མེལ་ཚེ་ཚང་།
ལོ་ལོ་མ་གཉིད་ངུས་ལ་སྡོད།
ང་ཚོ་ལམ་ལ་ཆས་རན་སོང
ལང་ཚོ་དང་སྤོབས་པའི་སྤ་སེ་ཁོ་ན་བཟུང་སྟེ
ཕུགས་འདུན་དང་རྨི་ལམ་གྱི་མདུན་ཕྱོགས་ཁོ་ནར་གཟས་ཏེ
ང་ཚོ་མེ་འཁོར་ལ་འབུད་རན་སོང
ཕྱི་མིག་གི་རྡོག་ཁྲེས་དང་སེམས་ངལ
ཞོགས་ཀའི་ལྷིང་འཇགས་དཀྲོགས་པའི་དུང་བརྡ་དང
ཉི་མའི་འོད་ཟེར་སྒྲིབ་པའི་དུ་སྨིག་གི་གྲོང་ཁྱེར
ཆེས་ཐོག་མའི་ན་ཟུག་གི་སྐྲག་དངངས་ལས་ཤོར་བའི
ལུ་གུའི་འབའ་སྐད་འདར་འདར་གྱི་དབྱངས་རྟ་གཉོམ་མོ
ཚེ་སྲོག་གི་འགྱུར་བ་ཕྲ་མོའི་ལྐོག་གྱུར་གྱི་ལས་སྐལ་འདིའི་སྔུན་ན
ང་ཚོར་གདམ་ག་གཞན་ཡོད་དམ
ང་ཚོ་ནི་ཨ་མས་ཡུན་རིང་བར་དུ་ཕྱིས་ཤིང་རུམ་པའི་ཀུ་ཤུ་དམར་པོ
ང་ཚོ་ནི་ཨ་ཕས་ཡང་དང་བསྐྱར་དུ་བླངས་ཤིང་བསྡུས་པའི་དོང་ཙེ་སེར་པོ
ང་ཚོས་ལག་ཏུ་འཆིང་པའི་སྤ་སེ་ལེབ་མོ་དེ་ཡང
ཕ་མའི་ཚེ་གང་གི་ཆར་རླུང་བཀག་པའི ལུ་གུའི་རྩེད་ར་བདེ་མོ་དེའི་ཞེང་ཁ་ཨང
ཞེང་ཁ་དེའི་སྣེ་མོ་ང་ཚོའི་ལག་ཏུ་བཟུང་སྟེ
ད་ལྟ་ང་ཚོ་ལམ་ལ་ཆས་རན་སོང
རྡོག་ཁྲེས་དང་སེམས་ངལ་བསྐྱུར་ཞོག
འཁོར་ལོའི་ཁྲོག་སྒྲ་དང་བརྡབ་གསིག་གིས་སྐྱོམ་པའི
སེམས་ཀྱི་སྐྲག་སྣང་དང་ཡིད་ཀྱི་འཚུབ་ཆ་སོ་བར་ལ་འཆིང་སྟེ
སྤ་སེ་ལེབ་མོ་དེའི་སྣེ་མོར་དམ་དུ་འཇུས་རོགས
ང་ཚོ་ལམ་ལ་ཆས་རན་སོང་བས
དེའི་རྐྱེན་གྱིས་ཀྱང སྤུན་ཟླ
ང་ཚོའི་སེམས་པ་ནང་བཞིན་གྱི་སྤ་སེ་སྐྱ་བོ་དེའི་ཕ་མཐའ
སྤ་སེའི་ངོས་རིས་ཇི་བཞིན་གྱི་ང་ཚོའི་སེམས་པ་དེའི་ནང་རོལ
ལམ་བུ་ཡོད་ཚད་ལ་མཐའ་མཇུག་གི་ས་ཚིགས་བདེ་མོ་ཞིག་དབེན་ན་ཡང
ཐེ་ཚོམ་དང་སོམ་ཉིའི་རྡུལ་འཚུབ་ཀྱི་ཀློང་ནས
ནམ་ཞིག་རྔུལ་ཆུ་གྲངས་མེད་ཀྱི་གྲོག་ཤུར་བཏོད་པའི་ངོ་གདོང་ཞིག་མངོན་དུས
ང་ཚོས་ཀུ་ཤུ་དང་དོང་ཙེ་ག་ཚོད་ཅིག་གིས
སྤ་སེ་ག་ཚོད་ཅིག་གི་སྣེ་མོ
ཕུགས་འདུན་དང་རྨི་ལམ་གྱི་ཕྱོགས་སུ་ཅི་ཙམ་བསྲིངས་ཡོད་ཨང