རྨ་ཆུའི་མགོ་ཁུངས་སྙེགས་པ་ཞེས་པའི་གནས་བསྐོར་ཟིན་ཐོ་ལས་ཁག་དང་པོ།
རྨ་རྒྱལ་ཟོ་དོར་གཉན་པོ།
དེ་ཡང་བོད་ལྕགས་ཕོ་སྟག་ལོའི་སྟོན་ཟླ་བརྒྱད་པར་ཁོ་བོ་ཁོམ་སྐབས་ཤིག་དང་བསྟུན་ནས།ཡུན་རིང་སེམས་ཀྱི་སྒྲོམ་བུ་རུ་ཉར་ཞིང་རེ་འཕྲེང་གི་མིག་ཁོངས་བར་མེད་དུ་བརླན་མྱོང་བའི་མགོ་ལོག་རྨ་ཆེན་སྦོམ་རར་གནས་མཇལ་དུ་ཐེངས་གཅིག་འགྲོ་བའི་སྐལ་བ་འཐོབ་ཅིང་།བགྲོད་བྱེད་རྐང་བའི་སྐྱོ་རོགས་རླངས་འཁོར་ཞིག་ཀྱང་སྟབས་ལེགས་ཀྱིས་ལག་ཏུ་སོན་པ་གཞི་བྱས།སྤྱི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་མགོ་ལོག་ཁུལ་རྨ་ཆེན་རྫོང་ནས་ཐོན་ཏེ་རང་གཅིག་པུར་སྤྲོ་སྣང་དང་བཅས་ལམ་དུ་ཞུགས་པ་ཡིན།རླངས་འཁོར་འུར་འུར་གྱིས་རྒྱུགས་ཤིང་ཡིད་འཆར་ཤིག་ཤིག་ཏུ་འགྱུ་བའི་ལམ་བར་དུ།ཁོ་བོས་སྐབས་དང་སྐབས་སུ་རླངས་འཁོར་གྱི་ཟེགས་ལམ་སྐྱ་བོ་ཞིག་གི་བརྡབ་དཀྲུགས་མྱངས་དང་མྱོང་བཞིན་ཡོད་ནའང་དྲན་པའི་སྦུགས་ལམ་དུ་རྫོགས་ཆེན་དཔལ་སྤྲུལ་བའི་གདམས་པ་ཞིག་ལས།
ལྟད་མོ་བལྟ་བའི་མཚར་འདོད་གཅིག།།དད་པ་མ་སྐྱེས་གནས་མཇལ་གཉིས།།
ཕན་ཡོན་མི་ཤེས་བསྐོར་བ་གསུམ།།ཟ་འདོད་རྙེད་འཚོལ་ཁྲམ་པ་བཞི།།
བསམ་བློ་མ་བཏང་བསྐོར་རྒྱུགས་ལྔ།།གནས་བསྐོར་འདྲ་སྟེ་གནས་བསྐོར་མིན།། ཞེས་པའི་གསུང་ཚིག་གཅིག་ལམ་གྱིས་ཤར་བར་རང་ཡང་དེ་མཚུངས་ཀྱི་བླུན་པོ་ངོ་མཚར་ལ་དགའ་བ་ཞིག་གོ་སྙམ་བཞིན་དགོད་ཀྱང་བྲོ་ལ་ངུ་ཡང་བྲོ་བའི་ངང་དུ་རླངས་འཁོར་གྱི་མྱུར་ཚད་ལེ་དབར་༡༢༠ཙམ་གྱི་མགྱོགས་སུ་དྲངས་ནས་སོང་ངོ།
དེ་ཡང་རྨ་ཆེན་རྫོང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་དགུ་ཅུ་ཙམ་གྱི་སར་སླེབས་ཚེ་བོད་སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་དང་རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་ནང་ཚན། བོད་ཁ་བ་ཅན་གྱི་བླ་རི་དང་བན་བོན་གཉིས་ཀྱི་སྲུང་མ།གླིང་གེ་སར་རྒྱལ་བོའི་བཀའ་སྲུང་དུ་བསྔགས་པའི་རྨ་རྒྱལ་སྦོམ་ར་དེ་ཉིད་རྔམ་བརྗིད་ཀྱི་ཉམས་དང་བཅས་ཆགས་ཤིང་།བོད་མི་སྤྱིའི་ངག་ལམ་དུའང།ས་བཅུ་བ་ཐོབ་པའི་སངས་རྒྱས།དགེ་བསྙེན་རྨ་རྒྱལ་སྦོམ་ར་ཞེས་གྲགས་པའི་རི་བོ་རྩེ་མོ་མང་ལ་དུས་བཞིར་གངས་ཀྱིས་གཡོགས་པ།མཚོ་ངོས་ལས་རྨིད་༦༢༨༢ཙམ་དུ་ཡོད་པའི་རྨ་ཡུལ་གྱི་གནས་རི་འགངས་ཆེན་དེ་ཉིད་ཡོད་ལ།མིང་གི་འབོད་སྟངས་ལའང་རྨ་ཆེན་སྦོམ་ར་དང་རྨ་རྒྱལ་སྦོམ་ར།རྨ་རི་རབ་འབྱམས།རྨ་གཡང་རྡོ་རྗེ་བྲག་སོགས་སུ་འབོད་ཅིང་།སྔ་རབས་ཀྱི་སྐྱེས་ཆེན་མང་པོའི་གཟིགས་ངོར་དཔལ་འཁོར་ལོ་སྡོམ་པའི་གནས་སུ་མངོན་པ།དཔལ་རི་པདྨ་འོད་དང་གནས་མཆོག་ལྕང་ལོ་ཅན་དང་ཆ་འདྲ་བའི་གནས་ཁྱད་པར་པ་ཞིག་ཏུ་འཛིན་ལ།གནས་མཆོག་ཏུ་གྱུར་བ་དེ་ཀར་རྒྱལ་དབང་ལྔ་བ་ཆེན་མོ་དངོས་སུ་བྱོན་ཏེ་རྨ་ཆེན་གྱི་གསོལ་མཆོད་འདོད་པའི་རེ་སྐོང་བྱ་བ་མཛད་པ་དང་།ཀུན་སྤང་ཞབས་དཀར་བ་མཆོག་གིས་ཀྱང་སྒྲུབ་སྦྱོང་ཡུན་རིང་དུ་མཛད་པའི་གནས་ཡིན་པར་བཤད་དོ།
དེ་ཡང་སྔ་དྲོའི་ཆུ་ཚོད་བཅུ་བ་ཙམ་ལ་ཁོ་བོ་རྨ་ཆེན་གངས་འདབས་སུ་སླེབས་ནའང་གཡས་ལམ་དུ་རླངས་འཁོར་གྱི་བགྲོད་ལམ་མེད་པ་དང་བསྐོར་གནས་ལ་ཆ་རྒྱུས་མེད་པ་སོགས་ཀྱིས་བགྲོད་ལམ་སྟབས་བདེའི་དབང་དུ་ཤོར་ཏེ་བོན་གྱི་བསྐོར་ལུགས་ལྟར་གཡོན་བསྐོར་གྱིས་སོང་སྟེ།འཕྲང་འགག་དོག་པོ་ཅན་དང་རྡོ་ལམ་ཀོང་འབུར་ཅན།རི་གཟར་འཕྲང་གི་དཀྱོགས་ལམ་སོགས་ལས་འཇིགས་སྐྲག་ཚད་མེད་པའི་ངང་དུ་མཚལ་སྣག་སུམ་མདོ་བྱ་བ་གཡས་གཡོན་བསྐོར་ལམ་གཉིས་ཀྱི་འདུས་མདོ་དེ་རུ་སླེབས་སོ།གནས་དེར་དཀར་སེར་མཐིང་ཀའི་མདོག་ལྡན་གྱི་རིགས་གསུམ་མགོན་པོའི་སྣང་བརྙན་རང་བྱོན་ཡོད་ཅེས་གྲགས་ནའང་དེང་ནི་གྲམ་གཞུང་སྐམ་པོའི་རྡེའུ་འབུམ་བཅུ་ཕྲག་ཅིག་དང་བྲག་ངོས་ཀྱི་བརྙན་རིས་ཁ་དོག་ཁྲ་རིག་གེ་བ་ཞིག་ལས་མཇལ་དུ་མི་འདུག་ལ།དེའི་ཚུར་ངོས་སུ་བཞུགས་ཁྲི་ཐང་བྱ་བའི་གནས་སྤང་གཞུང་ཉམས་དགའ་བ་ཞིག་ཡོད་པ་རུ་ཀུན་མཁྱེན་འཇམས་དབྱངས་བཞད་པ་དང་ཨ་རིག་དགེ་བཤེས་ཆེན་མོ།མདོ་མཁྱེན་བརྩེ་རིན་པོ་ཆེ་སོགས་བཞུགས་མྱོང་བར་བཤད། དེ་ནས་གཡོན་ལམ་དེད་དེ་སོང་ན་གྲིབ་སེལ་བདུད་རྩིའི་ཆུ་རྒྱུན་ནམ་སྨན་ཆུ་དང་ཆུ་སྐྱུར་རྡོ་མང་དུ་ཡོད་ཅིང་།ལེ་དབར་དྲུག་བདུན་གྱི་མཚམས་སུ་གླིང་རི་སེར་པོའམ་གླིང་རི་པདྨ་འབུམ་རྫོང་བྱ་བ་གླིང་ཕུ་ནུས་ལྷ་བསང་གཏོང་ས་དང་།འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གྱིས་དམག་བཀོད་གནང་ས་ཡིན་པར་གྲགས་པའི་རི་སྒང་ཁ་གྱེན་དུ་རྒྱུགས་པ།རྩྭ་ཆུ་འཛོམས་ཤིང་མེ་ཏོག་སྔོ་སྐྱ་བ་མང་དུ་བཞད་པའི་གནས་ཤིག་ཏུ་ཐོན།གནས་དེ་རུ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་རྡོ་རིང་དམ་ཅན་མངོན་འཁོར་ཞེས་པ་ཡོད་ཅེས་བཤད་མོད།དེང་ནི་ལྷ་ཁང་ཆུང་ངུ་ངན་ནེ་བ་ཞིག་བཞེངས་ཡོད་པའི་ནང་རྫོང་དུ་དྲངས་ཏེ་མཇལ་དཀོན་པོ་འདུགདེ་ནས་མཛོ་མོ་རི་འཕྲང་ངམ་དགུ་འཕྲང་ཟེར་བ་གནའ་དུས་གཞུང་ལམ་མེད་པར་མི་རྟ་རྦབ་འགྲིལ་དུ་སོང་བའི་འགག་དོག་མོ་ཞིག་བརྒྱུད་སྐབས།ལུང་འགག་དོག་མོའི་གཤམ་དུ་ཤག་སྒྲ་དང་བཅས་འབབ་པའི་ཆུ་སྐྱ་བོ་ཞིག་ཤུགས་ཀྱིས་རྒྱུགས་ཀྱིན་པ་མཐོང་ཞིང་།དེ་རུ་གངས་ཆུ་བྲུགས་ཚེ་མི་རྟ་ཆུས་འཁྱེར་བའི་ཉེན་ཁ་ཧ་ཅང་ཆེ་སྐད།དགུ་འཕྲང་གི་རི་ཁྲོད་དེར་མ་གཅིག་གི་སྤྲུལ་བ་ཨ་ནེ་བཟང་མོ་བྱ་བ་དང་།གཟན་དཀར་གྲུབ་ཆེན་དང་གཏེར་སྲས་ལྷ་ཆེན་སྟོབས་རྒྱལ་སོགས་དམ་པ་མང་པོ་བཞུགས་མྱོང་ཞིང་།བྱ་བཏང་གི་རྣལ་འབྱོར་བ་དུ་མ་འཇའ་ལུས་སུ་གཤེགས་པའི་ལོ་རྒྱུས་ཀྱང་ཤོད་དུ་ཡོད་འདུགདགུ་འཕྲང་མདུན་ཕྱོགས་ཀྱི་སྲིབ་རི་མཐོ་བརྗིད་ཅན་དེར་ཨ་ཡིག་རང་བྱོན་དང་རྗེ་ཨ་འབར་ཚང་གི་བཞུགས་གནས་ཡོད་པར་གྲགས་ཤིང་། དེ་ལ་ཨ་འབར་བར་ལུང་ཞེས་ཚེ་རིང་མཆེད་ལྔའི་གནས་ཡིན་ཟེར།བར་འགག་གི་འཕྲང་ལམ་དེ་བརྒྱུད་སྐབས་སྐབས་དང་སྐབས་སུ་རིག་པ་སྐྲ་རྩེ་རུ་འགྲིམས་པ་ལྟ་བུའི་བློ་མ་སྒྲིམ་ཚེ་རླངས་འཁོར་གྱི་ལམ་བུ་དོག་དྲགས་པའི་དབང་གིས་བགྲོད་ཤིན་ཏུ་དཀའ་བའི་ངང་སོང་སྟེ། གོ་མཚོན་བྱ་བའི་རི་འགག་ཅིག་ཏུ་སླེབས།དེ་ལ་གོ་མཚོན་རྡོ་རྗེ་བྲག་ཅེས་འབོད་ཅིང་གླིང་ཕུ་ནུ་སུམ་ཅུའི་གོ་ཁྲབ་གཏེར་དུ་སྦས་ས་ཡིན་པས་མིང་དེ་ལྟར་ཐོགས་ཟེར་ལ།དེ་ནི་རྡོ་རྗེ་ཕུར་བའི་གནས་ཡིན་ཀྱང་ཟེར།ཁོ་བོ་ནི་སྡིག་སྒྲིབ་ཀྱི་ལས་ཉོན་མ་དག་པའི་སོ་སྐྱེ་ཕལ་བ་ཞིག་ཡིན་པའི་དབང་གིས་དག་སྣང་གི་མིག་ལྡོངས་བར་གྱུར་ཏེ།གནས་གང་ནས་ཀྱང་རང་བྱུང་གི་སྐུ་བརྙན་དང་མཆོག་གི་བྱིན་རླབས་སོགས་མ་མཇལ་བར་རྫོབ་སྟུག་པའི་ཤུག་སྡོང་གི་ནགས་དང་བོངས་ཆེ་བའི་རྡོ་བྲག་གི་ལམ་སོགས་སྐྱི་གཡའ་བའི་རང་བྱུང་གི་བཀོད་པ་ཞིག་ལས་ཅི་ཡང་མ་མཐོང་བར་སོང་ངོ།
དེ་ནས་གཡོན་ལུང་བརྒྱུད་ལམ་འཕྲང་ཅུང་ཡངས་ས་ཞིག་ཏུ་སླེབས་ཤིང་། གངས་རིའི་ཕྱོགས་ནས་འབབ་པའི་ཆུ་དཀར་པོ་ཞིག་ཤག་ཤག་གིས་འབབ་ཀྱིན་པའི་རིའི་གདོང་ཟུར་ཞིག་ཏུ་ཐོན།གདོང་སྣེ་དེར་ཆུ་དཀར་སྣ་ཁ་ཞེས་འབོད་ཅིང་མཆོད་རྟེན་ཉི་ཟླ་ལ་གསེར་མདངས་བརྒྱན་པ་ཞིག་ཡོད་པ་དེ་དགུ་རུ་བླ་མ་གསང་ཆེན་རྡོ་རྗེས་སྤྱི་ལོ་༡༩༣༨ལོར་བཞེངས་པར་གྲགས་ཤིང་།ཕྱིས་སྡེ་འཁྲུགས་ཀྱི་དབང་གིས་རུ་སྡེ་དང་བཅས་པ་མགོ་ལོག་ཁང་གསར་ཕྱོགས་སུ་བྱོལ་བར་བཤད།དེ་ན་ཅོང་ཟིའི་མཆོད་རྟེན་ནམ་མཆོད་རྟེན་དཀར་པོ་བྱ་བ་ས་གནད་ཁྱད་པར་ཅན་ཞིག་ཡོད་པ་ལ་ཁྲོ་རྡུང་བྱ་བའི་མིང་གིས་འབོད་ཅིང་།དེ་ལ་རྨ་གཡས་ཀྱི་མཆོད་རྟེན་དཀར་པོ་ཞེས་དབྱིན་ཇི་སོགས་ཕྱི་གླིང་བའི་ས་ཁྲ་དང་ལོ་རྒྱུས་སོགས་སུ་ཡོད་པར་བཤད།ཆུ་དཀར་ཕ་རོལ་གྱི་མཐའ་མ་ཞེས་པའི་གནས་ཤིག་ཏུ་རྡོ་ཕ་བོང་ཆེན་པོ་ཞིག་གི་དཀྱིལ་དུ་ཤུག་སྡོང་རྐང་གཅིག་སྐྱེས་ཡོད་པ་ལ་གེ་སར་གྱིས་མདའ་འཕེན་སྐབས་རྟ་འདོགས་ས་ཡིན་ཞེས་པའི་ངག་རྒྱུན་ཞིག་ཤོད་དུ་ཡོད་ལ།དེའི་ལུང་ཁོག་དེར་ཧ་ལུང་ཞེས་འབོད། ཧ་ལུང་གི་ཕྱོགས་འདིར་དམ་ཅན་བླ་རྡོའམ་ཕ་ཝང་ལོང་བུ་ཅན་ཤིན་ཏུ་མང་ཞིང་།གངས་བསྐོར་གྱི་དུས་སུ་བླ་རྡོ་འཐུ་མཁན་ཡང་མང་དུ་ཡོད་པ་ཁོ་བོས་དངོས་སུ་མཐོང་ངོ།ཧ་ལུང་གི་ཡར་སྒོ་ན་བསང་དར་ཆད་ཅེས་པའི་སྤང་འབུར་ཁེར་ཆད་ཅིག་ཡོད་པ་ལ་ཕ་ལོང་ཨི་འདེབས་ཟེར་བ་ཞིག་ཡོད་ཅིང་།དེ་ནི་ཧོར་འདྲེ་ཞིག་གླིང་གེ་སར་གྱིས་མདས་འདུལ་བར་བཤད་དེ་ཕ་བོང་ཤིན་ཏུ་ཆེ་བ་གཡག་གི་གཟུགས་དང་འདྲ་བ་ཞིག་ཡོད་པའི་དང་ཁུང་དུ་མདེའུ་ཤུལ་ཟུར་གསུམ་མ་གཏིང་དུ་ཟུག་པ་གསུམ་འདུག་ལ།དེར་རླུང་དང་བསེར་བུ་རྒྱུ་སྐབས་འཁུན་སྒྲ་འབྱིན་པ་ལྟ་བུའི་སྒྲ་གྲགས་པས་ཨི་འདེབས་བྱ་བའི་མིང་བཏགས་པར་བཤད།ཧ་ལུང་གི་ཕུ་ན་བླ་མཚོ་གྲུ་གསུམ་འཁྱིལ་བ་ཞིག་འདུག་པ་ལ་དྲང་སྲོང་གཟའ་མཆོག་གི་གནས་ཡིན་ཟེར་ཞིང་།དབྱར་དུས་སུ་སྨན་གཟའ་བདུད་མང་དུ་སྐྱེས་ལ།མཐོ་སྒང་དུ་སྐྱེས་དཀའ་བའི་ཤུག་པའི་སྡོང་བོ་དུ་མ་སྐྱེས་ཡོད་པ་མ་ཟད།མིའི་རྒྱུ་འགྲུལ་གྱིས་དཀོན་པའི་ས་དེར་གངས་ཞུན་གྱི་སྟེང་དུའང་ཤུག་འབྲས་མང་དུ་སྤུངས་པ་ཡོད་འདུགཧ་ལུང་གི་ནང་དུ་མགོན་པོའི་བླ་རི་བྱ་བ་དང་།གཏེར་བདག་ཕ་བོང་གྲུ་བཞི་ཟེར་བ་ཡོད་ཅིང་།ལུང་གཞུང་དེར་རྡོ་དཀར་ལ་ཨ་ཡིག་དོད་པ་ཁྲུ་གང་ལོངས་པ་ཡོད་ཅེས་གྲགས་ནའང་ཁོ་བོས་དངོས་སུ་མ་མཇལ་ལོ།
ཧ་ལུང་ནས་ཡར་སྐེད་ལམ་དོག་པོ་ཞིག་བརྒྱུད་དེ་རྨ་ཆེན་གངས་དང་ཉེ་བའི་ལ་ཁ་ཞིག་ཏུ་སླེབས་ལ།དེ་ཀར་ཆུ་ཚོད་གཅིག་ཡས་མས་ཀྱི་རྒྱུ་ལམ་ལས་མེད་ནའང་གློ་བུར་སྨུག་པས་གཡོགས་ཤིང་གློ་བུར་ཁ་ཆར་ཟམ་ཟིམ་དུ་བབས་འོངས་པས་ད་ལྟ་ནི་དབྱར་གཞུང་གི་དུས་ཚུགས་ཤིག་ཡིན་སྙམ་པའི་སྣང་བའང་དབང་མེད་དུ་འགྱུར་འགྲོ་བ་ཞིག་རེད། དེ་ལ་འབྲག་ལྡིའི་ལ་ཁ་ཞེས་འབོད་ཅིང་།ལ་ཁ་རུ་མཚོ་ཆུང་ཆུང་ཞིག་ཡོད་པར་མ་བང་གཡུ་མཚོ་ཞེས་པའི་དབང་དྲག་གི་གཏེར་ཁ་མང་དུ་ཡོད་ས་ཞིག་ཡིན་ཟེར།བོད་ནང་དུ་མཚོ་གྲགས་ཆེན་ཕལ་ཆེ་བ་ཞིག་ལ་ནི་མ་ཕམ་པའི་མིང་གིས་འདོགས་རྒྱུར་དགའ་བའང་ཕལ་ཆེར་དག་སྣང་གི་དབང་གིས་དང་ཡང་ན་ནི་གནས་འགངས་ཆེན་དུ་བརྩིས་ཆེ་བའི་རྟགས་ཤིག་ཡིན་པ་འདྲ།མཚོ་དེའི་གོང་རོལ་གྱི་གངས་རི་མཐོན་པོ་དེ་ནི་རྡོ་རྗེ་དྲག་རྒྱལ་མའི་གནས་ཡིན་ཟེར་ལ།དེ་ནས་གཡས་ལུང་དུ་ཐུར་དུ་བབས་ན་སྦས་དཀར་སྟོང་ཤོང་ཞེས་པ་འཕགས་པའི་གནས་བརྟན་ཆེན་པོ་མི་ཕྱེད་པ་འཁོར་བཅས་བཞུགས་པའི་ཚུལ་གྱི་དེའུ་འབུར་མང་པོས་གྲུབ་པའི་ཐང་ཞིག་མཐོང་ལ།དེར་ཀླུ་སྨན་བྱེ་བ་འབུམ་གྱི་གནས་ཞེས་གསེར་སྐྱེམས་ཕུལ་དགོས་པར་གྲགས་མོད།ཁོ་བོར་ནི་ལམ་ཆང་དམ་བུ་འགའ་ལས་མེད་པས་ན་གསེར་སྐྱེམས་འབུལ་བ་ལས་ཆང་རག་གིས་མཆོད་དོ་ཅེས་རང་གིས་རང་ལའང་ཆང་རག་ཁམ་འགའ་ཕུལ་བ་ཡིན།འབྲག་ལྡིའི་ལ་ཁ་ནས་མར་གླིང་གི་རྟ་ར་དང་གེ་སར་རྒྱལ་པོས་ལྕག་ཚན་བསམ་པའི་དོན་གྲུབ་གཏེར་དུ་སྦས་པར་གྲགས་པའི་ཨ་མྱེ་ལྕག་བྱ་བ།འབྲུག་མོའི་ཆུར་ཐང་བྱ་བ་འབྲུག་མོས་ཆུར་བ་ཉི་མར་སྐམ་པར་གྲགས་པའི་ཐང་།གེ་སར་རྒྱལ་བོས་རྫོང་ཆེན་བཅོ་བརྒྱད་ཕབས་པའི་ནོར་གཏེར་གྱི་སྦ་གནས་རྣམས་ཡོད།དེ་ནས་མར་རི་ཤོད་དུ་བབས་ཚེ།རྨ་རྒྱལ་སྦོམ་རའི་ནུ་བོ་དགྲ་འདུལ་དབང་ཕྱུག་གི་བྲག་ཡོད་པ་ལ་སྐུ་ཕྱོགས་རྒྱ་ལི་སྐུ་གོང་མའི་ཕྱག་རྗེས་(ལྷ་ལུང་དཔལ་རྡོར་གྱི་ཕྱག་རྗེས་ཡིན་ཀྱང་ཟེར)དང་རང་བྱོན་ཡི་གེ་མང་དུ་ཡོད་པ་ཕལ་ཆེར་དུས་འགྱུར་ནང་འགད་རྫས་ཀྱིས་གཏོར་བས་མི་སྣང་ཡང་ཕྱག་རྗེས་ཀྱི་ཤུལ་ཙམ་ད་ལྟ་ཡང་སྣང་།དེའི་མར་ཤོད་དུ་ཐང་ཡངས་ལ་བདེ་ཁོད་སྙོམས་པ།སྤང་རྩྭ་ནེམ་ཞིང་མེ་ཏོག་གིས་ཁེངས་པ།ཆུ་བོ་ཆལ་ཆིལ་དུ་འབབ་ཅིང་བྱེའུ་སྐད་སྙན་སྒྲོགས་པའི་གནས་ཤིན་ཏུ་ཉམས་དགའ་ལ་བག་སྤྲོ་བ་ཞིག་ཡོད་པའི་ཉེ་ཟུར་དུ། དགུ་རུ་དཔལ་ཆེན་རྡོ་རྗེས་ཕྱག་བཏབས་པའི་དགུ་རུ་དགོན་གསང་ཆེན་ཨ་ཏི་དར་རྒྱས་གླིང་བྱ་བའི་རྫོགས་ཆེན་སྙིང་ཐིག་པའི་ཆོས་སྡེ་ཆུང་ངུ་ཞིག་ཡོད་སྐད་ཐོས་ཏེ།ད་ཐེངས་ཁོ་བོ་གནས་མཇལ་དུ་འགྲོ་བའི་སྐལ་བ་མ་ལྡན་ནོ།དགྲ་འདུལ་ཐང་དེར་དེང་སྐབས་སྤྲུལ་ཚེ་རིང་ལྷ་རྒྱལ་བྱ་བས་ཨ་མྱེས་རྨ་ཆེན་གེ་སར་རིག་མཛོད་ལྟེ་གནས་ཞེས་པའི་གཙུག་ལག་ཁང་ཞིག་གསར་དུ་བཞེངས་ཤིང་། བོད་ཀྱི་རིག་གནས་དང་ནང་བསྟན་གྱི་ཤེས་བྱ་སྦྱོང་སའི་སློབ་གྲྭ་དང་ཆོས་སྡེ་གཉིས་མཉམ་འབྲེལ་གྱིས་སྐྱོང་བཞིན་གནས་སོ།
སྤྲུལ་ཚེ་རིང་ལྷ་རྒྱལ་དང་ལྷན་དུ།
དགྲ་འདུལ་ཐང་ནས་སྐྱོན་པའི་རྨ་རྒྱལ་སྦོམ་རའི་གཡས་ཟུར།
དེ་ནས་ཆུའི་ཕ་རོལ་དུ་བུད་ཅིང་། ཡར་ལྷོ་ཕྱོགས་སུ་ཁ་གཏད་པའི་གནས་སུ་ལེ་དབར་སུམ་ཅུ་ཡས་མས་སོང་ཚེ་གོས་སྐུ་ཆེན་མོ་ཞེས་པ་རྨ་རྒྱལ་ཕོ་བྲང་གི་སྒོ་ཡོལ་དང་སྒྲོལ་མ་དཀར་མོའི་གནས་སུ་གྲགས་པའི་རིའི་མདུན་ངོས་སུ་སླེབས་ཤིང་། གངས་རི་དབུས་མ་དེ་ནི་ཇོ་བོ་ཐུགས་རྗེ་ཆེན་པོ་ཁ་སརྤ་ཎིའི་གནས་དང་། དེའི་མར་གཤམ་དུ་རྨ་རྒྱལ་གྱི་གཉེར་བ་མགྲོན་དགྱེས་ཞལ་དཀར། དེ་ནས་བློན་པོ་དགེས་ཐུང་བྲག་དཀར་སྟེ་གནས་དེ་ན་ལོ་ཆེན་བེ་རོ་ཙ་ན་དང་ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག་ཡོད་ཟེར་ལ། ཞབས་དཀར་རིན་པོ་ཆེའང་གནས་དེར་བཞུགས་མྱོང་སྐད། རི་མགོ་མཐོ་ཞིང་རི་ལམ་གཟར་བོ་ཞེ་ཅིག་ཡིན་པས་ཁོ་བོས་ནི་རྒྱང་མཇལ་ཙམ་ལས་མ་ནུས་སོ། དེ་ནས་ཤ་རི་གོང་ཁ་བུད་རྗེས་ཀྱི་ཆུ་གཞུང་ལམ་དུ་རྡོ་ཕ་བོང་ཆེ་བ་ཞིག་གི་སྟེང་ན་རྗེ་ཞབས་དཀར་བའི་ཞབས་རྗེས་ཡིན་ཟེར་བའི་རྐང་རྗེས་དང་ཅུང་ཟད་འདྲ་བ་ཆ་གཅིག་ཡོད་འདུག་ལ། ངག་རྒྱུན་དུ་རྗེ་ཞབས་དཀར་བ་རི་ཁྲོད་འགྲིམས་པའི་དུས་ནམ་ཤེད་ན་འབྲོང་ཞིག་ཁོང་གི་ཐད་དུ་རྒྱུགས་ཚེ། ཁོང་ཕ་བོང་གི་སྟེང་དུ་བུད་པ་དང་འབྲོང་གིས་རྭ་ཅོས་བརྡུང་ཚེ་ཁོང་འབྲོང་གི་རྭ་བར་དུ་ལྡིང་ཞིང་། འབྲོང་གིས་རྭ་སྤྲུགས་བྱས་ཚེ་གཉའ་སྟེང་དུ་ཞོན་ནས་ཀི་བཏབས་པར་འབྲོང་སྐྲག་ནས་བྲོས་ཏེ་ཐག་རྒྱང་གང་དོ་ཙམ་ལ་འཁུར་ནས་སར་འཕངས་པ་སོགས་ཁོང་གི་རྣམ་ཐར་དུའང་གསལ་ཞེས་གྲགས་ལ། ཞབས་རྗེས་ནི་སྐབས་དེ་དུས་བཞག་པ་ཡིན་ནམ་སྙམ་པ་བྱུང་། དེ་ནས་ཕྱིར་བྱང་ཕྱོགས་སུ་མར་བབས་མཚམས་ཇོ་མོ་གཡང་ར་ཟེར་བའི་གནས་ཤིག་ཏུ་སླེབས་ཤིང་། ཇོ་མོ་གཡང་རའི་ངོས་སུ་ལྷ་རྟ་རྐྱང་ངུ་དང་ལྷ་ཁྱི་དང་ལིའི་རྗེས་ཡོད་སྐད་ཐོས་ཀྱང་དངོས་སུ་མཇལ་ཐུབ་མ་བྱུང་། གཡང་རའི་གཡས་ཕྱོགས་ཉེ་ཟུར་དུ་ལྷ་ལུང་དཔལ་རྡོར་གྱི་སྐུ་རྗེས་ཡོད་པའི་བྲག་ཅིག་ཡོད་ཟེར་ཞིང་། བྲག་དེར་ལག་གཉིས་ཀྱིས་འཆང་སྟེ་ལུས་པོ་སྐུམ་སྐུམ་བྱས་པས་གཤིན་རྗེའི་རྒྱ་མ་མཇལ་བའི་གོ་ཆོད་པར་གྲགས་ཟེར་མོད། བྲག་ནི་བྲག་རྡོ་སྐྱ་བོ་ཞིག་འདུག་སྟེ། དེར་ལག་པས་འཆང་སྟེ་གཤིན་རྗེའི་རྒྱ་མར་ཚད་སོང་།། ཕྱིན་ཆད་ཚད་རྒྱུ་མེད་སོང་།། ཞེས་པའི་ཁ་སྨོན་ཅིག་འདོན་བཞིན་པ་གནས་མཇལ་བའི་ངག་ནས་ཐོས་བྱུང་ལ། དེ་ནས་ཡ་མ་ཐར་ཁུང་བྱ་བའི་བྲག་ཁུང་དོག་མོ་ཞིག་འཛུལ་བཞིན་པར་ཡང་། གཤིན་རྗེའི་འཕྲང་ལ་བུད་སོང་།། ཕྱིན་ཆད་འབུད་རྒྱུ་མེད་སོང་།། ཞེས་འདོན་པ་དང་། དེ་ནས་ཡར་མ་ལྡང་གོང་གན་རྐྱལ་གྱིས་ཕ་རིའི་བྲག་ལེབ་གོར་མོ་ཞིག་ལ་བལྟས་ནས་། གཤིན་རྗེའི་མེ་ལོང་བལྟས་སོང་།། ཕྱིན་ཆད་བལྟ་རྒྱུ་མེད་སོང་།། ཞེས་པའི་སྨོན་པ་དགོད་བྲོ་བོ་དག་ཀྱང་འདོན་རྒྱུ་ཡོད་འདུག་སྟེ། ཡ་མ་ཐར་ཁུང་དུ་ལྟོ་བ་ལུག་ལུག་གི་མི་ཞིག་རྩད་ནས་ཐར་ཐབས་མི་འདུག་ན། གཤིན་རྗེའི་མེ་ལོང་ལ་བལྟ་ཐབས་མེད་ལ་གཤིན་རྗེའི་འཕྲང་ལམ་ཡང་བརྒལ་ཐབས་མེད་པས་ད་ནི་ཅི་བྱ་ཨང་།
དེ་མཚམས་སུ་ཉི་མ་སྲོད་འཁོར་གྱི་དུས་སུ་སླེབས་ཤིང་གདོས་བཅས་ཕུང་བོའི་རྒྱ་ལས་མ་ཐར་བའི་རང་ཉིད་ཀྱང་བཀྲེས་ལྟོགས་ངལ་དུབ་ཀྱིས་ཡོངས་སུ་ཟིན་པས་ན་རྨ་ཆེན་གྱི་ནུ་བོ་དགྲ་འདུལ་ཐང་དུ་ཚོང་རྒྱུགས་རས་ཁྲའི་གུར་ཆུང་ཞིག་དལ་གྱིས་བརྒྱངས་ཏེ་ངལ་གསོས་པར་གདའ་འོ།།
༢༠༡༠ལོའི་ཟླ༨པའི་ཚེས་༡༨ཉིན།
----གྲོགས་འབྲོང་དང་སྙན་ངག་གི་ལབ་གླེང་བྱས་པ།
ལོ་འདི་འགར་ཚོར་བ་ཞིག་དེད་དེད་ནས་ངས་གདོད་ཐོག་མའི་དྲན་སྣང་རིགས་ཤིག་གི་བསྐྱར་གསོན་གྱི་འབོད་སྐད་དེ་ཐོས་བྱུང་། རྒྱུ་དེས་ངས་སྙན་ངག་གི་གཉུག་གཤིས་དངོས་ནི་དྲན་སྣང་གང་རུང་ཞིག་གི་སླར་གསོ་ཡིན་པར་རྟོགས་ཤིང་། སྙན་ངག་འབྲི་བ་ནི་སྤྱི་ཁྱབ་དོན་སྙིང་གི་སྟེང་ནས་བཤད་པའི་གཡོ་མེད་ཀྱི་བདེན་ལུགས་གང་ཞིག་འཚོལ་བའི་བརྒྱུད་རིམ་མིན་པའང་ཞར་གྱིས་རྟོགས་སོང་། ཚད་ངེས་ཅན་ཞིག་ནས་བལྟས་ན། སྙན་ངག་ལ་རང་ཉིད་ཐུན་མིན་གྱི་ཁྲིམས་སྲོལ་ཞིག་ཡོད་པར་བཤད་ཆོག་སྟེ། སྙན་ངག་གིས་ཐོག་མཐའ་བར་གསུམ་དུའང་བདེན་དོན་ཞིག་སྙེགས་ཀྱིན་ཡོད་འདུག འཚོ་བའི་བདེན་པ་དང་དུངས་ཚོར་གྱི་བདེན་པ་ནས་མཐའ་མཇུག་གི་སྐད་ཆའི་བདེན་པའི་བར་དུ་སྙན་ངག་གིས་ཁྱབ་ཡོད་ཕྱིར། འདི་ནི་སྦྲིད་སྨན་ལྟ་བུའི་སྙན་ངག་གིས་མི་རྣམས་ར་བཟི་བར་བྱེད་པའི་དོན་སྙིང་དེ་ཀ་རེད་འདོད།
སྙན་ངག་པ་ལ་ཕུན་སུམ་ཚོགས་པའི་ཚོར་ཤུགས་སྐྱེན་པོ་ཞིག་དགོས་ལ། ཚད་ལས་བརྒལ་བའི་བཟོད་པ་ཞིག་ཀྱང་དགོས་ཏེ། ཀློང་ཡངས་པའི་སྐད་ཆའི་སྒྲ་འབྲུ་དག་གི་ཀློང་དུ་ཞུགས་དུས་བདག་མེད་ཀྱི་སྒོམ་སྟོབས་ལྟ་བུའི་ཟག་མེད་ཀྱི་རྟོག་སྣང་ཞིག་ཀྱང་ངེས་ཅན་དུ་དགོས་ཏེ། བཏང་ན་དགེ་བའི་དམིགས་པ་ཀུན་ལ་འགྲོ་བ་ལྟ་བུའི་རྟོག་སྣང་ཞིག་གིས་ད་གཟོད་འབྲི་མཁན་རང་གི་འཚོ་བའི་མྱོང་ཚོར་བྱེ་བྲག་པ་གང་ཞིག་འདུ་ཤེས་འོག་མའི་བཀག་རྒྱ་ལས་གྲོལ་བར་བྱེད་ཀྱིན་ཡོད། དེ་དཔྱད་སྟོབས་ཤིག་མིན་ལ། སྡོམ་ཚིག་ཅིག་ཀྱང་མིན་པར།དེ་ནི་བདེན་དོན་ཞིག་སྟེ།སྙན་ངག་ཁོ་རང་ཉིད་ལ་དབང་བའི་བདེན་དོན་ཞིག་རེད། བདེན་དོན་དེ་ལ་མཚོན་དོན་དང་དཔེ་གཟུགས་གང་ཡང་ཡོད་པ་མ་རེད།
ཚད་གཞི་འདིའི་སྟེང་ནས་བལྟས་ན། སྙན་ངག་བྱ་བ་དེ་རབ་རིབ་ཅན་ཞིག་མིན་ལ། ཡོངས་སུ་གསལ་བ་ཞིག་ཀྱང་མིན་པ་མ་ཟད། ཡིག་འབྲུས་མཚོན་པར་བྱེད་པ་རྐྱང་ཞིག་ཀྱང་མ་རེད། སྙན་ངག་བྱ་བ་དེ་བརྒྱན་ཚིག་ཅིག་མིན་པར་བར་དང་མཚམས་མེད་པར་སེམས་ཀྱི་གསང་གནས་འཚོལ་བའི་དམིགས་པ་ཞིག་རེད། དེའི་དབང་གིས་སྙན་ངག་འབྲི་བ་བོ་དེས་ངེས་པར་དུ་རང་ཉིད་དམ་བདག་ཅེས་པའི་ལྟ་ཚུལ་འདི་རྨང་ནས་འདོར་དགོས་ཤིང་། དེ་འདོར་བ་ནི་སྔར་ལས་གཏིང་ཟབ་པའི་སྒོ་ནས་དམིགས་པ་འབྱོངས་བར་བྱེད་པའི་རྐྱེན་ཡིན། དམིགས་པ་གང་ལ་འབྱོངས་དགོས་སམ་ཞེ་ན། དངོས་པོའི་ཟུར་དང་སྣེ་མི་འདྲ་བ་སྣ་ཚོགས་ཁྲོད་ཀྱི་བག་ཆགས་ཤིག་གམ།རབ་རིབ་མག་མོག་ཏུ་སྣང་བའི་ཚོར་བའི་གས་སྲུབས་ཤིག་གམ།ཕན་ཚུན་བསྣོལ་མར་འདྲེས་པའི་རྟོག་འཆར་གྱི་ཆ་ཤས་ཤིག་གམ། ཟབ་ཅིང་གཏིང་མི་དཔག་པའི་རིག་པའི་མཐའ་མཚམས་ཤིག་ཡིན་འདུག
ང་རང་ནམ་དུ་ཡང་ཡིད་ཆེས་པ་ཞིག་ལ་སྐད་ཆ་ནི་མིའི་རིགས་སྐྱེ་འཆི་ཡི་རྨང་རྡོ་གོར་མོ་དང་། ཚེ་སྲོག་གི་སྙུང་གཟུགས་མཆོད་རྟེན་ཞིག་ཡིན་པ་དེ་རེད།སྐད་ཆ་དེ་ལ་ལྗོན་ཤིང་ཞིག་གམ་སྤྲིན་པ་ཞིག་ལས་ཀྱང་མངོན་སུམ་གྱི་བདེན་པའི་རང་བྱུང་གི་ཁྱབ་ཁོངས་ཡོད་ཅིང་། དེའི་ཁྲོད་ཀྱི་གཉིས་སུ་མེད་པའི་བདེན་དངོས་དང་ནུས་ལྡན་གྱི་སྐད་ཆ་ནི་སྙན་ངག་རེད་འདུག སྙན་ངག་གི་སྐད་ཆ་དེ་ལ་སྟོངས་ཆའམ་ཞན་ཆ་གང་ཞིག་ཡོད་ནའང་དེ་ཡང་བདེན་དངོས་དང་ནུས་ལྡན་འབའ་ཞིག་ཡིན་ཞིང་། ཕྱོགས་ངོས་ཤིག་ནས་བཤད་ན་སྙན་ངག་གི་ཞན་ཆ་དེ་ནི་མིའི་རིགས་ཀྱི་ཞན་ཆ་ཡིན་ཞེས་བཤད་ཆོགཕུལ་དུ་བྱུང་བའི་སྙན་ངག་དེ་ནི་རང་བྱུང་གི་དངོས་པོ་ཞིག་དང་འདྲ་བར་དེའི་སྟེང་དུ་འདྲེས་སྦྱོར་དང་ཆད་ལྷག་གི་རྡུལ་སྙིགས་གང་ཡང་ཡོད་པ་མ་རེད།
རང་སྣང་གི་གབ་སྦས་དང་སྔོགས་འདོན་གོ་རིམ་ཁྲོད་ཀྱི་གས་ཆག གཟུགས་འགྱུར་ལ་སོགས་གང་ཡང་མེད་པར་རང་རྟོགས་སམ་རང་རྟོགས་མ་ཡིན་པའི་ཚུར་སྣང་ཡོད་ཚད་ནི་སྙན་ངག་གིས་མི་ལ་བྱིན་པའི་ཟུག་གཟེར་གྱི་བསླུ་བྲིད་འབའ་ཞིག་ཡིན། སྙན་ངག་ཅིག་འགྲུབ་པའི་གོ་རིམ་ཁྲོད་དུ་སྙན་ངག་གིས་ལྷ་སྒྲུང་ནང་བཞིན་གྱི་སེམས་པའི་དཔེ་གཟུགས་ཤིག་གི་ནུས་པ་འདོན་བཞིན་ཡོད་དེ། དེ་ནི་མིའི་རིགས་དུངས་ཚོར་གྱི་བསྐྱར་གསོ་ཡིན་ནོ། ། དེ་ཡིས་དུངས་ཚོར་ཡོད་ཚད་ཀྱི་འབྱུང་རྐྱེན་དང་ཆགས་འཇིག་མཚོན་བཞིན་ཡོད་ཅིང་།དུངས་ཚོར་བྱ་བ་ནི་སྐབས་རེར་གདོང་འབག་ཅིག་ཡིན་ཆོག་ལ་སྐབས་རེར་གཉུས་གཤིས་དག་མ་དེའང་ཡིན་ཆོག མདོར་ན་སྙན་ངག་བྱ་བ་ནི་སྐད་ཅིག་མའི་རང་བཞིན་ཅན་ཞིག་ཏུ་འདོད་ཅིང་། དུས་ཚོད་ཡོད་ཚད་ཀྱི་མ་ཡུམ་དུ་གྱུར་བའི་སྙན་ངག་དེས་ད་གཟོད་ང་ཚོ་དུས་ཚོད་ཀྱི་དྲ་རྒྱའི་ཀློང་ནས་ཡང་དང་ཡང་དུ་བཅིངས་གྲོལ་གཏོང་བཞིན་ཡོད།
ཕུལ་དུ་བྱུང་བའི་སྙན་ངག་ཅིག་ནི་མི་ཡུལ་གྱི་ཆེས་ལེགས་པའི་སེམས་གསོ་ཐེངས་ཤིག་ཡིན་ཟེར། རང་གིས་སྙམ་ན་དེ་ལྟའི་སྙན་ངག་ཅིག་འགྲུབ་དགོས་ཚེ་གབ་སྦས་ཀྱི་དཔེ་མཚོན་ཁོ་ནས་འགྲུབ་ནུས་པ་ཞིག་གཞར་ཡང་མ་རེད། གབ་སྦས་ཀྱི་དཔེ་མཚོན་དག་ནི་སྐད་ཆ་དང་དངོས་པོའི་བར་དུ་གནས་ཤིང་སྐད་ཆའི་ནང་རིམ་ནས་གྲུབ་དགོས་པ་ཞིག་རེད་འདོད་ཅིང་། དེ་བས་ཀྱང་ཆ་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། ང་ཚོས་ངེས་པར་དུ་བརྗེད་ངེས་ལ་སློབ་སྦྱོང་བྱ་དགོས་ཏེ། སྐད་ཆ་བརྗེད་པ་དང་རྩོམ་རིག་བརྗེད་པ།ང་ཚོ་རང་ཉིད་ཀྱི་དམིགས་མདུན་ཡོད་ཚད་བརྗེད་པར་བྱ་དགོས།དེ་ལྟར་བྱས་པས་ང་ཚོར་མ་མཐའ་ཡང་ནོར་འཁྲུལ་ཆེས་ཉུང་བའི་བདེན་པ་ཞིག་རྙེད་པར་འགྱུར་ལ། བསམ་དཔག་ལས་འདས་པའི་འོད་སྣང་གཅེར་བུ་ཞིག་ཀྱང་འཐོབ་པར་འགྱུར་སྲིད་སྙམ།
སྙན་ངག་ཅིག་འབྲི་བ་ལ་སྙན་ངག་པ་དེ་ནི་ཚོགས་ཞུགས་པ་ཞིག་གི་གོ་གནས་ལས་ཅི་ཡང་མ་འདས་ཏེ། ཁོ་ནི་མུ་ཏིག་ཅིག་སྦྲུམ་པའི་གོ་རིམ་ཁྲོད་ཀྱི་ཆེས་སྔ་བའི་བྱེ་ཟེགས་རྡོག་པོ་ཙམ་རེད། ཁོས་ནི་ས་བོན་གང་ཞིག་གཏོར་བ་ཙམ་སྟེ། སྙན་ངག་དེ་སྙན་ངག་ཅིག་ཏུ་འགྲུབ་པའི་གོ་རིམ་ནི་ས་བོན་རང་ཉིད་སྐྱེ་འཕེལ་འབྱུང་བའི་གོ་རིམ་ཞིག་རེད་འདོད། དེ་སྐྱེ་བའམ་འཆི་བ་གང་ཡིན་ཀྱང་སྙན་ངག་ཡིན་དགོས་པས། སྙན་ངག་བྱ་བ་དེ་མིས་བཟོས་ཀྱི་རྫ་ཆས་ཤིག་གམ་མགུལ་རྒྱན་ཞིག་མ་རེད་སྙམ། ཡིག་འབྲུ་གཅིག་གམ་ཐ་སྙད་ཅིག་ལ་ང་ཚོས་ཁོས་མཚོན་ནུས་ཀྱི་དོན་སྙིང་ཞིག་བསྣན་པ་དང་དུས་མཚུངས་སུ། ཐ་སྙད་དེ་རང་ལའང་རང་ཉིད་ཀྱི་དབུགས་ཀྱི་འབྱིན་རྔུབ་དང་པགས་གཉེར་གྲུབ་ཡོད་ཅིང་། ཁོ་རང་ཉིད་ལ་རང་ཉིད་ཀྱི་ལས་དབང་གནས་ཡོད་པས། ང་ཚོས་ཅིས་ཀྱང་ཐ་སྙད་དེ་ལ་གུས་བཀུར་བྱ་དགོས། ཡང་གཅིག་བཤད་ན། ང་ཚོས་སྙན་ངག་ཅིག་གི་འབྱུང་རྐྱེན་ལ་གཏིང་ཟབ་པའི་ངེས་ཤེས་ཡོད་དགོས་པ་དེ་ཡིན།
མཛེས་དཔྱོད་རིག་པའི་ངོས་ཐད་ནས་བལྟས་ན། སྙན་ངག་པས་སྙན་ངག་ཅིག་རྩོམ་པར་ཁོ་རང་ཉིད་ལ་མཚོན་ན་གསར་བ་གསར་རྐྱང་གི་སྔོན་འགྲོ་ལྟ་བུ་ཞིག་ཡིན་ཞིང་། སྙན་ངག་གིས་ཀྱང་དེའི་ལྡོག་ཕྱོགས་ནས་སྙན་ངག་པར་རང་གི་གསར་རྩོམ་གྱི་གོམས་ལུགས་དང་། སྲོལ་རྒྱུན་དང་རིན་ཐང་། སྤྱི་ཁྱབ་ནས་ཁས་ལེན་ཐུབ་པའི་མཛེས་དཔྱོད་ཀྱི་ལྟ་སྟངས།སྙན་ངག་པ་རང་གི་འཚོ་བའི་མྱོང་བའམ་བདེན་བདེན་དུ་འདོད་པའི་ལྟ་ཚུལ་ཡོད་ཚད་ལ་དོགས་གཟབ་བྱེད་པར་སྐུལ་གྱིན་ཡོད། དེའི་རྒྱུ་གཙོ་བོ་ནི་སྙན་ངག་ནི་སྐད་ཆ་ཡིན་པ་ལས་མི་མ་ཡིན་པ་སྟེ། དེ་ནི་ད་གཟོད་སྤྱི་ཚོགས་འབྲེལ་བ་ཡོངས་ཀྱི་འདུས་མདོ་ཡིན་པ་དེ་རེད། ང་ཚོས་ང་ཚོ་རང་ཉིད་ནི་སྐད་ཆའི་གྲིབ་གཟུགས་ཤིག་ཡིན་པ་བརྗེད་པར་བྱས་ཤིང་། སྐད་ཆ་ནི་ཚེ་སྲོག་གི་མ་ཡུམ་ཡིན་པ་བརྗེད་པར་བྱས་ཏེ། དེ་ནི་ལག་ཆ་ཁོ་ན་ཞིག་ཡིན་པའི་ལྟ་ཚུལ་བཅངས་ཚེ།མི་དང་མིའི་བར་གྱི་འབྲེལ་འདྲིས་ཡོད་ཚད་ནི་མགོ་མཇུག་འཁྲུལ་ཅིང་དབུལ་ཕོངས་ཤིག་གི་སྣང་ཚུལ་ལས་མ་འདས།
འདི་ལྟ་བུའི་སྙན་ངག་ཅིག་འབྱུང་བ་ནི་སྐད་ཆའི་ཁྲོད་ཀྱི་གསང་བའི་ཕོ་བྲང་ཞིག་ཡིན་པར་ང་རང་ནམ་དུ་ཡང་ཡིད་ཆེས་ཡོད་དེ། དེའི་འགལ་འདུ་དང་འཁྱོག་གཟུགས།བསྣོལ་འདྲེས།འཕྲུལ་སྣང་དག་ཀྱང་རེས་ཆད་རེས་གསལ་གྱི་གློག་བུམ་ཞིག་དང་འདྲ་ལ། རྟོག་ལྗོངས་ཀྱི་མེ་ལོང་དག་ཀྱང་ཆགས་གས་སུ་འགྲོ་ངེས་དེ། གསར་བ་གསར་རྐྱང་གི་རླུང་བུ་གང་ཞིག་ལྡངས་བའི་བར་དུ།
༢༠༡༠ལོའི་ཟླ༨པར་ཟི་ལིང་ནས།
ང་ཚོའི་ལག་མཐིལ་གྱི་རི་མོ
ཆུང་ངུའི་དུས་སུ
མེས་པོ་ཚོས་ལག་མཐིལ་གྱི་རི་མོར་བལྟས་ནས
གང་ཞིག་ནི་ཚེ་སྲོག་གི་བཞུད་ལམ་དང
གང་ཞིག་ནི་ལས་དབང་གི་བགྲོད་ལམ་ཡིན་ལ
གང་ཞིག་ནི་བརྩེ་དུང་གི་སྐུད་ལམ་དང
གང་ཞིག་ནི་སེམས་གཤིས་ཀྱི་མདུད་སྣེ་ཡིན་པར་སྒྲོགས
ལག་མཐིལ་གྱི་གཉེར་རིས་རེ་རེ་ནི
ང་ཚོ་ཕན་ཚུན་སྦྲེལ་བྱེད་ཀྱི་ཐག་པ་ཡིན་ཞིང
ང་ཚོའི་སྐྱེ་འཆི་གཉིས་ལྷན་དུ་མདུད་བྱེད་ཀྱི་ལོང་བུ་ཡིན་ཞེས་བཤད
ལག་མཐིལ་གྱི་རི་མོ་དེ་དག
དཀར་པོ་མིན་ལ ནག་པོའང་མ་རེད
སེར་པོ་མིན་ལ ལྗང་གུའང་མ་རེད
ལག་མཐིལ་གྱི་རི་མོ་དེ་དག
ཆུང་ཆུང་ལུ་གུ་འཚོ་སའི་ཐང་གཞོང་མིན་ལ
གཞོན་ནུའི་གསང་གཏམ་ཤོད་སའི་རི་སུལ་ཀྱང་མ་རེད
སྐྱོ་ལ་སྡུག་གླུ་ལེན་སའི་ལུང་གྲོག་མིན་ལ
དགའ་ལ་སྐྱིད་བྲོ་འཁྲབ་སའི་རྩྭ་ཐང་ཡང་མ་རེད
ལག་མཐིལ་གྱི་རི་མོ་དེ་དག
འདི་དང་དེ་ཡི་ཆ་ཤས་ཤིག་གམ གྲུབ་ཆ་ཞིག་གམ
ཡན་ལག་ཅིག་གམ ལེ་ཚན་ཞིག་ཀྱང་མ་རེད་དེ
ཡངས་ལ་ཨ་ཆེན་གྲུ་བཞིའི་གཤོང་ཐང་མིན་ལ
མཐོ་ལ་ཏི་སེ་ལྷུན་པོའི་དབུ་རྩེའང་མ་རེད
དོག་ལ་རྨ་འགག་དང་པོའི་བསྐོར་ལམ་མིན་ལ
འཕྱོ་ལ་འབྲི་ཆུ་རིང་མོའི་རླབས་ཕྲེང་ཡང་མ་རེད
ལག་མཐིལ་གྱི་རི་མོ་དེ་དག
ལོ་ཟླའི་རྒས་གཉེར་བབས་པའི་སྡོང་རྒན་གྱི་ཤུན་པ་ལྟ་བུ་སྟེ
ལོ་རྒྱུས་དཀྱུས་སུ་བཞག་པའི་གཡུལ་འགྱེད་ཀྱི་རྨ་ཁ་ལྟ་བུ་རེད
ལག་མཐིལ་གྱི་རི་མོ་དེ་དག
ཐོ་རེངས་སྨག་གིས་བསགས་པའི་རྩྭ་མགོའི་ཟིལ་བ་ལྟ་བུ་སྟེ
མཚན་མུན་རླུང་གིས་དཀྲོགས་པའི་སྦྲ་འདབས་ཀྱི་དར་ལྕེ་ལྟ་བུ་རེད
ལག་མཐིལ་གྱི་རི་མོ་དེ་དག
ཨོ དེ་དག་ནི་མ་གཞིར
གཞིས་བྱེས་གྱེས་གདུང་གིས་བྲད་པའི་སྐྱོ་ཡུས་གྱི་སེན་རྗེས་དམར་པོ་དང
ཕ་ཁྱིམ་བོར་སྟོར་གྱིས་བཏང་བའི་མིག་ཆུ་ཡི་བཞུར་ཤུལ་ནག་པོ་སྟེ
ཤ་གྱོད་ཀྱི་ཕ་བོང་བསྒུལ་སའི་འོབས་དོང་རེ་རེ་དང
ཁྲག་ཡིག་གི་ཟིན་ཐོ་འབྲི་སའི་ཐིག་ཕྲེང་རེ་རེ་ཡིན་ཨང་།
༢༠༡༠ལོའི་ཟླ༧པར།
ང་རང་སྐྱེས་མ་ཉིད་དུ་རྒས་སོང
༡
ང་རང་སྐྱེས་མ་ཉིད་དུ་རྒས་སོང
ང་རང་འགྲེང་མ་ཉིད་དུ་འགྱེལ་སོང
ངས་གཏམ་བཤད་མ་ཉིད་དུ་ལྐུགས་ཤིང
ངས་མིག་ཕྱེས་མ་ཉིད་དུ་ལོང་སོང
ངས་སུ་ཞིག་པང་དུ་ལེན་འདོད་ཀྱི་ལག་པ་བསྲིངས་མ་ཐག
དཔུང་ངར་སྦོམ་པོ་རྩད་ནས་ཆད་ཅིང
ངས་སུ་ལ་མེ་ཏོག་གཏོར་འདོད་ཀྱི་ལག་པ་བསྲིངས་མ་ཐག
མེ་ཏོག་ཡོད་ཚད་རྐང་ནས་རྙིལ་སོང
ངས་སྐར་ཁུང་ལས་མཐོང་བའི་ཉི་འོད་ཀྱི་ཆགས་གྲུམ་མཐོང་མ་ཉིད་དུ
མིག་དབང་ཡོངས་སུ་ཉམས་ཤིང
ངས་དུར་ཁུང་ལས་མཆེད་པའི་རུས་ཀོག་གི་རྐན་སྒྲ་ཐོས་མ་ཉིད་དུ
རྣ་བ་ཡོངས་སུ་འོན་སོང
༢
ངས་ལུག་ཤ་བཟའ་འདོད་ཀྱི་གྲི་ཆུང་བཤམས་མ་ཐག
གྲི་དངོ་བཙའ་ཡིས་གཡོགས་ཤིང
ངས་རྩམ་པ་བཟའ་འདོད་ཀྱི་ཕོར་བ་བཟུང་མ་ཐག
ཕོར་བ་དཀྱིལ་ནས་གས་ཚར
ང་རང་རི་མགོ་མཐོ་ས་རུ་འགོ་དུས
རི་བོ་རྨང་ནས་ཉིལ་ཟིན་ལ
ང་རང་ཆུ་བོ་ཟབ་ས་རུ་སྒྲོལ་དུས
ཆུ་བོ་ཡོངས་སུ་སྐམ་ཟིན
༣
ང་རང་འཇིག་རྟེན་དུ་སྐྱེས་འདོད་མེད་པར་ཡང་ཡང་སྐྱེས་དགོས་བྱུང་བ་བཞིན
ང་རང་འཇིག་རྟེན་ནས་འཆི་འདོད་མེད་པར་ཡང་ཡང་འཆི་དགོས་བྱུང
ངས་རྫུན་གཏམ་ལ་ཅི་ཙམ་རྒོལ་བ་དེ་སྲིད་རྫུན་གཏམ་ལབ་དགོས་བྱུང་ཞིང
ངས་རྨོངས་དད་ལ་ག་ཚོད་དགག་པ་དེ་སྲིད་ཐལ་མོ་སྦྱོར་དགོས་བྱུང་ཡོད
ང་རང་སྒོ་ཕྱིར་ཆས་དུས་ཕྱིར་ཁང་བའི་ནང་དུ་སླེབས་ཤིང
ང་རང་ལམ་དུ་ཞུགས་དུས་ལམ་གྱིས་ང་རང་འཁྲིད་ཀྱིན་ཡོད
ང་རང་སྨྲ་བ་མེད་པར་བསྡད་ཀྱང་སྐད་ཆས་ང་རང་གླེང་ཞིང
ང་རང་འགུལ་བ་མེད་པར་བསྡད་ཀྱང་སེམས་པས་ང་རང་བསྒུལ་བཞིན་ཡོད
ང་ཡིས་ན་ཟུག་གི་ངུ་ངག་འབྱིན་འདོད་མེད་ཀྱང་མིག་ཆུ་ཡིས་ང་རང་བརླན་ཞིང
ང་ཡིས་ལ་རྒྱ་ཡི་གད་རྒྱངས་སྒྲོགས་འདོད་མེད་ཀྱང་ང་རང་སྔར་ནས་སེང་གེ་རུ་གྱུར་ཚར
ང་ཡིས་ཁྲག་དང་བཅས་པའི་ཡི་གེ་བྲིས་མ་མྱོང་ནའང
ཁྲག་གིས་གོས་པའི་སྐད་ཆ་ཡོད་ཚད་ངའི་སྙིང་དབུས་ནས་སྦྲུམ་ཏེ
དོན་ལྔ་སྣོད་དྲུག་ཏུ་ཁྱབ་ཚར
༤
ང་རང་ཉིན་མོར་དགའ་དུས་ཉི་མ་བོར་ཟིན་ལ
ང་རང་མཚན་ལ་དུངས་དུས་ཟླ་བའང་ཡལ་ཟིན
ངས་རྒྱང་རིང་ལ་སྒུགས་དུས་རེ་བ་ཉེ་གམ་ནས་ཟད་ཅིང
ངས་ཁ་སང་གླེང་དུས་དེ་རིང་གི་དུས་ཚོད་ཟད་ལ་ཉེ
ང་རང་དགུན་གྱི་འཁྱག་གྲང་ལ་ཇི་ལྟར་གཡོལ་ནའང
དགུན་གཞུང་གི་རླུང་བུ་མི་སེམས་ཀྱི་གཏིང་ནས་ལྡངས་ཤིང
ང་རང་ཁ་བའི་མེ་ཏོག་ལ་ཅི་ཙམ་དུངས་ནའང
གངས་ཀྱི་འདབ་མ་སྔར་ནས་ཆུ་རུ་གྱུར་ཟིན
དེ་ལྟར་འདི་ལྟར་དུ
ང་ང་ཡི་ནང་རིམ་ནས་རྒས་ཤིང
ང་ང་ཡི་ཕྱི་ལོགས་སུ་འཆི་བཞིན་ཡོད་པས
གཡོ་ཟོལ་གྱི་དུངས་བའམ སྡང་སྡིགས་ཀྱི་བསླབ་བྱ་གང་ཡང
ངའི་ཕྲག་ཏུ་མ་སྐྱོན་རོགས
མ་སྐྱོན་རོགས
༢༠༡༠ལོའི་ཟླ༧པར་།
ཁ་བ་ལེབ་མོ་ཞིག་ལས་མཐོང་བའི་འཇིག་རྟེན།
ཁ་བ་ལེབ་མོ་དག་རི་རྩེ་རུ་བབས་བྱུང་ན་གངས་ཀྱི་རི་བོ་ཞིག་ཏུ་འགྲུབ་སྟེ།གངས་རི་མཐོན་པོ་ཞིག་ཉིལ་བྱུང་ནའང་ཁ་བ་ལེབ་མོ་ཞིག་ལས་མེད་པ་བཞིན།
གངས་རི་ནི་སྤྱི་ཚོགས་ཤིག་ཡིན་པའི་དབང་དུ་བཏང་ན།ཁ་བ་ལེབ་མོ་དེ་ནི་སྤོབས་ཉམས་ཀྱིས་ཕྱུག་པའི་ན་གཞོན་ཞིག་ཡིན་སྲིད།
ང་ཚོས་གངས་རི་ཡི་རྔམ་བརྗིད་དང་གཏོས་ཆེ་བའི་ཕུང་བོ་དེ་མཐོང་བ་ལས་གཞན། ཁ་བ་ལེབ་མོ་ཞིག་ལ་བསམ་བློ་བཏང་མ་མྱོང་བ་འདྲ་སྟེ།ཁ་བ་ལེབ་མོ་དེ་ཡོད་པས་ད་གཟོད་གངས་རི་ལའང་རང་ཉིད་ཀྱི་བླ་སྲོག་ཡོད་པར་གྱུར།
འཇིག་རྟེན་གྱི་བར་སྣང་ཉུལ་བའི་ཁ་བ་ལེབ་མོ་དེར།རེག་བྱ་གྲང་ངར་དང་ལྡན་པ་ནི་ཁོ་རང་གི་གཉུག་གཤིས་དག་མ་དེ་ཡིན་ལ།ཁོ་རང་གི་ཐུན་མིན་གྱི་འཚོ་སྟངས་དེའང་ཡིན་ནོ།
ངས་རྒྱུན་དུ་གངས་རི་དང་རླུང་འཚུབ་གཉིས་ཀྱིས་རྒྱན་འཇོག་པ་མཐོང་ཞིང་།རྒྱན་འཇོག་གི་ནང་དོན་གང་ཡིན་ཆ་མི་འཚལ་ནའང་གངས་རི་ནི་རྒྱུན་དུ་ཕམ་ཁ་ཉོ་མཁན་དེ་ཡིན་པ་སྟེ།ཕམ་ནས་དབུ་ཞྭའང་མེད་པར་གྱུར་དུས།ད་གཟོད་གངས་རི་ནི་ཁ་བ་ལེབ་མོ་ཞིག་ཡིན་པ་ཤེས་སོང་།
དྲང་གནས་བཤད་ན་ཁ་བ་ལེབ་མོ་ནི་གངས་རི་ཡི་ཚེ་སྲོག་བརྟེན་པའི་བླ་ཡིན་ཏེ།གངས་རི་མཐོན་པོ་ནི་རྔམས་མཐུག་ཅིང་རྫོབ་སྟུག་པའི་དཔེ་ལྡེབས་ཤིག་ཡིན་པའི་དབང་དུ་བཏང་ན།ཁ་བ་ལེབ་མོ་དེ་ནི་དཔེ་ལྡེབས་དེའི་དོན་སྙིང་དང་བརྗོད་བྱའི་སྲོག་ཡིན་དགོས།
ཁ་བ་ལེབ་མོ་རེ་རེ་ནི་གསལ་བྱེད་སུམ་ཅུའི་སྲོག་ཏུ་ཞུགས་པའི་དབྱངས་ཨ་ཞིག་དང་འདྲ་བར།གངས་ཀྱི་རྦབ་དྲག་པོའི་སོར་རྩེ་ནས་བརྗེས་པའི་དཔེ་ལྡེབས་ཀྱི་ཤོག་ཕྲེང་རེ་རེ་ཡིན་ལ།ཁ་བ་ལེབ་མོའི་ཕྲེང་བ་ཚར་དུ་དངར་བ་དེས་གཞི་ནས་ཕུན་སུམ་ཚོགས་པའི་རྩོམ་གྱི་སྒྲོམ་གཞི་རེ་རེ་གྲུབ་ཡོད།
ཁ་བའི་རྩོམ་གཞི་དེ་དུས་རབས་ཀྱི་བཞུར་རྒྱུན་ཀློང་དུ་འོད་ཀྱིས་འཚེར་མིན་ནི་ཁ་བའི་ནུས་སྟོབས་ལ་རག་ལས་ཏེ།གལ་སྲིད་ཁ་བ་ལེབ་མོ་རེ་རེ་རང་སའི་བར་སྣང་དུ་འཕུར་ཅིང་།གལ་སྲིད་གངས་ཀྱི་རི་བོ་ཉིད་ནི་ཤོག་བུ་ལྡེབས་གཅིག་ཡིན་པའི་དབང་དུ་བཏང་ན།དེ་ན་གངས་རི་གང་ཞིག་ཡིན་ཀྱང་ཀློང་ཡངས་པའི་བརྗོད་བྱ་འདི་དག་འཛིན་ནུས་བྲལ།
ངེད་ཅག་གིས་གངས་རི་བྱ་བའི་ཚིག་མཛོད་འདི་ལས་མངར་བ་འམ་སྐྱུར་བ་འམ།ཁ་བ་འམ་ཚྭ་བའི་བྲོ་བ་རེ་རེ་རྙེད་ཅིང་།ལོ་རབས་ནས་ལོ་རབས་སུའང་ཚིག་མཛོད་འདི་ཉིད་ལས་རང་ཉིད་ཀྱི་ལས་ཀྱི་པྲ་དང་གཤེད་ཀྱི་བདུད།གཡང་གི་ཕྱྭ།སྲོག་གི་རྟ་རེ་རེ་བཞིན་འཚོལ་དགོས་བྱུང་ཡོད།
དོན་དངོས་ཐོག་གངས་རི་ཡིས་ཁ་བ་ལེབ་མོ་དག་ལ་སྲོལ་རྒྱུན་གྱི་སྒྲིག་སྲོལ་ཞིག་བཟོས་ཡོད་དེ།དཔེར་ན་ཁ་བ་ལེབ་མོ་རེ་རེ་བཞིན་ཚེ་ཚེ་རབས་རབས་སུ་མཐུན་སྒྲིལ་བྱས་ཏེ་རང་ཉིད་ཀྱི་རྩིབས་མ་དག་དམ་དུ་སྦྲེལ་དགོས་པ་དང་།རྐྱེན་མེད་དུ་འུར་ཟིང་མི་བཟོ་བ།ཉི་མ་དང་ཟླ་བའི་བསླུ་བྲིད་འོག་ཏུ་རང་ཉིད་ཀྱི་མིག་ཆུ་གང་དགར་མི་གཏོར་བ་སོགས་ཀྱི་སྤྱོད་ལམ་བཟོས་ཡོད།
ཡིན་ནའང་ཁ་བ་ལེབ་མོ་ནི་ཁ་བ་ལེབ་མོ་སྟེ།འབྱུང་བཞིའི་རྡུལ་ལས་གྲུབ་ཅིང་ཚ་གྲང་དབུགས་ཀྱིས་འཚོ་བའི་སྲོག་ཆགས་ཤིག་ཡིན་པའི་ཆ་ནས་གངས་རིའི་སྒྲིག་སྲོལ་གྱིས་དམ་དུ་སྒྲོག་ནུས་པའི་དབང་ཤེད་ཀྱང་ཡེ་ནས་མ་མཆིས་སོ།
དཔེར་ན་གངས་ཀྱི་རྦབ་ལས་འདྲིལ་བའི་ལས་འགུལ་རེ་རེ་ཡང་རང་དབང་ལ་སྙེགས་པའི་ཁ་བ་ལེབ་མོ་དག་གི་ངོ་རྒོལ་དང་དགག་བཞག་ཡིན་ལ།དྲག་རྩུབ་རླུང་དང་འདྲེས་པའི་མཆོངས་བསྐྱོད་རེ་རེ་ཡང་ཁ་བ་ལེབ་མོ་དག་གི་འབྱུང་འགྱུར་ལ་དམིགས་པའི་ཐ་ཚིག་དང་ང་རོ་ཡིན་འདུག
གངས་རི་ལ་སེམས་བྱ་བ་ཞིག་ཡོད་མེད་མི་རྟོགས་ལ།གངས་རི་ལ་བརྩེ་དུང་དང་ལ་རྒྱ་བྱ་བ་ཞིག་ཡོད་མེད་ཀྱང་མི་རྟོགས་མོད།གངས་རི་ནི་གངས་སྦལ་བཞིན་མདོག་འགྱུར་སླ་བའི་མི་གཤིས་ཉིས་སྦྲགས་ཀྱི་མཚན་གཉིས་མ་ནིང་ཞིག་ཡིན་པ་འདྲ་སྟེ།ཉི་མ་དམར་པོའི་སྐྱིབས་འོག་ཏུ།གངས་རི་ནི་དྲོད་འཇམ་ལ་རེ་བའི་བགྲེས་མོ་ཞིག་དང་འདྲ་བར་མིག་ཆུ་མང་ལ།ཟླ་བ་དཀར་བོའི་བྱིལ་བྱིལ་འོག་ཏུ།གངས་རི་ནི་དུས་གསུམ་རྟོགས་པའི་བགྲེས་པོ་ཞིག་དང་འདྲ་བར་སྒམ་ཚུགས་ཤིན་ཏུ་ཆེ།
དེ་དག་གི་སྐབས་ན་ཁ་བ་ལེབ་མོ་དག་གིས་ནུས་པ་གང་འདྲ་ཞིག་འདོན་བཞིན་ཡོད་དམ།གལ་སྲིད་ཁ་བ་ལེབ་མོ་འདི་དག་མེད་ན་གངས་རི་ལ་ནམ་ཡང་གངས་རི་འབོད་མི་སྲིད་ལ།ཁ་བ་ལེབ་མོ་འདི་དག་མེད་ཚེ།གངས་རི་ལ་ད་དུང་ཁ་དོག་དང་འོད་མདངས་ཤིག་ཀྱང་ཡོད་སྲིད་དམ།
གངས་རིའི་གནས་མཇལ་དུ་འགྲོ་ཐེངས་རེ་རེར།ཁོ་བོས་གངས་ཀྱི་ནགས་ཚལ་དུ་འཚོ་བའི་སྒོ་ཕྱུགས་རེ་རེ་བཞིན་མིག་གིས་མཐོང་ཞིང་རྣ་བས་ཐོས་ལ།དེ་དག་རེ་རེའི་མིག་ཁོངས་སུ་འཁྲིགས་པའི་དབུལ་ཕོངས་དང་བཀྲེས་ལྟོགས་ཀྱི་དཀའ་ཚེགས་རེ་རེའང་ལུས་ཀྱིས་མྱོང་དགོས་བྱུང་།
དེ་དག་གི་ཁྲོད་ན་མགོ་སྒུར་ལྕེ་སྣར་གྱིས་འཚོ་བའི་གཡག་དང་།སྒ་སྲབ་སྒྲོག་རྨེད་ཀྱིས་བཅིངས་པའི་རྟ་ཕོ།གཡུང་ཞིང་དད་མོས་ཀྱིས་བཀུགས་པའི་ལུག་ཁྱུ་ཡོད་པར་མ་ཟད།ལྕགས་ཐག་རྣོ་ཕུར་གྱིས་བཏགས་པའི་བྲན་ཁྱིའང་ཡོད་འདུག་སྟེ།དེ་དག་རེ་རེའང་མ་གཞིར་འོད་ཀྱིས་འཚེར་བའི་ཁ་བ་ལེབ་མོ་རེ་རེ་ཡིན་སྲིད་མོད།ད་ནི་མདངས་ཡལ་ཞིང་ལུས་སྲོག་སྐམ་ལ་ཉེ་འདུག
ཡང་ན་མི་རེ་རེའི་སེམས་ཀྱི་གཏིང་རིམ་ནའང་གངས་རི་རེ་ཡོད་དུ་སྲིད་དེ།ལུས་ཀྱི་ཕྲ་ཕུང་དཀར་པོ་དང་ཕྲ་ཕུང་དམར་པོ་རེ་རེའང་དབྱིབས་དང་རྣམ་པ་མི་འདྲ་བའི་ཁ་བ་ལེབ་མོ་རེ་རེ་ཡིན་སྲིད།ཡང་ན་ཁ་བ་དེ་དག་གིས་སྔར་ནས་འོད་ཀྱིས་ཁེངས་པའི་གངས་རི་ཞིག་གྲུབ་ཟིན་ལ།གངས་རི་དེ་ཡང་ཁ་བ་ལེབ་མོའི་གཞི་རུ་གྲུབ་པའི་སྲོག་ལྡན་གྱི་ན་གཞོན་ཞིག་ཡིན་སྲིད།
གང་ལྟར་རང་སེམས་ཀྱི་ཁ་བ་མ་ཞུ་ན།གངས་རི་ཡི་བླ་སྲོག་སྐམ་མི་སྲིད་པ་ཁོ་བོས་སྔར་ནས་ཤེས་ཡོད།
༢༠༡༠ལོའི་ཟླ༤པར་གསེར་རྟ་ནས།
རྔ་བ་ནས་སྙན་ངག་ཅིག་རྙེད་པ།
ནགས་ཚལ་གྱི་བེམ་རོ་སྨུག་པའི་མཆེ་བར་ན་མར་མར་འགྱེལ་བཞིན་འདུག
ནགས་ཚལ་གྱི་ལག་པ་ཟིང་ཟིང་དགུང་ལ་བསྙབས་ནའང
ནམ་མཁའ་ནི་ཆེས་མཐོ་སའི་རི་རྩེ་རུ་བཞུད་ཟིན་པས
སྤྲིན་དང་ནགས་ཚལ་གྱི་བར་བར་དུ རྟེན་གཞི་གང་ཡང་མེད་པའི
རྡོ་མཁར་མཐོན་པོ་རེ་ཁེར་རྐྱང་གིས་ལྷག་ཅིང
ལོ་རྒྱུས་བདག་མེད་རེ་དབེན་སིམ་གྱིས་གཉིད་འདུག
ལམ་མདོ་དེ་ནས་མར་བབས་ཚེ
གྲོང་བརྡལ་དེ་བགྲོད་ལམ་གྱི་བརླ་རྐང་གཡས་ངོས་སུ་ཆགས་འདུག
གཅེར་རྗེན་གྱི་ཁང་མིག་རེ་རེས་ཆུ་རྡོ་ནག་པོའི་རྣ་ཏོག་རེ་སྤྲས་ཏེ
ཐལ་མདོག་གི་སྒེའུ་ཁུང་སྐྱ་བོའི་ལྕེ་ལེབ
རྩམ་བྱེ་བཀལ་བའི་བོང་བུ་དག་གི་བདག་པོ་ལ་གཟས་འདུག
དོ་བོ་བརྩིགས་པའི་གཡག་རོག་དག་གི་མགྲོན་པོ་ལ་གཟས་འདུག
འབབ་ཚིགས་འདི་ཧ་ཅང་ཆུང་བས
རླངས་འཁོར་ཕྱི་རོལ་གྱི་བུད་མེད་ཚོའི་ལུས་དྲི་རློན་པའང
རླངས་འཁོར་སྒེའུ་ཁུང་ལས་ཆད་པའི་ཉི་ཐིག་གི་རི་མོ་ཇི་བཞིན
ངའི་མིག་དང་སེམས་ལ་ཤིག་ཤིག་ཏུ་འཛུལ་འོངས
ངའི་སེམས་པ་འདིའང་གཡོ་ཤིག་ཤིག་ཏུ་བཟོས་འོངས
མགོ་དཀྲིས་ནག་པོ་གཡོགས་པའི་རྔ་བའི་བུ་མོ་ཚོ
གཡུ་ཚ་སྡེ་དགུ་ནས་ནས་འབྲུ་ལེན་མཁན་མིན་ན
མགུ་ལོག་གཡུ་རྩེ་ནས་དབྱར་རྩྭ་བསྡུ་མཁན་ངེས་ཅན་ཡིན་འདུག་སྟེ
རླངས་འཁོར་ལས་བབས་པ་ཙམ་ལ
ལོ་གཅེས ག་རེ་འཚོང་རྒྱུ་ཡོད
ཟེར་བྱུང
༢༠༡༠ལོའི་ཟླ༧པའི་ཚེས༨ཉིན།
གཡུ་ཚ་སྡེ་དགུ་ནི་གཟི་ཚ་སྡེ་དགུ་སྟེ།ཡུལ་ཕྱོགས་དེ་ཀའི་སྐད་བརྡའི་ཁྲོད་གཡུ་དང་གཟི་གཉིས་ཀྱི་ཀློག་སྟངས་གཅིག་མཚུངས་སུ་སོང་བས།གཟི་ཚ་ཟེར་བ་ནི་ནོར་བ་རྒྱུན་འབྱམས་ཀྱི་མིང་ཞིག་དུ་འཁུམས།
འདིར་སྐུ་ཞབས་སེང་རྡོར་ལགས་ནས་ཕྲན་ལ་བགྲོ་གླེང་བྱེད་སའི་སྟེགས་བུ་ཞིག་བཟོས་ཏེ།རང་རིགས་ཀུན་པོའི་སེམས་ཁམས་དང་མོས་པ།དགའ་ཕྱོགས་དང་སྐྱོ་གདུང་གང་ཡིན་ཕན་ཚུན་ལ་ལབ་གླེང་བྱེད་ཆོག་པའི་ལམ་བུ་ལེགས་པོ་ཞིག་བསྐྲུན་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་འབྲེལ།འདིར་ཞུགས་སྤུན་གྲོགས་རྣམ་པས་ཀྱང་སྔར་བྱུང་ད་འབྱུང་གི་གནས་ཚུལ་དང་།རིགས་སྟོབས་བག་འབྱེད་ཀྱི་ལྟ་ཚུལ།ཚོར་རྟོག་ཀློང་འབྱམས་ཀྱི་གསར་རྩོམ་སྤྲོས་ཏེ།རང་རེ་དུས་རབས་གསར་བའི་བོད་པའི་རིག་གནས་དང་སྤྱི་ཚོགས་ལ་ཕན་བདེ་བླ་མེད་དུ་བསྐྲུན་རྒྱུ་སྙིང་ནས་སྐུལ་བ་ཡིན་ལ།འདིར་ཐོག་མའི་སྐད་ཆའི་ཚུལ་གྱིས་སྙན་ངག་ཅིག་གིས་མདུན་བསུས་བ་ཡིན་ནོ།
སྒོ་དེ་ཕྱེས་རོགས
སོང་ཞིག སྒོ་དེ་ཕྱེས་རོགས
ཡང་ན་ཕྱི་རོལ་དུ་ལྗོན་ཤིང་ཞིག་ཡོད་པའམ
ཡལ་ག་ཞིག་གམ མེ་ཏོག་གི་རྭ་བ་ཞིག་ཡོད་སྲིད
ཡང་ན་སྒྱུ་འཕྲུལ་དང་བཅས་པའི་གྲོང་ཁྱེར་ཞིག་ཡོད་སྲིད
སོང་ཞིག སྒོ་དེ་ཕྱེས་རོགས
ཡང་ན་ཁྱི་གུ་ཞིག་གིས་ཕྱོགས་བཞིར་འཚོལ་སྙེགས་བྱེད་བཞིན་ཡོད་སྲིད
ཡང་ན་ཁྱེད་ཀྱིས་ངོ་གདོང་ཞིག་མཐོང་སྲིད
ཡང་ན་ཆེ་ཞིང་གནག་པའི་འདྲེན་བྱེད་ཅིག་གམ
ཡང་ན་མཛེས་ལྗོངས་ཤིག་གི་འདྲ་པར་མཐོང་ངེས་ཀྱང་སྲིད
སོང་ཞིག སྒོ་དེ་ཕྱེས་རོགས
གལ་སྲིད་དེ་རུ་སྨུག་བུན་ལེབ་མོ་ཞིག་ཡོད་ན
དེ་ནི་ངེས་པར་དྭངས་གསལ་ཡིན་ངེས
སོང་ཞིག སྒོ་དེ་ཕྱེས་རོགས
གལ་སྲིད་དེ་རུ་ཟགས་ཤིང་འཐོར་བའི་མུན་ནག་ལས་མེད་ནའང
གལ་སྲིད་དེ་རུ་སྟོང་ཞིང་སྟོངས་པའི་རླུང་བུ་ལས་མེད་ནའང
གལ་སྲིད་དེ་རུ་སུན་སྣང་ལས་ཅི་ཡང་མེད་ནའང
སོང་ཞིག སྒོ་དེ་ཕྱེས་རོགས་དང
མ་མཐར་ཡང་དེ་རུ་དབུགས་རྒྱུན་ཞིག་ངེས་པར་ཡོད་སྲིད
༢༠༡༠ལོའི་ཟླ༧པར།