་དུ་བསྡད་དེ་བརྩེ་གདུང་གིས་ངུས་པར་བཟོད་གསོལ་ཞུ་ཨང༌།
2007 ལོའི་སྤྱི་ཟླ་གསུམ་པར་ཡི་གེར་ཕབ་།