ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> ཟིན་བྲིས་རྐང་འཛིན་པའི་སྡེ།

སྨིན་དྲུག་གི་ཟིན་བྲིས་།

ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར།

 

བུད་མེད་ཀྱི་གཉའ་བཅག་པའི་མཐའ་འབྲས།  

  ཟི་ལིང་ནས་ལམ་ལ་ཆས་ཏེ་མིག་གི་དབང་པོས་གྲོང་ཚོ་ཐར་ཐོར་དང་ལྗོན་ཤིང་སྟུག་པོ།   གྲོ་ནས་སྲན་ལོག་སོགས་ཀྱི་ལོ་ཏོག་སྨིན་པའི་འབྲས་བུ་དང་།   ལུང་དང་ཤུར་ན་རྩྭ་དང་རྩི་ཤིང་ཐར་ཐོར་དུ་སྐྱེས་པའི་ཡུལ་ལྗོངས།   ད་དུང་བ་བྱིའུ་འབའ་འབུས་རང་བྱུང་ཁམས་ཆེན་མོའི་པང་ལ་ལོག་པར་བསུ་བ་བྱེད་པ་དང་མཚུངས་པའི་གསུང་སྐད་ལ་རོལ་བཞིན་ཁམས་གཡེང་བག་ལྷོད་ངང་ཆུ་ཚོད་གཉིས་ལྷག་ལ་སོང་རྗེས།   སྒོ་མེ་ལ་བརྒྱབ་ནས་དཀར་བརྗིད་ལུང་པའི་རི་རྐེད་ཀྱི་རླངས་འཁོར་བཀྲུ་ས་ཞིག་ལ་སླེབས།   དེ་རུ་ཁ་ལོ་པས་འགྲུལ་པ་རྣམས་ཐང་ལ་འབབ་ཏུ་བཅུག་སྟེ་རླངས་འཁོར་བཀྲུ་རྩིས་བྱས་པ་ན།   ཆུ་ལྷམ་ཡུ་རིང་གྱོན་ཞིང་ལག་ལ་འཁྲུད་རས་ཐོགས་པ།   བལྟས་ཚོད་དུ་ལོ་སུམ་ཅུ་ལྷག་ལ་སོན་པའི་བོད་མོ་གཉིས་ཡོང་ནས་རླངས་འཁོར་བཀྲུ་འགོ་བརྩམས།   ཁོ་མོ་གཉིས་ཀྱིས་ཐོག་མར་ཆུ་སྦུག་འཐེན་ནས་རླངས་འཁོར་སྟེང་ལ་ཆུ་གཏོར་བ་དང་།   དེ་ནས་འཁྲུད་རས་ཀྱིས་ཕྱིས།   བུད་མེད་དེ་གཉིས་ལས་ཀ་དེར་འབྱོངས་པོ་ཡོད་ན་ཡང་།   ཁ་ལོ་པ་ཡིད་མ་ཚིམ་པའི་ཚུལ་གྱིས་རླངས་འཁོར་སྟེང་མཛུབ་མོས་བསྟན་ཏེ་གན་དང་འདི་གཙང་མར་ཁྲུས་ཟེར་ནས་ཡང་ཡང་བཤད་ཀྱིན་འདུག ཁོ་མོ་གཉིས་ཀྱིས་ཀྱང་ཁ་ལོ་པའི་རེ་བ་ལྟར་མཐོ་ས་དང་མི་སླེབས་སར་ཡར་འཛེགས་ནས་རང་གི་ནུས་ཚོད་ཀྱིས་ཡང་དང་བསྐྱར་དུ་བཀྲུས།   དེ་ལྟར་བཀྲུས་ནས་ཕལ་ཆེར་དུས་ཚོད་སྐར་མ་བཅོ་ལྔ་ཙམ་འགོར་རྗེས་ཁ་ལོ་པས་མི་རྣམས་རླངས་འཁོར་ལ་འབུད་པའི་སྐད་བརྒྱབ།   དེར་འཁོད་ཀྱི་འགྲུལ་པ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་རླངས་འཁོར་ནང་དུ་བུད།   ང་རང་ཡང་རླངས་འཁོར་ནང་འབུད་སྐབས་ཁ་ལོ་པས་བུད་མེད་དེ་ལ་བཀྲུས་གླ་སྒོར་ག་ཚོད་ཡིན་ཞེས་འདྲི་བཞིན་པ་ཐོས།   ཁོ་མོས་བཀྲུས་གླ་སྒོར་བརྒྱད་ཡིན།   རླངས་འཁོར་ཆེ་བར་སྒོར་བཅུ་དང་ཆུང་བར་སྒོར་ལྔ།   འབྲིང་བར་སྒོར་བརྒྱད་ཡིན་ཟེར་ནས་གསལ་བཤད་ཅིག་བྱས།   ང་ཚོའི་རླངས་འཁོར་དེ་འབྲིང་བ་ཞིག་རེད།   ང་རང་སྡོད་ས་ཏག་ཏག་རླངས་འཁོར་གྱི་སྒེའུ་ཁུང་ཁ་ཡིན་པས་མུ་མཐུད་དུ་སྒེའུ་ཁུང་ཕྱི་རོལ་གྱི་གནས་ཚུལ་དེར་མཉམ་འཇོག་བྱས་པ་ཡིན།   རླངས་འཁོར་བཀྲུ་མཁན་གྱི་བུད་མེད་ཅིག་གིས་ཁ་ལོ་པའི་རྗེས་སུ་དམ་པོར་བསྙེགས་ཏེ་བཀྲུས་རིན་སྒོར་མོ་ཨེ་སྟེར་ལ་རེ་སྒུག་བྱས་འདུག རླངས་འཁོར་འགྲོ་ལ་ཉེ་སྐབས་ཁ་ལོ་པས་འཐད་མི་འཐད་ཀྱིས་སྒོར་མོ་འགའ་སྤྲད་སོང་། བུད་མེད་དེས་མི་དགའ་བའི་ཚུལ་གྱིས་སྒོར་མོ་ལེན་པ་ལས་ཚིག་གཅིག་ཀྱང་བཤད་མ་ཕོད། མོ་རང་ང་སྡོད་སའི་རླངས་འཁོར་སྒེའུ་ཁུང་ཁ་ནས་འགྲོ་སྐབས་ངས་སྒོར་ཅི་ཙམ་བྱིན་སོང་ཞེས་དྲིས་པ་ན།   སྒོར་གཉིས་ལས་བྱིན་མ་སོང་།   ཁོ་མོས་འཁང་རའི་ཚུལ་གྱིས་ཁ་ལོ་པ་ཁ་ཤས་ཤིག་གིས་རླངས་འཁོར་བཀྲུས་ཚར་རྗེས་རིན་སྐར་ལི་གང་ཡང་མི་སྟེར་བར་བྲོས་འགྲོ་བའང་ཡོད་ཟེར་བའི་བཤད་སྲོལ་ལ་བལྟས་ན།   ཁ་ལོ་པ་འདི་ལས་ཀྱང་སྡུག་ཆག་ཡོད་པ་ཤེས་ཐུབ།   ངས་སྙིང་ཉེ་ཉེ་དང་རུས་དུང་དུང་གིས་ཁྱེད་ཚོས་རིན་གོང་གསལ་པོ་ཞིག་བྲིས་ནས་འདིར་སྦྱར་ན་མི་ཆོག་གམ་ཟེར་སྐབས་རླངས་འཁོར་ཏུའུ་སྒྲ་ཞིག་དང་མཉམ་དུ་ལམ་ལ་ཆས་སོང་།   ཡིན་ཡང་ངའི་མིག་ལམ་དུ་བུད་མེད་དེ་གཉིས་ཀྱི་ཉམས་སྐྱོ་པོ་དེ་རེ་ཞིག་ཡལ་མ་ཐུབ།   དེ་བས་ཡུན་རིང་ལ་ཁ་ལོ་པའི་ཚུལ་མིན་གྱི་བྱ་སྤྱོད་དེར་འཚིག་པ་གཏིང་ནས་ཟོས་ཏེ་ཁོའི་ལྟག་རྒྱབ་ལ་ཅེར་ནས་འདུག་པ་ལས་ཐབས་གཞན་གང་ཡང་མེད་སོང་།   སེམས་པ་རྦད་དེ་མི་སྐྱིད་པའི་སྣང་བ་དང་བཅས་མཐར་ཕ་ཡུལ་ལུང་ཀྱོག་ཏུ་སླེབས་སོང་བ་ཚོར།  ཕ་ཡུལ་ནས་ཕྱིར་ལོག་སྐབས་ཏག་ཏག་རླངས་འཁོར་བཀྲུ་ས་གཞན་ཞིག་ཏུ་འབྱོར་བ་ན།   ཧུའེ་རིགས་བཟའ་ཟླ་གཉིས་ཀྱིས་གཉེར་བའི་བཀྲུ་ས་ཞིག་ཏུ་ང་ཚོ་སྡོད་པའི་རླངས་འཁོར་དེ་བཀྲུས་པ་རེད།   དུས་ཚོད་ཕལ་ཆེར་སྐར་མ་བཅུ་ཡས་མས་ལས་མ་འདས། ཡིན་ཀྱང་བཀྲུས་གླ་སྒོར་ཁ་ཚང་རླངས་འཁོར་བཀྲུ་མཁན་གཉིས་ལ་སྤྲད་སོང་།   གཞན་གྱིས་རླངས་འཁོར་བཀྲུས་ཚེ་གླ་ཆ་ཁ་ཚང་དུ་སྤྲོད་པ་དང་། འུ་ཅག་བུད་མེད་རྣམས་ཀྱིས་བཀྲུས་པར་གླ་ཆ་མི་སྤྲོད་པ་དེ་མ་གཞི་རླངས་འཁོར་ཁ་ལོ་པ་ཚོ་འགྲིག་མེད་པ་གཞིར་བཞག་ཡིན་ཀྱང་ང་ཚོ་རང་ཉིད་ལན་མེད་པ་ཞིག་ཀྱང་མ་རེད།   རེ་ཞིག་ཁ་ནང་ལ་འཁོར་ནས་དཔྱད་པ་ཕྲན་བུ་རེ་བཏང་ན།   འདི་ལྟ་སྟེ།   འུ་ཚོར་དུས་རྒྱུན་འཚོ་བའི་ཁྲོད་བུད་མེད་ཀྱི་རྩིས་ཐང་ཁྱད་གསོད་དང་ཁེ་དབང་ལ་རྡོག་བརྫིས་བྱེད་པའི་ཁ་དཔེའང་མང་པོ་ཡོད་དེ།   དཔེར་ན།   བུད་མེད་ཀྱིས་ཅི་ཤེས།   བོང་བུས་ཅི་ཐེག སྐྲ་རིང་མ་དང་བློ་ཐུང་མ།   མོ་མཁས་འགོང་པོ།   བུད་མེད་ལ་བརྡུང་དགོས་པགས་པ་མཉེ་དགོས།   སྨན་སྐྱིད་ས་ནས་མི་སྡོད་ར་བདེ་ས་ནས་མི་འདུག་ཟེར་བ་ལྟ་བུའོ།།   གཞན་གེ་སར་རྒྱལ་པོའི་སྒྲུང་ནང་དུའང་མི་ནག་ནག་བཟོ་མཁན་ནག་མོ་དང།   ཁྱི་བུ་མོ་གཉིས་ལ་བློ་གཏད་མེད་ཅེས་པ་དང་།   སེང་ལྕམ་འབྲུག་མོ་དངོས་པོ་ཇི་བཞིན་རྟ་རྒྱུག་རྒྱལ་འཇོག་གིས་འཕྲོག་རྩོད་བྱེད་པ་དང་། ཨ་སྟག་ལྷ་མོའི་རང་གཤིས་བཙན་པས་བདུད་མོའི་ཚུལ་དུ་འཛིན་པ།   ད་དུང་མི་ཆོས་གཙང་མ་བཅུ་དྲུག་གི་ནང་དུའང་བུད་མེད་ཀྱི་ཁ་ལ་མི་ཉན་པ་ཞེས་བཀོད་འདུག་ཅིང་།   དགའ་ལྡན་ཕོ་བྲང་བའི་གཞུང་ནང་དུ་བུད་མེད་གཅིག་ལའང་གོ་གནས་སྤྲད་མེད་པ་སོགས་ཀྱིས་བོད་སྤྱི་ཚོགས་སུ་བུད་མེད་ཀྱི་ཐོབ་ཐང་དམན་པ་མཚོན་འདུག་ལ།   འདི་འདྲའི་གཉའ་གནོན་དང་ཁྱད་གསོད་འོག་སྐྱེས་ཤིང་འཚར་བའི་བུད་མེད་རྣམས་ཁ་ཆུང་དབང་ཆུང་གི་གཡོག་མོ་དང་ཁོལ་མོ་མི་ཆགས་ཐབས་མེད་རེད་དོ།།   སྤྱི་ཚོགས་རིལ་པོའི་ནང་དེ་འདྲའི་གོམས་སྲོལ་དང་དེ་འདྲའི་རིན་ཐང་ལྟ་ཚུལ་གྲུབ་ཡོད་པས་ན།   དྲིན་ཆེན་ཨ་མས་ཟླ་དགུ་ཞག་བཅུར་མངལ་དུ་འཁུར་བའི་དཀའ་སྡུག་དང་།   བཙའ་བའི་ན་ཟུག སྙོར་བའི་ལན་ཆགས་སོགས་ཀྱི་འོག་འཚར་ལོངས་བྱུང་བའི་བྱིས་པ་ཁ་ཤས་ཤིག་གིས་ཀྱང་ཨ་མས་རང་ལ་སློབ་གསོ་གཏོང་ཤེས་གི་མི་འདུག་སྙམ་པའི་བག་ཆགས་ཀྱིས་ཨ་མའི་སྐད་ཆར་དེ་འདྲའི་དོ་སྣང་མི་བྱེད་པ་རེད།   མ་ཟད།   ཕ་བུ་ཚོ་གོང་དུ་འཁོད་རྗེས་ཨ་མས་ཞབས་ཏོག་སྒྲུབ་པའང་གང་མང་མཐོང་རྒྱུ་ཡོད།   རོང་འབྲོག་ཕྱོགས་ཀྱི་ས་ཆ་མང་ཆེ་ཤོས་སུ་བུད་མེད་ཚོར་ནམ་རྒྱུན་འཚོ་བའི་ཁྲོད་སྐད་ཆ་ཉུང་བ་དང་ལས་ཀ་མང་པོ་བྱས་ཚེ།   བུད་མེད་ཀྱི་ཡོན་ཏན་དུ་བརྩི་བ་དང་།   ཡང་སྐད་ཆ་མང་བ་དང་རང་གི་ལྟ་ཚུལ་རེ་མཁྲེགས་འཛིན་བྱས་ཚེ་ཕྲལ་མ་ཉིད་དུ་བུད་མེད་ཐ་ཤལ་གྱི་གྲས་སུ་འཇོག་པ་རེད།   ཡ་མ་གཟུགས་ཀྱི་རིག་གནས་སྣང་ཚུལ་འདིས་ཁོ་མོ་ཚོ་སྐྱེས་མ་ཐག་ནས་བསམ་བློར་བཀག་སྡོམ་གྱི་ལྕགས་ཟ་རྒྱག་གི་ཡོད་པ་རེད།   འུ་ཅག་གི་སྤྱི་ཚོགས་འདིས་བུད་མེད་ཀྱི་ངལ་རྩོལ་རིན་ཐང་ལ་སྣང་ཆུང་བྱས་དྲགས་པས།   བུད་མེད་རྣམས་ཀྱི་སེམས་པར་རང་ཉིད་སྐྱེས་པ་ལས་དམན་པས་ན། ཟས་ངན་ངོན་ཟ་མཁན་དང་ལས་སྡུག་པོ་བྱེད་མཁན་ཡིན་སྙམ་པའི་སེམས་བྱུང་སྐྱེས་ཐོག ནམ་ཡང་རྒྱལ་ཁ་གཞན་ལ་སྟེར་བ་དང་གྱོང་གུད་རང་གིས་ཉོས་ནས་ངལ་རྩོལ་དང་རྔུལ་ཆུ་འཕྲོ་བརླག་ཏུ་བཏང་སྟེ་མི་ཚེ་སྡུག་ཟད་རང་དུ་འགྲོ་བཞིན་ཡོད་པ་རེད།   དེར་བརྟེན།   ཁྱོ་དབང་རིང་ལུགས་ཀྱི་བཙིར་གནོན་འོག་འཚོ་བཞིན་པའི་འུ་ཅག་གི་བུད་མེད་རྣམས་སྐྱེས་པ་དང་གདོང་གཏོད་དུས། རང་ཉིད་ནི་ཉམ་ཆུང་དང་འཁོས་ཞན་ཡིན་པའི་ཚོར་པ་ཞིག་ངང་གིས་སྐྱེ་ཡི་ཡོད་པ་རེད། དེ་ཡང་བུད་མེད་དེ་དག་ལ་སློབ་གསོ་ཐོབ་པའི་སྐལ་པ་མ་ལྡན་པས་རང་གིས་བསམ་བློ་གཏོང་མ་ཤེས་པའི་ཐོག་ཁྱོ་དབང་རིང་ལུགས་ཀྱི་སྲོལ་རྒྱུན་ལྟ་བ་དེ་རྩ་བ་ནས་དང་ལེན་བྱས་པས་རེད།   འོ་ན་བུད་མེད་ཚོ་དངོས་ཡོད་འཚོ་བའི་ཁྲོད་དུ་དེ་འདྲའི་མཁོ་མེད་དང་འཁོས་ཞན་ཞིག་རེད་དམ་ཟེར་ན་དེ་གཏན་ནས་མ་རེད། ང་ཚོ་རོང་འབྲོག་ཕྱོགས་ཀྱི་འཚོ་བའི་ཁྲོད་ངལ་རྩོལ་གྱི་གདུང་འཁུར་གྱི་ཀ་བ་གདུང་མ་ལྟ་བུ་དང་།   དཀའ་ཁག་སྣ་ཚོགས་ཀྱི་མདུན་དུ་ནམ་ཡང་དཔའ་མི་ཞུམ་པ་དང་ངང་རྒྱུད་རིང་ལ་སྡུག་རུས་ཆེ་བ་རྣམས་མཐར་གཏུགས་ན་བུད་མེད་དག་རེད། རྒྱུ་མཚན་ཅི་ཞིག་ལ་སྐྱེས་པ་ཞིག་དང་གདོང་གཏོད་སྐབས་རང་ཉིད་བག་འཁུམས་ངང་དམའ་ས་ནས་བསྡད་དེ་ཡར་ལ་བལྟ་དགོས་སོང་བ་རེད་ཟེར་ན།   དེ་ནི་རང་ཁྱིམ་དུ་འུ་ཅག་གི་བུད་མེད་རྣམས་ཀྱི་ཁེ་དབང་དང་རྩིས་ཐང་སོགས་མཐའ་གཅིག་ཏུ་ཁྱད་གསོད་དང་འབུར་འཇོམས་བྱས་པའི་འབྲས་བུར།  ཁོ་མོ་ཚོས་རང་གི་རྔུལ་ཆུ་ལ་བརྟེན་ནས་བཙལ་བའི་རིན་པ་ལེན་པའི་སྤོབས་པའང་དབེན་སོང་བ་རེད་སྙམ།   དེ་ཡང་གཙོ་བོ་ནང་ཚང་དང་།   སྤྱི་ཚོགས།   ཁོར་ཡུག སྲོལ་རྒྱུན་སོགས་ཀྱིས་བསྐྱེད་པ་རེད་སྙམ།   བློ་ཞིབ་མོས་བསམ་གཞིགས་རེ་བཏང་ན།   ང་ཚོའི་རིག་གནས་དང་སྲོལ་རྒྱུན་མཐའ་དག་ནི་སྐྱེས་པ་ཕོ་རྣམས་ཀྱི་ཁེ་ཕན་དང་ཁེ་དབང་རྐྱང་ལ་དམིགས་ནས་བཟོས་ཏེ་གྲུབ་པ་ཞིག་མིན་ནམ་བསམ།   བུད་མེད་རྣམས་ལ་མ་བཟང་ཟླ་ཡག་མ་ཞེས་པའི་རྔོ་མི་ཐོགས་པའི་མིང་སྐམ་ཙམ་བཏགས་རྗེས་སྲོལ་རྒྱུན་གྱི་འཆིང་རྒྱའི་ལྕགས་སྒྲོག་རེ་བརྒྱབ་སྟེ་འདུག ཁད་ཀྱིས་སྐྱེས་པའི་རིན་ཐང་ལྟ་ཚུལ་དེ་དག་ཤ་གསེང་རུས་རྐང་དུ་ཐིམ་པའི་བུད་མེད་ཚོ་རང་ཉིད་ཀྱིས་ཀྱང་ཕོ་མཆོག་མོ་དམན་གྱི་འདུ་ཤེས་བཟུང་སྟེ།   སྐྱེ་བ་གཞུག་མར་རང་ཉིད་ཕོ་ལུས་ཤིག་ཐོབ་པའི་སྨོན་ལམ་རྫོགས་མེད་རྒྱག་བཞིན་ཚེའི་འཕེན་པ་རྫོགས་ཀྱིན་འདུག་པ་རེད།   དེ་ཡང་མཐར་གཏུགས་ན་འུ་ཚོའི་རིག་གནས་ཀྱིས་བུད་མེད་རྣམས་དེ་ལྟར་དུ་བཏང་བ་མ་ཡིན་ནམ།   འུ་ཚོའི་སྤྱི་ཚོགས་སྟེང་བུད་མེད་ཀྱི་ཐོབ་ཐང་དང་ལས་དབང་གང་འདྲ་ཞིག་ཡིན་པ་ང་ཚོའི་ཕ་ཡུལ་གྱི་བཤད་ཚུལ་འདི་ལས་ཀྱང་རྗེན་པར་མཚོན་ཡོད། མི་གང་ཞིག་གིས་མཚན་མོར་རྨི་ལམ་ནང་བོད་ཀྱི་བུད་མེད་ཅིག་རྨིས་ཚེ།   དེ་གདོན་གྱི་རྟགས་མཚན་དང་བཀྲ་མི་ཤིས་པའི་སྔ་ལྟས་སུ་བརྩི་བ་དང་།   ཡང་རྨི་ལམ་ནང་རྒྱ་རིགས་བུད་མེད་ཅིག་རྨིས་ཚེ་དེ་ལྷ་མོ་རུ་བཀུར་ལ་བྱ་བ་ལམ་ལྷོངས་ཡོང་བའི་རྟེན་འབྲེལ་དུ་འདོད་པ་རེད།   ང་རང་བྱིས་པ་ཡིན་དུས་བཤད་ཚུལ་འདི་ལ་ཤིན་ཏུ་ཡིད་ཆེས། དེ་བས་ཐུན་རིང་མཚན་མོ་རེར།   གདོང་ཡོངས་ལོ་ཟླའི་རྗེས་ཤུལ་གྱིས་ཁེངས་ཤིང་བཞིན་མདངས་མི་མཛེས་སྐྱོ་མོ་ཆགས་པའི་ལུས་ལ་བོད་ལྭ་ཧྲལ་ཧྲུལ་གྱོན་པའི་བོད་མོ་དག་རྨི་ལམ་ནང་ལྷགས་དུས། རང་ལ་བགེགས་བར་ཆད་ཇི་ཞིག་ཡོང་བར་དོགས་ནས་འཇིགས་སྣང་སྐྱེས་མྱོང་།   སྐྱི་གཡའ་བའི་རྨི་ལམ་དེ་འདྲ་རྨིས་ཚེ།   དྭངས་གཙང་བྱིས་བློ་ཅན་གྱི་ང་རང་ལ་མཚོན་ན།   སྐྱབས་རེ་ས་ཉག་གཅིག་ནི་ཨ་མ་ཡིན་ལ། ཨ་མའི་ཧྲལ་ཞིང་ཧྲུལ་བའི་པགས་ཚག་དང་རྩིང་ཞིང་རགས་པའི་ཐུ་འོག་ཏུ་ཉལ་ཐུབ་པའི་སྐལ་པ་ལྡན་ཚེ་དགའ་འོས་པའི་དོན་བ་རུ་བརྩི་བ་ཡིན།   ད་ལྟ་ང་རང་སྲོལ་རྒྱུན་གྱི་བཤད་ཚུལ་འདི་ལ་གཏན་ནས་ཡིད་མི་ཆེས་པར་མ་ཟད།   སྐྱུག་བྲོ་ཞིང་ཞེ་མེར་ཡོང་།   ང་ཚོའི་སྲོལ་རྒྱུན་དང་རིག་གནས་ནི།   གཞན་ལ་བཀུར་ཞིང་རང་ལ་སྨོད་པ།   དགྲ་ལ་དགའ་ཞིང་གཉེན་ལ་སྡང་བ་ཞིག་ཡིན་པ་འདི་ལས་ཀྱང་ཤེས་ཐུབ། “བུད་མེད་སྐྱེ་བ་དམན་ན་དེའི་བུ་རྒྱུད་རྣམས་ལའང་བཟང་པོ་མཚན་ལྡན་ཞིག་འབྱུང་བ་དཀོན་ཏེ་འབྲས་བུ་རྒྱུ་ལ་ལྟོས་པ་དང་། ཆུ་ཤིང་སྐྱ་ར་ལས་ལྷ་ཤིང་ཤུག་པ་འཁྲུངས་རྒྱུ་མེད་པ་འཇིག་རྟེན་འདིའི་ཆོས་ཉིད་ཡིན” པས་ན།    བུད་མེད་སྨད་པའི་འབྲས་བུ་ནི་ཕོ་མོ་གཉིས་འཕུང་ལས་གཞན་གང་ཡང་ཡོད་པ་མ་རེད།   2005/10/11ཉིན་གྲུབ།

བུད་མེད་དང་འབྲེལ་ཡོད་ཀྱི་སྣང་ཚུལ་ཁ་ཤས།  

  མཐའ་དཔྱད། སྲོལ་རྒྱུན་གྱི་འཆིང་ཐག་སྲ་མོས་བུད་མེད་ཚོའི་བླ་སྲོག་དམ་གྱིས་བསྡམས་པར་བརྟེན།  ཁོ་མོ་ཚོ་སྐྱེས་པའི་ཁེ་ཕན་གྱི་ཆེད་དུ་བཞེངས་སྐྲུན་བྱས་པའི་སྲོལ་རྒྱུན་གང་དེའི་གླུད་རྫས་སུ་གྱུར་ཡོད་པ་རེད། རྐྱེན་དེ་དག་གཙོ་བྱས་ཐོག ཐ་ན། དེ་རིང་ཨ་རི་རྒྱལ་ཁབ་ཏུ་འཚོ་སྡོད་བྱས་ཡོད་པའི་བོད་ཀྱི་བུད་མེད་རེ་གཉིས་ཀྱིས་ཀྱང་ཨ་རིའི་བུད་མེད་ཀྱིས་མཐའ་གཅིག་ཏུ་རང་གི་ཁེ་དབང་དང་འདྲ་མཉམ་རྩོད་པའི་བྱ་སྤྱོད་དེར་མོས་མཐུན་མེད་ཚུལ་སྟོན་པ་རེད།  མ་ཟད།  ང་རང་འཚོ་སྡོད་བྱེད་སའི་གྲོང་ཁྱེར་འདི་ནའང་བུད་མེད་ལས་བྱེད་སྐོར་ཞིག་གིས་རང་ཉིད་སྐྱེས་པ་ལས་ལས་སྡུག་པོ་བྱེད་མཁན་ཡིན་པ་ཁས་ལེན་བྱེད་བཞིན་དུ། ད་དུང་འདི་ནི་ལས་དབང་རེད་ཟེར་ཞིང་།  སྐོར་ཞིག་གིས།  ཕོ་མཆོག་མོ་དམན་གྱི་སྲོལ་རྒྱུན་ཐ་ཤལ་འདི་རང་མི་རིགས་ཀྱི་སྲོལ་རྒྱུན་ཡག་པོ་རུ་བརྩིས་ནས་རྒྱུན་འཛིན་བྱས་ན་བཟང་རབས་ཡག་རབས་བརྗོད་པ་རེད།  ཕོ་མོའི་བར་འདྲ་མཉམ་ཁྱོན་ནས་མེད་པ་དང་།  སྐྱེས་པས་ཆུང་མར་གང་འདོད་དུ་གཅར་རྡུང་བྱེད་པ།  བུད་མེད་ཀྱི་ཁེ་དབང་ལ་ཁྱད་གསོད་དང་མི་གཤིས་ལ་དམའ་འབེབས་བྱེད་པའི་སྲོལ་རྒྱུན་རིགས་ནི་ནམ་ཡང་སྐྱོན་ལས་ཡོན་ཏན་ག་ལ་ཡིན།  ཁོ་མོ་ཚོས་དེ་ལྟར་བསམ་དོན་ཡང་སྲོལ་རྒྱུན་གྱི་བག་ཆགས་ཟབ་དྲགས་པས་འདྲ་མཉམ་གྱི་འདུ་ཤེས་ཤིག་སྐྱེ་མ་ཐུབ་པའི་རྐྱེན་རེད།  ཡིན་ནའང་།  བདག་གི་སེམས་པར་འདྲ་མཉམ་གྱི་འདུ་ཤེས་དེ་གདོད་མ་ནས་མིའི་རང་གཤིས་སུ་གྲུབ་ཡོད་པ་ཞིག་ཡིན་ཙང་།  གནས་སྐབས་སུ་བག་ལ་ཞ་ནའང་།  ཡུན་གྱིས་ཡུན་གྱིས་རང་དབང་དང་རང་བདེ།  རང་གཙོ་རང་བདག་སོགས་རྩོད་ངེས་རེད།  འུ་ཅག་བུད་མེད་རྣམས་ལ་མིའི་རང་གཤིས་སུ་གྲུབ་པའི་རང་དབང་དེ་དག་ཀྱང་མི་དགོས་ན།   མིའི་མཚན་ཉིད་ཚང་མིན་ཡང་བརྗོད་ཁག་པོ་རེད། སྤྱིར་མི་ཞིག་གི་བློ་སྒོ་ཕྱེ་ཡོད་མེད་དེ་མཐར་གཏུགས་ན།  རང་ལ་རྩིས་ཐང་ཡོད་མེད་དང་།   གཞན་ལ་བརྩི་འཇོག་བྱེད་མིན་ལས་ཀྱང་ཤེས་ཐུབ།  འདྲ་མཉམ་གྱི་འདུ་ཤེས་མེད་པ་ནི་འུ་ཅག་གི་ཡ་མ་གཟུགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཐུག་འདུག་པ་ཞིག་རེད།   ཅི་སྟེ་དེ་འདྲ་ཡིན་ནའང་།  མི་ཞིག་ཡིན་པའི་ཆ་ནས་རང་དབང་དང་འདྲ་མཉམ་རྩོད་རྒྱུ་ནི།  རྒྱུན་ཤེས་ཤིག་ཡིན་ན་འགྲིག འུ་ཅག་བུད་མེད་ཚོས་དེ་ལས་ལྡོག་སྟེ་རང་ལ་ཡོད་རུང་བའི་ཁེ་དབང་དག་ཀྱང་བཏང་སྙོམས་སུ་འཇོག་པ་རེད།  ཁེ་དང་རྒྱལ་ཁ་གཞན་ལ་སྟེར་བ།  གྱོང་དང་ཕམ་ཁ་རང་གིས་འཁུར་བའི་བྱ་སྤྱོད་དེ་ནི།  རང་གི་ཚེ་སྲོག་ལ་འགན་མ་ཁུར་བ་དང་།  རང་གི་མི་ཚེའི་རིན་ཐང་འདོན་པར་བཀག་རྒྱ་བས་པ་ཙམ་ལས་མ་འདས་སོ།།  བུད་མེད་དེ་རིགས་རིམ་བཞིན་རྗེས་ནས་རྗེས་སུ་ལུས་ཁར།  བསམ་བློ་དང་རེ་སྙེག་གིས་ཀུན་ནས་སྟོང་བས་ཁྱོ་ག་དང་གཅིག་མཐུན་གྱི་ལྟ་ཚུལ་ཡེ་ནས་མེད་འགྲོ་བ་རེད། མཐར་ཐུག་རང་གི་ཁྱོ་གས་ཀྱང་ཆུང་མ་དང་བར་ཐག་རྒྱང་ནས་རྒྱང་དུ་བཀྱེད་ངེས་ལ།  ཐ་ན་རང་གི་ཤ་ལས་ཆད་པའི་བུ་ཕྲུག་དང་ཡང་འདྲ་མཉམ་གྱི་ཁ་བརྡ་དང་གྲོས་མོལ་ཙམ་ཡང་བྱེད་ཁག་པར་གྱུར་ཏེ། རང་གིས་རང་ཉིད་མི་གྲལ་ནས་ཕུད་དེ་གྲོགས་མེད་ཁེར་རྐྱང་དུ་གཏོང་ངེས་རེད།   བདག་གི་ཉམས་མྱོང་ལྟར་ན།  རྒྱལ་ཁབ་དང་མི་རིགས། ཤ་མདོག་བཅས་མི་འདྲ་བའི་སྐྱེས་པ་རྣམས་ལ་ཐུན་མོང་གི་འདྲ་ས་གཅིག་ཡོད་པ་ནི།  བུད་མེད་ཀྱིས་འདྲ་མཉམ་རྩོད་པར་ཁོ་པ་ཚོ་མགོ་ན་བ་དེ་རེད།  ཨ་རིའི་སྤྱི་ཚོགས་སུ་ཡང་དེ་འདྲའི་ལྟ་ཚུལ་ཞིག་ཆགས་ཡོད་པ་རེད། འདྲ་མཉམ་གྱི་འདུ་ཤེས་དྲག་པའི་རང་རིགས་ཀྱི་བུད་མེད་ལས་འདྲ་མཉམ་གྱི་འདུ་ཤེས་ཞན་པའི་གཞན་རིགས་ཀྱི་བུད་མེད་བཟའ་ཟླ་བྱེད་པར་ཨ་རིའི་སྐྱེས་པ་ཚོའང་དགའ་བའི་ཚོད་རེད།  གཞན་ད་དུང་ནུབ་གླིང་རྒྱལ་ཁབ་ཁ་ཤས་སུ་རྟགས་མཚུངས་དགའ་རོགས་སྒྲིག་སྲོལ་དར་བའང་ཁོ་ཚོར་ཕོ་མོ་འདྲ་མཉམ་གྱི་འདུ་ཤེས་ཟབ་པས།  སྐྱེ་ཁམས་འདྲ་བ་གཉིས་མཉམ་དུ་འཚོ་བ་ཡིན་ན་རང་བཞིན་དུ་འདྲ་མཉམ་བྱུང་བ་ཡིན་འདོད་པ་རེད་ཅེས་ཁོ་ཚོས་ཟེར། བོད་མོ་ཞིག་བྱིས་པའི་ཕ་ལགས་དང་བཟའ་ཚང་ཐོར་ནས་ཨ་རིར་སླེབས་རྗེས།  ཨ་རིའི་མི་རྒྱུད་དཀར་པོའི་སྐྱེས་པ་ཞིག་དང་དགའ་རོགས་བསྒྲིགས་པ་རེད། ཐེངས་ཤིག་མོ་རང་ཕྱི་གླིང་གི་སྐྱེས་པ་དེའི་ཨ་མ་དང་འཕྲད་སྐབས་ཁོ་མོས་མོ་ལ་ཧང་སང་བའི་གཏམ་ཞིག་བཤད་པ་འདི་ལྟ་སྟེ།  མོས།  རང་གི་བུས་གཡོག་མོ་ཞིག་བཙལ་བ་ཁོ་ནའི་ཆེད། ཤ་མདོག་མི་གཅིག་པའི་བོད་མོར་དགའ་རོགས་བསྒྲིགས་པར་ང་མི་དགའ་ཟེར།   གནས་ཚུལ་འདིར་བལྟས་ན།  ཕྱི་གླིང་པའི་ཨ་མ་དེ་མི་བདེན་དྲང་སྐྱོང་མཁན་ཞིག་ཡིན་པ་ཤེས་ལ། མོའི་བསམ་ཚུལ་ལས་ཕྱི་གླིང་པའི་རིག་གནས་ཀྱི་རིན་ཐང་ལྟ་ཚུལ་གྱི་ཟུར་ཞིག་ཀྱང་ངང་གིས་མཐོང་ཡོང་།  སྐྱེས་པ་ཚོ་དེ་ལྟར་འགྱུར་བའི་རྒྱུ་རྐྱེན། ཕོ་དབང་རིང་ལུགས་ཀྱི་རང་ཉིད་ལྟེ་བར་འཛིན་པའི་སྲོལ་རྒྱུན་གྱི་ལྟ་བ་དེས་བསྐྱེད་པ་རེད།  དེ་ཡང་མཐར་གཏུགས་ན།  མིའི་རིགས་དར་བའི་འབྱུང་ཁུངས་ལ་འབྲེལ་བ་དམ་པོ་འདུག་སྙམ།  སྐྱེས་པ་རྣམས་སྐྱེ་ཁམས་དང་།  རང་གཤིས།  ལུས་སྟོབས་དང་སྤོབས་པ་སོགས་ཕྱོགས་གང་ཅིའི་ཐད་ནས་སྐབས་དེའི་ཁོར་ཡུག་རྩུབ་པོ་དེར་འཚམ་པར་མ་ཟད།  ཁྱོད་ཤི་ང་གསོན་གྱི་འགྲན་སེམས་ཀྱི་རང་གཤིས་ལྡན་པ་ཞིག་ཡིན་ཙང་།  རི་དང་ཕྱི་རོལ་ལ་སོང་ནས་འཐབ་འཛིང་བྱེད་པ་དང་རི་དྭགས་རྔོན་པ།   འཕྲོག་བཅོམ་ལ་སོགས་པའི་ཁ་ཟས་བཙལ་འཚོལ་གྱི་ལས་ལ་ཞུགས་ནས་ཁྱིམ་མིའི་འཚོ་ཐབས་སྦྱོར་བ།  བུད་མེད་ནི་དེ་ལས་ལྡོག་སྟེ།  བྱམས་སེམས་ཀྱི་རྣམ་པས་ཁེངས་ཤིང་།  ཕྲུ་གུ་དང་ཁྱིམ་གཞིའི་འདུ་ཤེས་དྲག་པ།  ལས་ཞིབ་མོའི་རིགས་ལ་མཁས་པ།   གདུག་རྩུབ་དང་དམར་གསོད་ཀྱི་ལས་ལ་མི་དགའ་བ། རང་གི་མིག་མདུན་གྱི་འཚོ་བྱ་བདེ་སྐྱིད་དུ་སྒོམ་པ།  སྒེར་སེམས་ལས་གཞན་སེམས་ཆེ་བ་སོགས་ཡིན་ཕྱིར།  གདུག་རྩུབ་ཀྱི་ལས་ཀ་དེ་ཁོ་མོ་ཚོའི་གཤིས་ཀ་དང་མི་མཐུན་པ་རེད།  དེ་བཞིན་སྐྱེས་པ་ཕོ་རྣམས་རི་དང་ཟ་མ་མོ་རྣམས་ཁྱིམ་དུ་སྡོད་པའི་སྲོལ་ཆགས་པར་མ་ཟད།  ཡུན་གྱིས་ཡུན་གྱིས་རི་ལ་འགྲོ་མཁན་གྱི་ལས་ཀ་ཁྱད་འཕགས་ཅན་དང་།  ཁྱིམ་སྐྱོང་མཁན་གྱི་ལས་ཀ་རིན་མེད་དུ་བརྩིས་པ་རེད། དུས་ཀྱི་ལོ་ཟླ་ངང་གིས་འདས་ནས་གདུག་རྩུབ་ཁོར་ཡུག་ཁྲོད་ཁྱོད་ཤི་ང་གསོན་གྱི་གདོད་མའི་གནས་སྟངས་ལ་ཁད་ཀྱིས་འགྱུར་བ་བྱུང་སྟེ། རིམ་བཞིན་རོང་འབྲོག་འཚོ་བའི་ཐོན་སྐྱེད་ཀྱི་དཔལ་ཡོན་དར་ནས་རང་ཁ་རང་གསོའི་འཚོ་བའི་འགྲོ་སྟངས་ཀྱི་མགོ་བརྩམས་པ་རེད།  དེ་དང་འབྲེལ་ནས་བུད་མེད་རྣམས་ཁྱིམ་སྐྱོང་བྱིས་སྙོར་གྱི་ལས་ཀ་ལས་བརྒལ་ཏེ་ཕྱུགས་འཚོ་ཞིང་འདེབས་ཀྱི་ལས་ལ་ཞུགས་དགོས་པར་མ་ཟད། ལས་ཀ་དེའི་བརྒྱ་ཆའི་དྲུག་ཅུ་ཡན་ཆད་བུད་མེད་ཀྱིས་བྱེད་དགོས་བྱུང་། འདྲ་མཉམ་མེད་པའི་ལས་བགོས་དེར་ཡིད་འཐད་མེད་ནའང་སྐྱེ་ཁམས་ཀྱི་དབང་གིས་བུད་མེད་རྣམས་སྐྱེས་པའི་ངག་བཀོད་ལས་འདའ་མ་ཐུབ་པ་རེད། དེ་ལྟ་ཡིན་ནའང་། བུད་མེད་རྣམས་ལ་ཁྱིམ་འཁོས་འདུ་འགོད་ལ་ཐེ་ཇུས་ཀྱི་དབང་ཆ་ཡེ་ནས་མེད་ཅིང་། ལས་བགོས་དེར་ཡིད་མི་ཚིམ་པའི་རྣམ་འགྱུར་སྟོན་པའི་དབང་ཆ་ཡང་ཡོད་པ་མ་རེད། སྐྱེས་པ་ཚོས་རང་གི་ཁེ་ཕན་ལ་དམིགས་ནས་སྤེལ་ཟིན་པའི་སྲོལ་རྒྱུན་དེ་གཏོར་ཞིག་ཏུ་བཏང་ན་བློ་བདེ་པོ་ཡོང་མི་སྲིད་པ་རེད།  མི་སུ་ཡིན་རུང་ཁེ་བཟང་རག་པར་གོམས་ལོབས་སུ་སོང་དྲགས་པ་ཞིག་ཡིན་ཚེ། ཁེ་ཕན་ལ་ཕོག་ཐུག་བཟོས་ཏེ་ལམ་བུ་དེར་བསྒྱུར་བཅོས་བྱེད་དགོས་ཟེར་ན།  མི་དགའ་བ་ད་ལྟའི་སྤྱི་ཚོགས་ཀྱི་གནས་ཚུལ་དངོས་ལས་ཤེས་པ་ལྟ་བུ་རེད། དཔེར་ན།   གྲོང་ཁྱེར་བོད་མིའི་ཁྱིམ་ཚང་མང་ཆེ་ཤོས་སུའང་། ཆུང་མ་རྣམས་ཀྱིས་ཁྱོ་གར་ཟས་གཡོ་ཇ་འདྲེན་ལྭ་བཀྲུ་འཚེམ་བཟོ་སོགས་བྱེད་པ་ནི་འོས་འཚམ་ནང་གི་ཡང་འཚམ་དུ་བརྩི་ཞིང་། ཡང་ཁྱོ་གས་ཆུང་མར་ཟས་གཡོ་ཇ་འདྲེན་བྱེད་པ་ནི་ཧ་ཅང་རྒྱུན་ལྡན་མིན་པའི་ཚུལ་དུ་བརྩི་ཐོག ཁྱོ་ག་དེ་འཕྱ་སྨོད་བྱེད་ཡུལ་དུའང་འགྱུར་ངེས་རེད།   གདོད་མའི་དུས་སུ།  ཕོ་མོའི་རིན་ཐང་འཇལ་བྱེད་གཙོ་བོ་སྐྱེ་ཁམས་ཀྱི་ལུས་ཤུགས་དང་དཔའ་སྤོབས་ཀྱི་དྲག་ཞན་སོགས་ལ་ལྟོས་ནས་བཤད་པ་རེད་འདོད། དེ་ཡང་དང་ཐོག་གི་སྤྱི་ཚོགས་དང་ཁོར་ཡུག འཚོ་བའི་དགོས་མཁོ་ལ་དམིགས་པ་ཡིན་སྲིད་ཀྱང་།  དེང་སྐབས་གདོད་མའི་གནས་སྟངས་དེ་རྩ་བ་ནས་འགྱུར་ཏེ། སོ་སོའི་བློ་རིག་དང་ཀླད་ཤུགས་ལ་བརྟེན་ནས་འཚོ་བ་རོལ་དགོས་པ་རེད། དེར་མ་ཟད་བུད་མེད་ཀྱི་རིག་པ་སྐྱེས་པ་ལས་ཞན་པ་ཚན་རིག་གིས་ཀྱང་བདེན་དཔང་བྱས་མེད་པ་རེད།   ཡིན་ཀྱང་འུ་ཅག་བུད་མེད་རྣམས་ལ་ཐོག་མའི་མིང་འདོགས་དུས་ནས་རྟེན་འབྲེལ་གྱི་མགོ་མ་བསློགས་འདུག་པ་རེད། དེ་ལ་སྐུ་ཞབས་བོ་ཐར་བཀྲ་ཤིས་ཆོས་འཕེལ་ལགས་ཀྱི་བརྩམས་ཆོས་ལས། མིང་བརྡ་ཐ་སྙད་ཕྱོགས་ལ་དཔྱོད་ན། བུད་མེད་ཟེར་བ་ནི་སྐྱེས་པའི་གོང་ལ་བུད་མེད་པའམ་མཆོག་གྱུར་འཕགས་པ་རྣམས་བུད་དུ་མེད་པས་བུད་མེད་ཟེར་བའི་སྒྲ་བཤད་འདུག སྒྲ་དེ་ནི་བུད་མེད་རིགས་ལ་ཉེས་པ་ཀུན་གྱི་གནས་སུ་གཟིགས་པའི་ཆོས་པ་རྣལ་མ་ཞིག་གིས་བཤད་པ་སྲིད་དེ། དོན་དུ་ཕོ་མོ་གཉིས་འདྲ་མཉམ་མིན་པའི་དགོངས་བཞེས་མཚོན་ཡོད། ཡང་ལ་ལས་སྐྱེས་དམན་ཞེས་སྐྱེ་བ་ལེན་པའི་མི་རྣམས་ལས་ཆེས་དམན་ཤོས་དང་ངན་ཤོས་སུ་བཤད་ཡོད་ཅེས་གསུངས་འདུག སྲོལ་རྒྱུན་གྱི་བག་ཆགས་ངན་པ་འདི་དག་གི་དབང་གིས་དེང་སྐབས་ད་དུང་བུད་མེད་རྣམས་ལྟོས་བཅས་ཀྱིས་སྐྱེས་པ་ལས་སློབ་གསོ་ཐོབ་པའི་གྲངས་ཀ་ཉུང་ཞིང་། སློབ་གསོ་ཐོབ་པའི་རིམ་ཚད་དམའ་ཐོག བུད་མེད་ཀྱི་རྩིས་ཐང་ལ་ཁྱད་གསོད་དང་མི་གཤིས་ལ་རྡོག་བརྫིས་བྱེད་པའི་གདོད་མའི་སྲོལ་རྒྱུན་གྱི་རིན་ཐང་ལྟ་ཚུལ་རྒྱུན་སྐྱོང་གི་ཡོད་པ་རེད། རྐྱེན་དེ་དག་གཙོ་བྱས་ནས། སྤྱི་ཚོགས་ཡོངས་སུ་རྩིས་ཐང་ཅན་དང་རང་གཤིས་ལྡན་པའི་བུད་མེད་ཤེས་ཡོན་ཅན་ཧ་ཅང་དཀོན་པོར་སྣང་། དེ་ལས་སྤྱི་ཚོགས་ཧྲིལ་པོས་བུད་མེད་ཀྱི་རྟོགས་པ་སད་པར་འབོད་སྐུལ་བཏང་སྟེ། བུད་མེད་རྣམས་ཀྱི་མི་མངོན་པའི་ནུས་པ་འདོན་པར་བཅུག་ན། འུ་ཅག་གི་སྤྱི་ཚོགས་སུ་ཡང་བུད་མེད་རང་གི་མཐོང་སྣེ་ལྟར་བྲིས་པའི་བརྩམས་ཆོས་མང་པོ་འབྱུང་ཐུབ་ལ། དེ་ལྟ་ཡིན་ཚེ། སྐྱེས་པ་རྩོམ་པ་པོའི་ཕྱོགས་ཞེན་དང་སྡང་སེམས་མེད་པར། ཁོ་མོ་ཚོའི་སེམས་ཁམས་ངོ་མ་དང་ཚོར་པ་དངོས་མ། རིན་ཐང་ལྟ་ཚུལ་རྣལ་མ།  བརྩེ་དུང་ལ་བཅངས་པའི་མདུན་མ་སོགས་ནང་སེམས་ཀྱི་འཇིག་རྟེན་གསོན་པོ་ཞིག་རྗེན་པར་མཐོང་ཐུབ་ཅིང་།  ཞོར་དུ།  ལོ་རྒྱུས་སུ་བུད་མེད་རྣམས་འདོད་ཆགས་དང་ཞེ་སྡང་།  གདུག་རྩུབ་དང་ཕྲག་དོག གཡོ་སྒྱུ་སོགས་ཀྱི་ཕུང་པོ་རུ་འདོད་པའི་ལྟ་ཚུལ་ཕྱོགས་ལྷུང་ཅན་དེར་ཡང་ངམ་ངམ་ཤུགས་ཀྱིས་འགྱུར་བ་ཐེབས་ངེས་ཏེ།   གཞན་དེ་ལས་ཀྱང་ཁྱད་འཕགས་ལྡན་པ་ནི།  ཁོ་མོ་ཚོར་གཏོང་ཕོད་ཀྱི་སྤོབས་པ་དང་བྱམས་སེམས་ཀྱི་སྙིང་རྗེ། སྤྱང་གྲུང་གི་བློ་རིག སྒྱུ་རྩལ་གྱི་མྱོང་རྟོགས།  རུང་བསྟུན་དང་ཞིབ་མོའི་རིགས་ལ་འབྱོངས་པ།  ངང་རྒྱུད་རིང་ཞིང་སྡུག་རུས་ཆེ་བ་སོགས་ཡིན།  དེ་མིན།  འཁོར་བ་བྱམས་དང་བློ་རིག་གིས་སྐྱོང་ཞིང་།  ཡོད་ཚད་ཐལ་དང་རྡུལ་དུ་མི་གཏོང་བའང་ཁོ་མོ་ཚོའི་གཤིས་ཀ་ཡིན་ནོ།། གཏེར་ཁུངས་ལེགས་པོ་འདི་འདྲ་ཞིག་སྔོག་འདོན་མ་བྱས་པར་ཆུད་ཟོས་དང་རུལ་མྱགས་སུ་བཏང་ན་ནི།   མི་རིགས་ཀྱི་གྱོང་གུན་དང་སྐྱེས་པ་ཚོའི་མཚང་སྐྱོན་དུ་འགྲོ་བ་མ་རེད་དམ།  དེ་རིང་སྲོལ་རྒྱུན་གྱི་ཆུ་རྒྱུན་རིང་མོའི་ཆུ་རྔ་བཞུར་ཏེ་ཏག་ཏག་གྲོང་ཁྱེར་གྱི་ནང་ཚང་དུ་ལྷགས་འདུག བུད་མེད་རྣམས་ཀྱིས་ཕྱི་ཡི་གཞུང་ལས་ནས་ནང་གི་ཁྱིམ་ལས་དང་།   བྱིས་སྙོར་ཟས་གཡོ་སོགས་ཀྱི་ལས་ཀ་མང་ཆེ་ཤོས་བྱེད་གི་ཡོད་པ་རེད།  ལར་ཁོར་ཡུག་རྩུབ་པོའི་ཁྲོད་ཀྱི་ཁྱོད་ཤི་ང་གསོན་གྱི་དམར་འཛིང་དང་གདོད་མའི་འཚོ་ཐབས་སྦྱོར་སྟངས་ཀྱི་སྲོལ་སྔ་མོ་ནས་མཇུག་རྫོགས་ཏེ།  གཞི་ཁྱོན་ཆུང་དུ་ཕྱིན་ནས་ནང་ཚང་གྲུ་བཞིའི་ཁྱིམ་ལས་ཙམ་ལས་ལྷག་མེད།  ལོ་ཁ་ཤས་ཀྱི་སྔོན་ལ་སྐྱེས་པ་རྣམས་ཀྱིས་གྲོ་ཕྱེ་དང་འབྲས།  རྡོ་སོལ། སོལ་རླངས་ཀྱི་ལྕགས་ཟོ་སོགས་འཁུར་སྐྱེལ་གྱི་ཤེད་ཤུགས་ངལ་རྩོལ་ཉུང་ཙམ་བྱེད་དགོས་ནའང་།  དུས་ད་ལྟ་ལས་དེ་དག་ཀྱང་བྱེད་མི་དགོས་པར་ནང་ཚང་གི་ཤེད་ཤུགས་ལས་ཀ་རྣམས་ཕལ་ཆེར་མཇུག་རྫོགས་གྲབས་འདུག ཤུལ་དུ་ལུས་པ་ནི་ནམ་ཡང་རྫོགས་རྒྱུ་མེད་ཅིང་ཉིན་མཚན་བར་མེད་དུ་ལས་ཀྱང་འབྲས་བུ་མཐོང་རྒྱུ་མེད་པའི་ཉི་མ་རེའི་ཟས་གཡོ་དཀར་བཀྲུ་དང་བྱིས་པ་བདག་སྐྱོང་། ཁང་པ་གཙང་སྦྲ། ཁྱིམ་ཚང་གི་འདུ་འགོད་དང་བཟའ་ཚོད་ཉོ་བ་སོགས་ཀྱི་ཁྱིམ་ལས་ཙག་ཙིག་རྐྱང་རེད། དེ་ལྟ་ཡིན་ནའང་སྐྱེས་པ་མང་ཤོས་ཤིག་གིས་ཁྱིམ་ལས་ཐམས་ཅད་བུད་མེད་ཁོ་ནའི་ལས་ཀ་རུ་བསམ་ནས་གཡོལ་ཐབས་བྱེད་ཀྱིན་འདུག་པ་རེད། རྒྱ་ནག་གི་མཁས་པ་ལི་དབྱིན་ཧོ(李银河,1952-)ཡིས་ཞིབ་འཇུག་བྱས་པ་ལྟར་ན།  སྔོན་ཆད་རྒྱ་ནག་གི་སྤྱི་ཚོགས་སུའང་ནང་ཚང་གི་ལས་ཀ་བགོ་བཤའ་བྱས་པ་ཕོ་མོ་འདྲ་མཉམ་མིན་ཐོག ནང་ཚང་གི་ལས་ཀ་གཉེར་བཞིན་པའི་བུད་མེད་རྣམས་ལ་ཕོགས་མེད་པས་དཔལ་འབྱོར་ཐད་ཁེར་ཚུགས་ཡོང་ཐུབ་མེད་ལ། དེ་ཡང་བུད་མེད་རྣམས་གཞན་དབང་དུ་ཚུད་པའི་རྐྱེན་གཅིག་ཡིན་པར་བཤད།  ཡིན་ནའང་ཉེ་བའི་ལོ་འགའི་སྔོན་དུ་མོས་པེ་ཅིང་གྲོང་ཁྱེར་དུ་ཕོ་མོའི་ཁྱིམ་ལས་བྱེད་པའི་བསྡུར་ཚད་ལ་རྟོག་དཔྱོད་བས་པ་ན། གོང་གི་གནས་ཚུལ་ལ་འགྱུར་ལྡོག་བྱུང་སྟེ། ནང་ཚང་དུ་ཁྱིམ་ལས་བྱེད་པའི་སྐྱེས་པའི་གྲངས་ཀ་བརྒྱ་ཆའི་བཞི་བཅུ་ལ་སླེབས་འདུག་པ་དང་། བུད་མེད་རྣམས་ཀྱང་སྐྱེས་པ་བཞིན་ཕྱི་རོལ་གྱི་ལས་ཀར་ཞུགས་ཤིང་འབྲས་བུའང་མི་དམན་པ་ཐོབ་དང་འཐོབ་མུས་སུ་ཡོད་པ་རེད་ཟེར།  འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་དེང་སྐབས་ད་དུང་བུད་མེད་རྣམས་ཀྱིས་ལས་ཀ་འདྲ་མཉམ་དང་ཐོབ་ཐང་འདྲ་མཉམ་བསམ་བློ་འདྲ་མཉམ་ཡོང་དགོས་ཚུལ་གླེང་སྐབས་ཁོ་པ་ཚོ་མགོ་ན་བ་རེད།  བུད་མེད་རྟོགས་པ་སད་ཅིང་འདྲ་མཉམ་གླེང་མཁན་དག་དང་བཤོལ་ཆེད།  ཡོན་ཏན་པའི་སྡེའི་སྐྱེས་པ་ཁ་ཤས་ཤིག་གིས་ཀྱང་སློབ་གསོ་ཐོབ་མྱོང་མེད་པའི་ཞིང་འབྲོག་བུད་མེད་ཆུང་མར་བསུ་འདོད་ཀྱི་བསམ་ཚུལ་སྨྲ་བ་ཐོས་མྱོང་།  དེའང་མཐར་གཏུགས་ན།  ཤྭ་ལ་གཅེས་པ་མ་ཡིན་པར་རྭ་ལ་གཅེས་པའི་དཔེ་བཞིན་འཛམ་གླིང་སྐྱེས་པའི་གཅིག་མཐུན་གྱི་ནད་རིགས་ཤིག་རེད་འདོད། མ་ཟད།   བོད་པའི་སྐྱེས་པ་ལ་ལས་རང་གི་ཆུང་མར་མཐོང་རྒྱ་དང་ཤེས་རྒྱ་ཇེ་ཆེར་སོང་བའི་ཉིན་མོ་ནི་རང་ཉིད་སྐོབས་སུ་ལྷུང་བའི་ཉིན་མོ་རུ་རྩི་ཡི་ཡོད་པ་རེད།  ཨ་རི་ན་ཡོད་དུས།  གྲོགས་མོ་ཞིག་གིས་སྐད་ཆ་ཞིག་བཤད་པ་དངོས་གནས་རེད།  མོས་དེང་སྐབས་བོད་མིའི་སྤྱི་ཚོགས་སྟེང་བུད་མེད་ཅིག་རྩོམ་འབྲིའི་ལས་སུ་ཞུགས་དགོས་ན་དེ་ནི་ཁོ་མོ་ཚོའི་ལས་རིགས་གསུམ་པ་རུ་འགྱུར་དགོས། བོད་མོ་རྩོམ་ལ་འཇུག་མཁན་མང་པོ་མེད་པའི་རྐྱེན་གཅིག་དེ་རེད་ཟེར།  བུ་མོ་ཁ་ཤས་ཤིག་སློབ་གྲྭ་ན་ཡོད་དུས་སྦྱངས་འབྲས་ཧ་ཅང་ལེགས་པོ་འདུག  ཡིན་ནའང་།  སྤྱི་ཚོགས་སུ་ཞུགས་ཏེ་གཉེན་སྒྲིག་ཆང་ས་བརྒྱབ་རྗེས།  བུ་མོ་དེ་ཚོ་ཁད་ཀྱིས་བསམ་བློ་དང་རེ་སྙེག་སོགས་ཕྱོགས་གང་ཅིའི་ཐད་ནས་ལྟོས་བཅས་ཀྱིས་སྔོན་ཆད་དང་བསྡུར་ན་རྗེས་ལུས་ཐེབས་ཀྱིན་ཡོད་པའང་གཙོ་བོ་ཁོ་མོས་བཤད་པ་དེར་འབྲེལ་བ་མི་འདུག་གམ་སྙམ། བུད་མེད་དང་འབྲེལ་ཡོད་ཀྱི་གནད་དོན་གང་རིགས་ལ་བསམ་བློ་ཞིབ་ཕྲ་ཞིག་གཏོང་དུས། སྤྱི་ཚོགས་ཐོག་བྱུང་དང་འབྱུང་མུས་སུ་མཆིས་པའི་སྐྱོ་གར་འདི་དག་ཁོ་མོ་ཚོ་གཅིག་པུ་ལན་པའི་མཇུག་འབྲས་ཤིག་མིན་པར། བུད་མེད་རྣམས་བཙན་གྱིས་དེ་རིང་གི་ལམ་བུ་འདིར་འཇུག་མཁན།  འུ་ཅག་གི་ཕ་མེས་ཡང་མེས་ནས་དར་ཡོང་བའི་སྲོལ་ངན་ཏེ་ཕོ་མཆོག་མོ་དམན་གྱི་འདུ་ཤེས་དེར་འབྲེལ་བ་དམ་པོ་ཡོད་པས་ན།  དུས་རབས་གསར་པའི་ན་གཞོན་རྣམས་ཀྱིས་སྲོལ་རྒྱུན་གྱི་ལྟ་བ་ལས་བརྒལ་ཏེ་བསམ་གཞིགས་གསར་པ་དང་མཐོང་སྣེ་མི་འདྲ་བའི་སྟེང་བསམ་བློ་རེ་གཏོང་དགོས་ཚོད་རེད།   གང་ཡིན་ཟེར་ན།  སྣང་ཚུལ་མི་ལེགས་པ་འདི་བསྒྱུར་ཚེ་བུད་མེད་གཅིག་པུའི་ལས་དབང་ཙམ་མ་ཡིན་པར།  མི་རིགས་སྤྱི་ལ་ཕན་པའི་སྨན་དུ་འགྲོ་ངེས་རེད་སྙམ།    གཟའ་སྔོན་མའི་ནང་ཨ་རི་ནས་ཡོང་བའི་མི་རྒྱུད་དཀར་པོའི་བུ་མོ་ཞིག་དང་ཁ་བརྡ་བྱེད་སྐབས།  ངས་མོ་ལ་ཁྱེད་རང་སྔོན་ཐོན་མི་རིགས་ཀྱི་འདྲ་མཉམ་འདུ་ཤེས་ནང་སློབ་གསོ་མྱངས་མཁན་ཞིག་ཡིན་པའི་ཆ་ནས།  རང་གི་མི་ཚེའི་ལམ་བུའི་ཁྲོད་སྐྱེས་པ་དང་མི་འདྲ་བའི་བཀག་རྒྱ་ཐེབས་མྱོང་མིན་དྲིས་པ་ན། མོས་བཤད་དོན། ཁོ་མོའི་ཨ་མ་ཡང་བུད་མེད་ཀྱི་ཁེ་དབང་རྩོད་དགའ་བ་ཞིག་ཡིན་གཤིས།   ཆུང་དུས་ཨ་མའི་ཁ་ཏ་བསླབ་བྱ་རྣམས་ཀྱིས་མོ་ལ་མི་མངོན་པའི་ཡིད་ཆེས་བརྟན་པོ་བྱིན་མྱོང་།  སྤྱི་ཚོགས་སྟེང་སྲོལ་རྒྱུན་གྱི་རྗེས་ཤུལ་ཉུང་ཙམ་མཐོང་རྒྱུ་ཡོད་ཅིང་།   སྐྱེས་པ་རྣམས་ལའང་ང་རྒྱལ་ཏོག་ཙམ་ཡོད་པ་བསྙོན་དུ་མེད་ནའང་།  ཁྱིམ་མི་དང་སློབ་གྲྭའི་སློབ་གསོ་དེ་ལ་ཕན་ཆ་ཆེན་པོ་འདུག  དེར་མ་ཟད་ཨ་མས་རྟག་ཏུ་བུད་མེད་སྐྱེས་པ་ལས་ཡོན་ཏན་མང་ཚུལ་བརྗོད་པ་དང་།  གལ་ཏེ་ཨ་རི་རྒྱལ་ཁབ་འདི་སྐྱོང་མཁན་ཡང་བུད་མེད་དག་ཡིན་རྒྱུ་ན། ད་ལྟའི་གནས་སྟངས་ལས་ཡག་པོ་ཡིན་གྱི་རེད།  མ་མཐའ་ཡང་རྒྱལ་ཁབ་ཀྱི་འགྲོ་སྒོ་ཇེ་ཉུང་དུ་འགྲོ་ངེས།  རྒྱུ་མཚན་བུད་མེད་རྣམས་དགོས་མེད་ཀྱི་འཛད་སྤྱོད་དང་གདུག་རྩུབ་ཀྱི་འཐབ་འཁྲུག་ལ་མི་དགའ་བ་རེད་ཟེར། ཨ་མའི་སྐད་ཆ་དེ་དག་གིས་མོ་རང་ཡིད་ཆེས་དང་རང་རློམ་གྱིས་ཁེངས་འདུག ཁོ་མོའི་རྨི་ལམ་ནི་མ་འོངས་པར་རྒྱལ་སྲིད་བློན་ཆེན་བྱེད་རྒྱུ་དེ་རེད། ད་ལྟ་མོ་རང་ལ་འབུམ་རམས་པ་དང་རབ་འབྱམས་པའི་ཐོབ་ཐང་ཡོད་ཐོག  ཡང་བསྐྱར་འབུམ་རམས་པའི་ཐོབ་ཐང་གཞན་ཞིག་ལེན་པར་གྲ་སྒྲིག་བྱེད་གི་འདུག བསླབ་གནས་ཐོབ་ཐང་དུ་མ་ལེན་རྒྱུ་དེ་རྒྱལ་སྲིད་བློན་ཆེན་ལ་འགྲན་རྩོད་བྱེད་པའི་ཐོག་མའི་རྨང་གཞི་རེད་ཟེར།    ཕོ་མོ་འདྲ་མཉམ་གྱི་རིག་གནས་ཁོར་ཡུག་ལས་འཚར་བའི་བུ་མོ་ཞིག་གི་རང་རྩིས་དང་རང་རློམ།  ཡིད་ཆེས།  ཧམ་སེམས་ལས།  བུད་མེད་ལའང་རེ་སྙེག་དང་རྨི་ལམ་གང་འདོད་དུ་ཡོད་ཆོག་ཆོག་ཡིན་པ་ཤེས་པར་མ་ཟད། རང་གི་རེ་སྙེག་གི་སླད་དུ་འབད་དེ་འབུངས་ན་ཡོད་ཚད་ཇི་བཞིན་ལེགས་འགྲུབ་ཀྱང་འབྱུང་ཐུབ་ངེས་རེད།  སྐྱེ་ཁམས་ཀྱི་སྟེང་ནས་ཚང་མ་བུད་མེད་ཡིན་པ་ཆ་འདྲ་ནའང་། ཕོ་མོ་འདྲ་མཉམ་གྱི་རིག་གནས་འོག་འཚར་བའི་ཁོ་མོ་ཚོ་རང་རློམ་དང་ཡིད་ཆེས་ཀྱིས་ཕྱུག་ལ། ཕོ་མཆོག་མོ་དམན་གྱི་སྲོལ་རྒྱུན་འོག་འཚར་བའི་བུད་མེད་རྣམས་དུས་ནམ་ཡང་རང་རློམ་དང་ཡིད་ཆེས་ཀྱིས་དབུལ་བ་རེད།  དེ་ནི་རིག་གནས་གཉིས་ཀྱིས་བསྐྱེད་པའི་འབྲས་བུ་མིན་ན་ཅི།  2006-2007ལོའི་ཟླ3པའི་བར་བྲིས་པ་ཡིན།  

བུད་མེད་དང་འབྲེལ་ཡོད་ཀྱི་སྣང་ཚུལ་ཁ་ཤས།  

   བཅོ་ལྔ།  མ་གཅིག་ལབ་སྒྲོན་གྱི་སྙིང་སྟོབས་དང་མཛད་རྗེས་དག་ལ་ང་ཚོ་བུད་མེད་རྣམས་ཀྱིས་སློབ་སྦྱོང་བྱེད་འོས་ཤིང་།  བློ་བཟང་རབ་རྒྱས་ལགས་ཀྱི་རྩོམ་ཡིག་ལས་འདི་འདྲ་ཞིག་འབྱུང་སྟེ།  མ་གཅིག་ལབ་སྒྲོན་ནི་དུས་རབས་བཅུ་གཉིས་པའི་ནང་གི་བོད་དུ་བྱུང་བའི་མཁས་མཛངས་གཉིས་ལྡན་གྱི་བུད་མེད་ཅིག་ཡིན།  ཁོ་མོའི་མཚན་སྙན་ནི་གངས་ཅན་བོད་ཙམ་མ་ཡིན་པར།  བལ་ཡུལ་དང་རྒྱ་གར་བཅས་ན་འབྲུག་སྒྲ་ལྟར་གྲགས་ཡོད་པ་རེད། ཁོ་མོས་སློབ་དཔོན་དུ་མ་བསྟེན་ནས་མཁས་པའི་ཡང་རྩེར་སོན་པ་དང་། མ་གཅིག་གིས་གཅོད་གཞུང་ལུགས་གསར་བརྩམ་མཛད་དེ་དར་སྤེལ་ཆེ་ཆེར་མཛད།  སྤྱིར་གངས་ཅན་ཡུལ་དུ་རྒྱ་གར་གྱི་གཞུང་ལུགས་བོད་དུ་དར་སྤེལ་བྱེད་སྲོལ་ཤུགས་ཆེན་པོ་ཡོད་པ་རེད། མ་གཅིག་གིས་གཅོད་ཀྱི་གཞུང་ལུགས་རྒྱ་གར་ཡུལ་དུ་དར་སྤེལ་མཛད་པ་ནི་བོད་རང་ནས་ས་སྐྱེས་རྡོ་སྐྱེས་ཀྱི་གཞུང་ལུགས་གཏིང་ཟབ་མོ་ཞིག་རྒྱ་གར་ཡུལ་དུ་དར་སྤེལ་དང་།  རྒྱ་གར་གྱི་མཁས་གྲུབ་རྣམས་ལ་བཀའ་ཆོས་གནང་བ་ཁོ་ན་དེ་ཡིན་ངེས། མ་གཅིག་རྒྱ་གར་དུ་ཕེབས་ཏེ།  དེང་སང་ཁ་ན་ཊ་ཁ་མངའ་སྡེ་ཁོངས་ཀྱི་སྦེ་ལ་ཀོལ་པེལ་འཁྲིས་ཀྱི་རི་བོ་ཞིག་གི་སྟེང་དུ་རྒྱ་གར་གྱི་རྣལ་འབྱོར་ཐོ་པ་སྦ་ཀྲ་ཞེས་པ་ཞིག་དང་མཉམ་དུ་སྒྲུབ་པ་ཉམས་ལེན་གྱི་མཚམས་ལ་བཞུགས་སྐབས།  ཕྲུ་གུ་རྣམས་ཐོ་པ་སྦ་ཀྲས་གསོ་སྐྱོང་གནང་བ་དང་། ཁོ་མོ་མཚམས་གྲོལ་རྗེས་ཁོ་མོས་གསོ་སྐྱོང་བྱས།  ཁོང་གི་བཟའ་ཟླ་ཐོ་པ་སྦ་ཀྲས་སྒོམ་གྱི་ཉམས་ལེན་མཛད་དེ་ཁོང་གཉིས་ཀྱིས་རེ་མོས་སུ་ཕྲུ་གུ་གསོ་སྐྱོང་བྱས། ཕྲུ་གུ་རྣམས་ལོ་ན་ཆུང་དུས་ཨ་མ་དགོས་གལ་ཆེ་བའི་སྐབས་སུ་མ་གཅིག་གིས་སྒྲུབ་པ་ཉམས་ལེན་མཛད་ཡོད་པ་དང་།  ཕྲུ་གུ་རྣམས་ནར་སོན་རྗེས་ཁོ་མོས་ཕྲུ་གུ་རྣམས་ཆོས་སེམས་ཁོངས་སྐོར་སློབ་གསོ་སྤྲད་པ་དང་།  ཁོ་མོའི་བུ་མོས་གཅོད་ཀྱི་གཞུང་ལུགས་རྒྱུད་འཛིན་གནང་།  མདོར་ན་མ་གཅིག་ལབ་སྒྲོན་ནི་དུས་རབས་བཅུ་གཉིས་པའི་ནང་བོད་དུ་བྱུང་བའི་མཁས་གྲུབ་གཉིས་ལྡན་ཡིན་པ་རེད་ཅེས་བྲིས་འདུག ང་ཚོས་ངེས་དགོས་པ་ཞིག་ལ།  ཁོ་མོ་ཡང་ང་ཚོ་ནང་བཞིན་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོར་གྲུབ་པའི་བུད་མེད་ཅིག་དང་ན་ཟུག་གི་མནར་གཅོད་ཁྲོད་ཚེ་སྲོག་བསྐྲུན་པའི་སྤྱིར་བཏང་གི་ཨ་མ་ཞིག་ཡིན་པ་རེད། ཁོ་མོས་བུད་མེད་ལ་དཔྱོད་ཤེས་མེད་ཅེས་པའི་ཕྱོགས་ལྷུང་གི་ལྟ་བ་དེར་བཙན་གྱིས་བཞི་ཤད་བཀོད་འདུག་ཅིང་། ནང་ཚང་དུ་འདྲ་མཉམ་བྱུང་ཚེ་བུད་མེད་ལའང་རྗེས་ལུས་ཐེབས་མི་དཔེ་བྱ་བདེན་དཔང་ཡང་བྱས་འདུག་པ་རེད།    བཅུ་དྲུག ཁ་སང་བདག་གི་གྲོགས་མོ་ཡག་ཤོས་ཤིག་དང་ཁ་བརྡ་བྱེད་སྐབས། མོས་བུད་མེད་ཅིག་གིས་འགོ་ཁྲིད་བྱས་ན་སྐྱེས་པ་ལས་ལྡབ་འགྱུར་གྱིས་དཀའ་ཁག་ཆེ་ཟེར།   སྒོ་ཕྱི་ནས་ལས་ཀའི་དགོས་མཁོའི་ཆེད་དུ་གཞན་ལ་རམ་འདེགས་ཀྱིས་ཆང་དང་སྦི་རག་འཐུང་དཀའ་བས་སྡུག་གྱོང་མྱོང་དགོས་པ་དང་།  ཚོགས་ར་གང་རུང་ནང་ཞུགས་ཚེ་མི་གཞན་གྱིས་ལྟ་སྟངས་མི་ལེགས་པ་འཛིན་པ།  ཁྱིམ་དུ་ཁ་ལག་བཟོ་རྒྱུ་དང་ཁྱིམ་གཞིའི་འདུ་འགོད།  ཕྲུ་གུར་ཁ་མགོ་བྱེད་རྒྱུ་སོགས་བུད་མེད་ཕལ་པ་རྣམས་ཀྱིས་ཇི་བྱེད་དེ་བཞིན་ལས་ཀ་ཡོད་དོ་ཅོག་བྱེད་དགོས་ཤིང་།  དུས་ཚོད་ལྟར་ཁྱིམ་དུ་ལོག་མ་ཐུབ་ཚེ་ཁྱོ་ག་དང་ཁ་རྩོད་ཀྱང་འབྱུང་ངེས།  དེ་ལས་ཀྱང་ཁག་པ་ནི།  ལས་ཀའི་ནུས་པ་དང་རིག་གནས་ཆུ་ཚད།  བློ་བཀོད་འཆར་སྒོ་སོགས་གང་ཐད་ནས་སྐྱེས་པ་དང་གཅིག་འདྲ་ཡིན་ནའང་ཁོ་ཚོས་བུད་མེད་ཀྱི་འཇོན་ཐང་ལ་ཡིན་འཇོག་གཏན་ནས་མི་བྱེད་པའི་ཐོག་བུད་མེད་ཅིག་གིས་གོ་ས་སྙེག་པ་དང་ལས་དོན་ཐད་རེ་བ་མཐོན་པོ་བཅངས་ཚེ་རྒྱུན་ལྡན་མ་ཡིན་པའི་ལྟ་ཚུལ་འཛིན་ཅིང་།  མཚམས་རེར་ཟུར་ཟ་ཡང་ཉོ་དགོས།  སྐྱེས་པ་ཚོའི་བསམ་བློར་བུད་མེད་ཀྱི་འཇིག་རྟེན་ནི་གོ་ཁ་གྲུ་བཞི་ཙམ་རང་ཡིན་པ་དང་།  བུད་མེད་ཀྱི་ལས་དོན་ནི་ཁྱིམ་མི་གང་བོར་ཞབས་གཡོག་བསྒྲུབ་རྒྱུ་དེ་རེད་འདོད།  ཐེངས་ཤིག་ཚོགས་ར་ཞིག་གི་ནང་དུ་མོ་རང་གྲལ་མགོ་རུ་སྡོད་སྐབས་སྐྱེས་པ་མང་པོ་ཞིག་དོགས་མི་བདེ་བའི་སྣང་ཚུལ་མངོན་ཡོང་གི་འདུག་ཟེར།  བདེན་པ་རེད།  ལས་ཀ་གང་ཞིག་བྱེད་པ་དང་དོན་དག་གང་ཞིག་བསྒྲུབ་ནའང་བུད་མེད་ཚོས་སྐྱེས་པ་ལས་ལྡབ་འགྱུར་གྱི་དཀའ་ལས་མྱོང་དགོས་པ་རེད། དེ་ལ་མང་བཟའ་པད་དཀར་གྱིས་འདི་ལྟར་ཟེར། སྐྱེས་པ་རྣམས་ཀྱི་ལས་དོན་ནི་ཆུ་རྒྱུན་དང་འགྲོགས་ནས་སྐྱོད་ཀྱི་ཡོད་ཅིང་། སྐྱེས་མའི་ལས་དོན་ནི་ཆུ་རྒྱུན་གྱེན་ལྡོག་གིས་སྐྱོད་དགོས་ཀྱི་ཡོད་ཟེར་བ་རེད།  ལས་དོན་ལ་དགའ་བ་དང་འཚོལ་སྙེག་བྱེད་པའི་བུད་མེད་རྣམས་འཚོ་བའི་ཁྲོད་གཅིག་མཐུན་གྱི་དཀའ་གནད་ཅིག་ལ་འཕྲད་ཀྱིན་འདུག་པ་རེད།  བུད་མེད་རྣམས་ལ་ཕྱི་ལོགས་ནས་ཁྱོ་ཤུག་བར་ཕྲ་མ་འཇུག་པ་སོགས་སེམས་གཏིང་ལ་རྨ་ཁ་བཟོ་ཁར།   ནང་ཚང་དུ་ཁོ་མོ་ཚོས་ཉི་མ་རེའི་བཟའ་ཚང་གང་བོའི་ཁ་ལག་བཀོད་སྒྲིག་དང་།   ཉི་མ་རེའི་བྱིས་པའི་ལྭ་བ་གཙང་སྦྲ་དང་གྱོན་ཆས་གྲ་སྒྲིག འཚོ་བའི་འགྲོ་སོང་སྣ་ཚོགས་ཐབས་བཀོད་དང་ཁྱིམ་གཞིའི་འདུ་འགོད་སོགས་ཚར་རྒྱུ་མེད་པའི་ལས་ཀའི་ཁྲོད་རང་གི་ཚེ་སྲོག་མར་མེ་བཞིན་སྦར་ནའང་།  ཁོ་མོ་ཚོའི་རྔུལ་ཆུ་དང་སེམས་ཤུགས་སྤྱི་ཚོགས་ཀྱི་གད་སྙིགས་དང་སྐྱེས་པའི་གཡོག་རྒྱུག་གི་རིན་ཐང་ལས་མེད་པ་རེད། དེ་ལས་ལྡོག་སྟེ་གྲུབ་འབྲས་ཅན་གྱི་སྐྱེས་པ་རེའི་རྒྱབ་ན་ཡོད་ཚད་བློས་གཏོང་ཕོད་པའི་བུད་མེད་རེ་འདུག་ཅིང་།  གྲུབ་འབྲས་ཅན་གྱི་བུད་མེད་རེའི་རྒྱབ་ན་སྐྱེས་པ་དེ་རིགས་ཡོད་མེད་ནི་དོགས་གཞི་རེད། བུད་མེད་རྣམས་ཀྱང་སྐྱེས་པ་བཞིན་ཕྱི་ནས་གཞན་གྱི་གོང་བཀུར་དང་ནང་དུ་བཟའ་ཟླའི་རྒྱབ་སྐྱོར་འོག་འགྲོ་ཤག་ཤག་གིས་སྐལ་བཟང་ཡར་འགྲོ་བའི་དུས་དེ་ནི་ནམ་ཞིག་ཡིན།  རང་དབང་ལ་དགའ་བ་དང་རང་གི་འཚོལ་སྙེག་ལ་བརྩི་འཇོག་བྱེད་མཁན་ཞིག་ཡིན་ཚེ། ངེས་པར་དུ་ཕོ་མོ་འདྲ་མཉམ་རྩོད་རྒྱུ་ནས་མགོ་རྩོམ་དགོས།   ཡིད་ཕངས་པ་ཞིག་ལ།  བདག་གི་གྲོགས་མོས་ཁོ་མོར་ཕྱི་ནང་གཉིས་ཀ་ནས་སྐྱེས་པས་གཉའ་གནོན་བྱེད་པ་དེ་སྲོལ་རྒྱུན་གྱི་བག་ཆགས་ལས་བྱུང་བ་ཞིག་ཡིན་པ་གསལ་བོར་ཧ་གོ་གི་མེད་པ་འདྲ།  དགའ་འོས་པ་ཞིག་ལ།  ཕྱི་ནང་གཉིས་ཀ་ནས་གཉའ་གནོན་ཐེབས་ཀྱང་།  ཁོ་མོ་ནི་རང་རློམ་ཅན་སྡུག་རུས་བྱེད་མཁན་ཞིག་ཡིན་གཤིས་སྲོལ་རྒྱུན་གྱི་འཆང་རྒྱ་ལས་ཐར་ཏེ་ལས་དོན་ཐད་འབྲས་བུ་མི་དམན་པ་རག་འདུག བདག་གི་བསམ་པར་དེ་ནི་ཁོ་མོའི་སྤྱང་གྲུང་གཉིས་འཛོམས་ཀྱི་ཨ་མའི་སློབ་གསོ་དང་འབྲེལ་བ་ལོས་ཡོད་འདོད། གལ་ཏེ་མགོ་ནས་གནོན་མཁན་དང་གཞུག་ལ་འཐེན་མཁན།  སྲོལ་རྒྱུན་གྱི་བཀག་རྒྱ་སྣ་ཚོགས་མེད་པར།  མིང་དོན་གཉིས་མཚུངས་ཀྱི་ཕོ་མོ་འདྲ་མཉམ་སྒོས་ལས་དོན་གཉེར་བ་ཡིན་ཚེ།  འབྲས་བུ་གཡུར་དུ་ཟ་བ་ལེན་མཁན་བུད་མེད་རྣམས་ཡིན་པ་སྨོས་མ་དགོས་སོ།།  བུད་མེད་ནི་ཚེ་སྲོག་སྐྲུན་མཁན་ཡིན་ལ།  ཚེ་སྲོག་སྐྱེད་པའི་གོ་རིམ་ཁྲོད་ཁོ་མོ་ཚོས་དཀའ་སྡུག་དང་མནར་གཅོད། ན་ཟུག་གི་སྡུག་བསྔལ་དང་བདེ་སྐྱིད་ཀྱི་ཚོར་སྣང་སོགས་མ་མྱངས་པ་གཅིག་ཀྱང་མེད། དེ་ནི་སྐྱེས་པ་ཚོའི་བློ་ལ་ཤོང་བ་ཞིག་གཏན་ནས་མིན།  བུད་མེད་ལ་སྡུག་རུས་དང་ངང་རྒྱུད།  སྙིང་སྟོབས་དང་བྱམས་སེམས།  སྤྱང་གྲུང་དང་ཞིབ་ཆ་ཁྱད་འཕགས་ལྡན་པས་མཐུན་རྐྱེན་ཚང་ན་གང་ཡང་འཁྱོངས་ངེས་རེད།    བཅུ་བདུན།  ད་ལོའི་སྟོན་ཀར།  ཕ་ཡུལ་དུ་ཕྲུ་གུ་བུ་མོ་སྐྱེས་པའི་བུད་མེད་ཁ་ཤས་དང་གླེང་མོ་ཅི་རིགས་བྱས་པ་ན།  ཁོ་མོ་ཚོས།  ཕྲུ་གུ་བུ་མོ་ཞིག་སྐྱེས་ན་ཡུལ་མི་ཚོས་ཅང་ལའང་བརྩི་གི་མ་རེད་ཟེར། དེ་དག་ཁྲོད་ཀྱི་བུད་མེད་གཅིག་ལ་བུ་མོ་སྤུན་གཉིས་སྐྱེས་ཡོད་ཅིང་།  ད་ལོར་མཉམ་དུ་སློབ་ཆེན་མི་འདྲ་བ་གཉིས་སུ་རྒྱུགས་འཕྲོད་སོང་བ་རེད།  ངས་ཡིད་སྨོན་དང་བཅས་བསྟོད་ར་བས་པ་ན།  ཨ་མ་དེས་ལྡོག་སྟེ་ཕངས་སེམས་ཀྱིས། བུ་མོ་ཇི་འདྲའི་ཡ་རབས་རིག་བཟང་ཡིན་ནའང་བུ་ཞིག་གི་དོ་ཟླ་ག་ལ་ཡོང་ཟེར། རེད་ཡ། གྲོང་ཚོའི་ཡུལ་སྲོལ་ལྟར་ན། བུ་ནི་མ་འོངས་པར་ངན་པ་ལང་ཤོར་དང་། མ་རབས་ཐ་ཤལ་ཞིག་ཏུ་འགྱུར་འགྲོ་ནའང་། བཙས་མ་ཐག ལྷའུ་དར་པོ་འཁྲུངས་པ་བཞིན་བསང་ཆུང་བསང་ཆེན་བཏང་སྟེ་ཟླ་སྟོན་ཆོ་གའི་མཛད་སྒོ་མང་པོ་སྒྲུབ་སྲོལ་ཡོད་པ་རེད། བུ་མོ་ནི་དེ་ལས་ལྡོག་སྟེ་ཕྱིས་འབྱུང་འཇོན་ཐང་ཁྱད་འཕགས་ཅན་ཞིག་ཏུ་འགྱུར་སྲིད་ནའང་། ཚ་གསུར་ཞིག་ཀྱང་མི་འཕུད་པར་གོ་མེད་ཚོར་མེད་ངང་བཏང་སྙོམས་སུ་འཇོག་པ་རེད། ཡུལ་སྲོལ་དེས་ཚོར་པ་སྐྱེན་པའི་བུད་མེད་རྣམས་ལ་ངན་ཤན་ཐེབས་ཀྱིན་ཡོད་པར་མ་ཟད། བུད་མེད་སྐོར་ཞིག་གིས་རང་ཉིད་སྐྱེ་བ་བླངས་པ་གཞི་ནས་ནོར་བའི་ཉེས་ཅན་དུ་བརྩི་ཡི་ཡོད་པ་རེད། རྐྱེན་དེ་ལ་སོགས་པའི་དབང་གིས། བུད་མེད་རྣམས་ཀྱིས་ཀྱང་ཕོ་དབང་རིང་ལུགས་ཀྱི་སྲོལ་རྒྱུན་གྱི་ལྟ་ཚུལ་མཁྲེགས་འཛིན་བྱས་ཏེ། རང་ཉིད་ཀྱི་མི་ཚེའི་རིན་ཐང་སྐྱེས་པ་ལས་དམན་པའི་འདུ་ཤེས་དྲག་པོ་འཛིན་གྱི་ཡོད་པ་རེད།     བཅོ་བརྒྱད། ང་རང་ཆུང་དུས་ཨ་མའི་ལས་ཀ་ལས་སར་འགྲོ་རྒྱུར་ཧ་ཅང་དགའ། མོས་དབྱར་ཁར་ཡུར་མ་ཡུར་བ་དང་སྟོན་ཀར་ཞིང་འབྲེག་དུས་ལག་པའི་མཁྲིག་མ་ལ་ན་ཟུག་སྐྱེ་གི་ཞེས་རྒྱུན་དུ་བཤད། ང་ཚོའི་ལུང་པ་ལ་མཚོན་ན།  ལོ་རེའི་བོད་ཟླ་བཅུ་གཉིས་པའི་ཚེས་པ་ཉི་ཤུ་བཞིའི་ཉིན་ཐབ་ཀ་ལ་ཞལ་ཞལ་བྱེད་ཅིང་། བཤད་ཚུལ་ལྟར་ན་དེ་ནི་ཐབ་ལྷ་མཆོད་པའི་ཉི་མ་ཡིན་ཟེར། ཉི་མ་དེར་ཐབ་ཀ་ལ་ཞལ་བྱ་བཏང་ཚར་རྗེས། ཤ་བཙོ་བ་སོགས་ཁ་ལག་བཟོས་ནས་སྟོན་མོ་བཤམས་ཏེ་ཐབ་ལྷ་མཆོད་པ་རེད། ང་ནི་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བཞི་ལ་སྐྱེས་ཤིང་།  ཨ་མས་ཉི་མ་དེར་སྐྱེས་པའི་བྱིས་པ་རྣམས་ལ་ཁ་བསོད་ཆེ་ཟེར། ཡིན་ནའང་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བརྒྱད་ཉིན་ལ་ལོ་གསར་གྱི་གོ་རེ་དམར་པོ་བཙོ་དགོས་པ་རེད། དེ་བས་ང་སྐྱེས་པའི་ཉི་མ་བཞི་པ་དེར་ཨ་མ་མལ་ལས་ལངས་ཏེ་གོར་དམར་བཙོ་དགོས་བྱུང་། དུས་དེ་ནས་ལོ་མང་པོ་འདས་རྗེས་ཀྱི་ཉིན་ཞིག་ཨ་མས་ང་ལ།  ངའི་མཁྲིག་མ་ན་བའི་ནད་འདི་དེ་དུས་བྱུང་བ་ཡིན་ཟེར། ཕ་ཡུལ་རྔ་བ་ནས་ཡིན་པའི་གྲོགས་མོ་ཞིག་གིས། ཁོ་ཚོའི་ཕ་ཡུལ་དུ་བུད་མེད་རྣམས་ལ་བྱིས་པ་སྐྱེས་རྗེས་བང་ལ་འདུག་སྲོལ་མེད་པར་ལམ་སེང་མལ་ལས་ལངས་ཏེ་ནམ་རྒྱུན་གྱི་ལས་ཀ་ཐམས་ཅད་བྱེད་དགོས་ཟེར། ཀྱི་ཧུད། ཁོ་མོ་ཚོ་ནི་བདག་གི་ཨ་མ་ལས་ཀྱང་སྡུག་པ་མ་ཡིན་ནམ།      བཅུ་དགུ ད་ལོའི་སྟོན་ཀར་ཕ་ཡུལ་དུ་སྡོད་སྐབས། ནུ་བོས་ཁྱིམ་གྱི་སྒོ་རའི་ཕྱི་རོལ་གྱི་ཆུ་རྐའི་གཡས་འགྲམ་དུ་བཟའ་ཆས་ཚོང་ཁང་ཆུང་ངུ་ཞིག་ཕྱེ་ཡོད་པ་དེའི་ནང་ཤོ་ཅོག་ཐབས་ཆག་ཅིག་བཞག་འདུག་ཅིང་། ཚོང་ཁང་སྒོ་མདུན་གྱི་ཐང་ལེབ་དེར་སི་ནོ་ཁི་སྤོ་ལོའི་སྟེགས་བུ་ཉམས་ཤོར་ཞིག་བཞག་འདུག དེ་རུ་ཤོ་རྒྱག་ས་དང་། སི་ནོ་ཁི་སྤོ་ལོ་རྩེ་ས། སྦི་རག་དང་ཐ་མག ད་དུང་བཟའ་བཏུང་སྣ་ཚོགས་ཀྱང་བཙོང་རྒྱུ་ཡོད་པས།   སྡེ་བའི་སྐྱེས་པ་རྒན་དར་གཞོན་གསུམ་རྣམས་དགའ་འདུ་བྱེད་ས་རེད། དེར་འདུས་ཀྱི་སྐྱེས་པའི་ཁྲོད་དུ་སྦག་འཁོར་ཞོན་མཁན་དང་། ལག་ཁྱེར་ཁ་པར་ཐོགས་མཁན།   མགོ་སྐྲ་སེར་པོར་བསྒྱུར་འདུག་མཁན་དང་རྒྱན་གོས་གཟབ་མཆོར་སྤྲས་མཁན་ཡང་ཁ་ཤས་འདུག བདག་གི་ཕ་ཡུལ་དུ་བུད་མེད་ཀྱིས་ཤོ་རྒྱག་པ་ནི་ཐན་དུ་བརྩི་བས་བུད་མེད་ཚོར་ཤོ་རྒྱག་པའི་སྲོལ་གཏན་ནས་དར་མེད།  ཡིན་ནའང་ང་རང་ཕོགས་ཟ་མཁན་ཞིག་ཡིན་གཤིས།  ཁ་ངོ་ཏོག་ཙམ་གནངས་ཏེ་ཤོ་རྒྱག་པར་སྐད་གཏོང་བ་རེད། བདག་གིས་ཀྱང་ཉི་མ་འཁྱོལ་ཐབས་སུ་ཁོ་པ་ཚོ་དང་མཉམ་དུ་ཤོ་རེ་བརྒྱབ་པ་ཡིན།   ཤོ་རྒྱག་མཁན་དང་ལྟ་མཁན་སྐྱེས་པ་རྣམས་ཀྱིས་རང་ལ་འཛོམས་ཚོད་དུ་སྦི་རག་དང་བཏུང་ཇ་འཐུང་ཞོར་ཁ་ཏོག་ཟོས་ཏེ་བག་གཡེང་སྐྱིད་པོ་རང་གཏོང་གི་འདུག ཡིན་ནའང་ཆུང་མ་རྣམས་སྔ་རྟིང་དུ་ཡོང་ནས་ཁྱོ་གར་ཞིང་འབྲེག་རོགས་དང་། རྩྭ་ལེན་རོགས།  བྱིས་པར་ལྟ་སྐྱོང་བྱེད་རོགས། ད་དུང་གཉེན་ཉེའི་འདྲུད་འཐེན་འཁོར་ལོ་གྲམ་པའི་འདམ་ལ་ཟུག་པ་འཐེན་རོགས་ལ་ཤོག་ཟེར་ནས་སྡུག་སྨྲེ་འདོན་མཁན་རྒྱུན་མི་ཆད་པ་མཐོང་ཞིང་། དེ་ལས་སྟོན་ཐོག་ལེན་པའི་གཞུང་སྒང་ཡིན་པ་ཚོར་ཡོང་།  ཡིན་ནའང་སྐྱེས་པ་ལ་ལར་ཤོ་རྒྱལ་གྱི་ཧམ་པ་ཆེ་བ་དང་།  ལ་ལར་ཤོ་ཕམ་གྱི་ན་ཟུག་དྲག་པ།  ལ་ལས་ལྟད་མོའི་བསླུ་བྲིད་བཟློག་མ་ཐུབ་པ་སོགས་ཀྱི་དབང་གིས་ཆུང་མ་དག་ལ་སྐད་ཆ་མག་མོག་རེ་བཤད་དེ་ལས་ཀ་གཡོལ་ཐབས་བྱེད་པ་ལས།  དེ་མུར་མཚམས་བཞག་སྟེ་འགྲོ་མཁན་ནི་མི་འདུག སྡུག་རེས་བྱུང་ན་ལབ་རེས་ཀྱི་དཔེ་བཞིན་ཆུང་མ་རྣམས་འ་ཟད་འུ་ཐུག་སྟེ།  ངས་དེ་རིང་ཉིན་གང་བོར་ཞིང་བྲེགས་ཀྱང་ཁོས་ད་དུང་ཤོ་རྩེ་ནས་འདུག ངོ་མ་ངོ་ཚ་མི་འདུག ཟེར་ནས་སྡུག་སྨྲེ་འདོན་ཞོར།  རང་གིས་དབྱར་དགུན་སྟོན་དཔྱིད་ལ་འབད་པའི་ལོ་ཏོག་གི་འབྲས་བུ་ས་ལ་ཐོར་ན་ཡིད་ཀྱིས་མ་བཟོད་པར། བྲེལ་སྟབས་ཀྱིས་ཞིང་འབྲེག་གི་ལས་རྒྱུན་སྐྱོང་དུ་བུད་འགྲོ།  ཁོ་མོ་ཚོའི་ཚ་བ་དང་སྐོམ་གདུང་གིས་མནར་བའི་གདོང་ཡོངས་ལ་རྔུལ་དྲེག་ཆགས་པའི་སྟེང་། མགོ་སྐྲ་ཡང་སླས་ཁོམ་མེད་པར་གཟེངས་ནས་འདུག གྱོན་ཆས་ངན་ངོན་དང་ཆ་ལུགས་འབག་བཙོག་ཡིན་པར་བརྟེན་ཁོ་མོ་ཚོ་གཅིག་ལས་གཅིག་གི་ཁ་ངོ་སྡུག་ཅིང་རྒས་ཉམས་ཤར་འདུག ཕོ་ལོ་ལྔ་བཅུར་རྒས་ཉམས་མེད།  མོ་ལོ་སུམ་ཅུར་གཞོན་ཉམས་མེད་ཅེས་པའི་འུ་ཅག་གི་སྲིད་པ་རྒན་པོའི་ཁ་དཔེ་དེ་ནི་ཏག་ཏག་ང་ཚོའི་གྲོང་ཚོའི་སྐྱེས་པ་དང་བུད་མེད་དག་ལ་བལྟོས་ནས་བཤད་པ་མིན་ན་ཅི། ཡིན་ནའང་ང་རང་སྡོད་སའི་གྲོང་ཁྱེར་འདི་རུ་དེ་ལས་ལྡོག་སྟེ་བུད་མེད་རྣམས་མོ་ལོ་སུམ་ཅུར་སླེབས་སྐབས་ལང་ཚོའི་ཁོ་ལག་རྒྱས་པའི་གཞུང་སྒང་རེད།  དེ་ལ་བདག་གི་ཨ་མར་རྒྱུན་དུ་བཤད་ཡས་ཤིག་ཡོད་པ།  རྒྱ་མོ་འདི་ཚོ་ལ་ལྟོས་དང་།  སྡེ་རྒྱ་མིའི་ཁྱོ་གས་རང་གི་ཆུང་མར་ཤ་ཚ་སྙིང་ཉེ་བས་ཆུང་མ་རྣམས་ལ་རྒས་ཉམས་ཤར་མི་འདུག་ཟེར།  ལྷག་པར་དུ་བརྙན་འཕྲིན་སོགས་སུ་སྐྱེས་པས་རང་གི་ཆུང་མར་གུས་བྱམས་དང་འདང་རྩིས་བྱེད་པ་མཐོང་ཚེ་ཨ་མ་ཡིད་སྨོན་དབང་མེད་དུ་འཆོར་གྱིན་འདུག   ཉི་ཤུ།   མང་བཟའ་པད་དཀར་ལགས་ཀྱི་དེབ་ཏུ་འཛམ་གླིང་བུད་མེད་གཅིག་མཐུན་གྱི་ལས་དབང་སྐོར་ཉུང་ཙམ་བརྗོད་འདུག་པ་ཟུར་ལྟའི་ཚུལ་དུ་དྲངས་པ་འདི་ལྟ་སྟེ། བུད་མེད་རྣམས་ལ་འཛམ་གླིང་གི་ཡུལ་གྲུ་དང་རྒྱལ་ཁབ་མི་འདྲ་བའི་སྲོལ་རྒྱུན་ལོ་རྒྱུས་ནང་གཅིག་མཚུངས་ཀྱི་ལས་དབང་ཡོད།  དཔེར་ན།  རྒྱ་གར་ནང་ཁྱོ་ག་གྲོངས་རྗེས་ཟླ་མོ་མཉམ་དུ་མེ་བསྲེག་གཏོང་བ་དང་གལ་ཏེ་མེ་བསྲེག་མ་བཏང་ན་ཤི་བོའི་འདུ་ཤེས་འཛིན་པའི་ཡུལ་སྲོལ་ཡོད་ཅིང་། རྒྱ་ནག་ནང་སྔར་བུད་མེད་ཀྱི་རྐང་པ་བསྡམས་པ་ཇི་ལྟར་ཆུང་ཚེ་དེ་ལྟར་མཛེས་མ་ཡིན་པར་མཐོང་གི་ཡོད་པས། བུད་མེད་རྣམས་མི་ཚེ་ཧྲིལ་པོར་འགུལ་བསྐྱོད་སྟབས་བདེ་ཁྱོན་ནས་མེད་པ་བཟོས་ཡོད། རྒྱ་ནག་ནང་ཐོན་པའི་རུས་བརྐོས་ཡི་གེ་ནང་བུད་མེད་མཚོན་པའི་ཡིག་འབྲུ་དེ་པུས་སར་བཙུགས་ཏེ་བསྒུར་ནས་བསྡད་ཡོད་པའི་མིའི་གཟུགས་དབྱིབས་ཤིག་རེད། དབྱིན་ཇིའི་ནང་སྔར་བུད་མེད་ཀྱི་རྐེད་པ་བསྡམས་པ་ཇི་ལྟར་ཕྲ་ན་དེ་ལྟར་མཛེས་མར་བལྟ་བ་དང་།  ཨ་ཧྥེ་རི་ཁར་དེང་ཡང་བུད་མེད་ཀྱི་མོ་མཚན་བཙེམས་ནས་བུ་ག་ཕྲ་མོ་གཅིག་ལས་ལྷག་ཏུ་བཅུག་མེད་པ་དང་རྐྱེན་དེས་དྲག་སྐྱེད་མེད་པའི་ནད་རིགས་སྣ་ཚོགས་སྐྱེད་ཀྱིན་ཡོད་པ་རེད།  ཨ་རབ་ལུང་པའི་རྒྱལ་ཁབ་ཁ་ཤས་ནང་གཉེན་བསྒྲིགས་རྗེས་ཀྱི་བུད་མེད་ཀྱི་མི་ཚེ་གོས་ལྭ་ནག་པོའི་ནང་བཏང་ཡོད། བོད་ཀྱི་བུད་མེད་རྣམས་ཀྱིས་ཀྱང་ལུས་སེམས་གཉིས་ཀའི་མནར་གཅོད་མྱོང་བཞིན་པ་སྟེ། ཨ་མདོར་གྲོ་ཕྱེ་ཇི་ལྟར་བརྫིས་ན་དེ་ལྟར་སྙི་བ་དང་བུད་མེད་ལ་ཇི་ལྟར་བརྡུངས་ན་དེ་ལྟར་ཁ་ཉན་པ་རེད་ཅེས་བཤད་རྒྱུན་དང་།  ཁམས་ཁུལ་དུ་ཟླ་མོ་གཡོག་མོ་ཞིག་དང་འདྲ་བར་ཁྱོ་གའི་ལྷན་དུ་ཁ་ལག་ཟ་མི་ཆོག་པ་དང་།  བུད་མེད་དཀྱིལ་དཀྲུང་དུ་བསྡད་ཚེ་སྤུན་ཟླར་དམོད་མོ་བོར་གྱི་ཡོད་པར་བལྟ་བ་དང་ཐ་ན་བུད་མེད་རྣམས་སྐྱེས་པའི་གོང་ནས་འདུག་པའམ།  སྐྱེས་པའི་ཅ་ལག་སྒང་ལྡིང་བ།  ཡང་ན་མགོ་བཀྲུས་པའི་ཆུ་དང་མགོ་ནས་ལྷུང་བའི་སྐྲ་ཤད་ཀྱིས་ཀྱང་སྐྱེས་པ་ཚོར་གྲིབ་སྐྱོན་འབྱུང་བར་བཤད་ཀྱི་ཡོད་པའི་ཁར།  ཆོས་ལུགས་ཀྱི་མཛད་སྒོ་ཆེན་པོ་ཁ་ཤས་ནང་ཞུགས་ཆོག་གི་མི་འདུག དབུས་གཙང་དུ་བུད་མེད་ལ་ཅུང་གུ་ཡངས་ཀྱི་རྣམ་པ་ཐོན་ཡོད་ནའང་།  ཆུ་ཇི་ལྟར་ཆེ་ཡང་ཟམ་འོག་ཏུ་འགྲོ་དགོས་ཞེས་པའི་བཤད་རྒྱུན་ཏན་ཏན་འདུག་ཅེས་བྲིས་ཡོད་པ་རེད། འདི་ནས་ང་ཚོས་འཛམ་གླིང་གི་བུད་མེད་རྣམས་ལ་གཅིག་མཐུན་གྱི་ལས་དབང་ཡོད་མྱོང་བ་ཤེས་ཐུབ། ཡིན་ནའང་། ད་ལྟ་གཞན་གྱི་སྔོན་ཐོན་རྒྱལ་ཁབ་དག་ཏུ་བུད་མེད་རྣམས་ཀྱིས་རང་ཉིད་ཀྱི་མགོན་སྐྱབས་རང་ཉིད་ཡིན་པར་གོ་བ་གསལ་བོར་ལོན་ཡོད་པར་མ་ཟད། དེ་བཞིན་ལམ་ལྷོངས་ཀྱང་བྱུང་དང་འབྱུང་མུས་སུ་ཡོད་པ་རེད།     

བུད་མེད་དང་འབྲེལ་ཡོད་ཀྱི་སྣང་ཚུལ་ཁ་ཤས།  

                                   བཅུ་གཅིག བདག་གིས་བུ་མོ་ཤེས་ཡོན་ཅན་ཞིག་དང་ཁ་བརྡ་འབྲེལ་འདྲིས་བྱས་མཐར།   གནས་ཚུལ་འདི་འདྲ་ཞིག་ཤེས།   བུ་མོ་དེ་སློབ་ཆེན་འགྲིམ་པའི་དུས་ནས་རང་ཉིད་དགའ་བའི་ཟླ་བོ་ཞིག་དང་འཕྲད་དེ་དགའ་གྲོགས་བསྒྲིགས་འདུག་པ་རེད། སྐབས་དེར་སློབ་མཐར་ཕྱིན་ནས་ལོ་ཁ་ཤས་འགོར་ཡོད་ཀྱང་།  མོ་རང་གཉེན་བསྒྲིགས་མི་འདུག མོས་བཤད་ན།  གཉེན་སྒྲིག་གི་གནས་ཚུལ་གླེང་སྐབས་མོ་རང་ལ་ཞེད་སྣང་སྐྱེ་ཡོང་ཟེར།   རྒྱུ་མཚན།   མོར་ཞིང་ལས་གཉེར་བཞིན་པའི་ཨ་ཅེ་ཞིག་ཡོད་པ་དེར་མོ་ནད་རིགས་ཤིག་བྱུང་ནས་སྨན་བཅོས་ཀྱིས་མ་ཐུབ་པར་ཅུང་མ་འགོར་བའི་སྔོན་ལ་ཚེ་ལས་འདས་པ་རེད།   མོའི་ཨ་ཅེ་མལ་སར་ལྷུང་ཡོད་དུས་ཁྱོ་གས་ནད་གཡོག་བྱེད་རྒྱུ་ལྟ་ཞོག ད་དུང་སྒོ་ཕྱི་ནས་དགའ་རོགས་བསྒྲིགས་ཏེ་ནད་ཀྱིས་གཙེས་པའི་ཨ་ཅེའི་སེམས་ཁ་གང་མང་དཀྲུགས་པ་རེད།  ཨ་ཅེའི་ཁྱོ་ག་དེ་དང་ཐོག་གཉེན་བསྒྲིགས་མ་ཐག་གཤིས་རྒྱུད་དེ་འདྲ་མིན་པ་དང་།  ལོ་མང་པོར་མཉམ་དུ་འཚོ་བ་རོལ་ཏེ་ཁོ་གཉིས་ལ་བུ་ཕྲུག་ཀྱང་གཉིས་ཙམ་འདུག ཡིན་ནའང་རང་གི་ཆུང་མ་ཉལ་སར་ལྷུང་དུས་སེམས་གསོའི་གྲོགས་སུ་མི་འགྱུར་རུང་སྡུག་ལ་སྦྱོར་བའི་དགྲ་རུ་འགྱུར་དགོས་པ་བློ་ལ་ཤོང་གི་མེད་པ་རེད།  དེ་བས་མོས་འཇིག་རྟེན་གྱི་སྐྱེས་པ་ཀུན་གྱི་བྱ་སྤྱོད་གཅིག་མཚུངས་ཡིན་བསམ་པའི་སྐྲག་སྣང་དང་།   གཉེན་བསྒྲིགས་ན་མ་འོངས་པར་རང་གི་འཚོལ་སྙེག་དང་ལས་དོན་ཐད་བར་ཆད་ཐེབས་ངེས་ཀྱི་སེམས་པ་ཉིས་འགལ་དུ་སོང་འདུག མོས་ད་དུང་སྣང་ཚུལ་དེ་བོད་གཅིག་པུ་མ་ཡིན་པར་འཛམ་གླིང་སྐྱེས་པའི་གཅིག་མཐུན་གྱི་རང་གཤིས་ཡིན་པར་གླེང་།  འཛམ་གླིང་ཡུལ་གྲུ་ཀུན་ཏུ་མཚན་སྙན་འབྲུག་ལྟར་གྲགས་པའི་རྐོས་བཟོ་སྒྱུ་རྩལ་མཁན་རོ་ཏིན། (Augeuste Rodin,罗丹,1840-1917) རང་གི་དགའ་མོའི་ལྷན་སྐྱེས་ཀྱི་ཤེས་རབ་ལ་ཕྲག་དོག་སྐྱེས་ཤིང་ཁོ་མོར་གནོད་འཚེ་བཏང་བས།   མཐར་བུད་མེད་དེས་ཚེ་མཇུག་སྨྱོ་ནད་སྨན་ཁང་དུ་བསྐྱལ་ཚུལ་བརྗོད་པ་དང་།   གཞན་ད་དུང་ཨིབ་སེན། (Henrik Ibsen,易卜生,1828-1906)གྱི་ཟློས་གར་འཁྲབ་གཞུང<<ཨ་ལེ་པད་ཀོག་གི་ཁྱིམ་ཚང>>ཞེས་པའི་ནང་གི་མི་སྣ་གཙོ་བོ་སྟེ་ནྰ་ལའ་ཁྱིམ་དུ་སྡོད་མ་ཚུགས་པར་ཕྱིར་སྒོ་ལ་འབུད་དོན་ནི་ཁོ་མོའི་རྩིས་ཐང་གི་སླད་དུ་ཡིན་པ་རེད་ཟེར།   ནོར་ཝེ་རྒྱལ་ཁབ་ཏུ།   སྐབས་དེ་ནས་བཟུང་བུད་མེད་ཀྱི་རྟོགས་པ་སད་པའི་སྐོར་གྱི་རྩོམ་ཡིག་དང་ཟློས་གར་སོགས་བྱུང་ཡོད་ཅིང་། བརྩམས་ཆོས་དེ་དག་གིས་བུད་མེད་རྣམས་ཀྱི་བག་ལ་ཞ་བའི་རྟོགས་པ་སད་པར་སྐུལ་འདེད་ཀྱང་ཐེབས་ཡོད་པ་རེད།  ནྰ་ལའ་ཕྱིར་འགྲོ་བའི་དོན་དེའི་སྟེང་ནས་བལྟས་ནའང་།   བུད་མེད་ལ་རྩིས་ཐང་གི་ས་བོན་འབུས་བཞིན་པ་མཐོང་ཐུབ།  ཡིན་ནའང་ང་ཚོའི་སྤྱི་ཚོགས་ནང་ནྰ་ལའ་ལྟར་རྩིས་ཐང་གི་ཆེད་དུ་འགྲོ་དགོས་ན་ཆུང་མ་ཡོངས་རྫོགས་སོང་ཚར་དགོས་ཚོད་རེད།  ཁོ་མོ་ཚོ་ཁྱོ་གའི་གཅར་རྡུང་དང་མནར་གཅོད་འོག་ཐར་ཐུབ་ཀྱིན་མེད་པས་རྩིས་ཐང་གི་སླད་དུ་རང་གཤིས་འཛིན་པར་ད་དུང་ལོ་གྲངས་ཧ་ཅང་མང་པོ་མཁོ་ངེས་རེད། བུ་མོ་ཤེས་ཡོན་ཅན་དེ་གཉེན་བསྒྲིག་པར་སྐྲག་པ་ལའང་ཁག་མི་འདུག་སྙམ།  དེ་ནི་ཁོ་མོས་འཛམ་གླིང་ལོ་རྒྱུས་སྟེང་བྱུང་མྱོང་བའི་བུད་མེད་ལ་གཉའ་གནོན་དང་བཀག་སྡོམ་གྱི་གནས་ཚུལ་མང་པོ་རྟོགས་ཡོད་པས་ཡིན་སྲིད་ཀྱང་།  ཁོ་མོ་ད་དུང་ལོ་ན་གཞོན་པས་གཉེན་སྒྲིག་ལ་ལྟ་ཚུལ་དེ་འདྲ་བཟུང་ན་མ་འོངས་པར་ཁྱིམ་ཐབ་ཟུང་གི་འཚོ་བར་ངན་ཤན་ཐེབས་ངེས་སྙམ་སྟེ། སྐྱེས་པ་ཐམས་ཅད་ལ་ཡ་ཆུང་ན་སྙིང་མེད་པའི་ངེས་པ་མེད་ཚུལ་དང་། འཇིག་རྟེན་ན་སྐྱེས་པ་ཡ་རབས་དང་རྒྱུ་འབྲས་ཅན་ཡོད་ཚུལ། ཡང་གཅིག་བཤད་ན།  རང་གི་ཟླ་བོ་ཞིང་འབྲོག་སྐྱེས་པ་ཕལ་པ་རྣམས་དང་བསྡུར་ན་མི་འགྲིག་པ།   ཁོ་རང་ནི་མཐོ་རིམ་སློབ་གསོ་ཐོབ་མྱོང་མཁན་ཞིག་ཡིན་གཤིས་རང་གི་ཟླ་མོའི་ཚོར་སྣང་དང་དགའ་ཁ་འཁྱེར་ཕྱོགས་ལ་བརྩི་འཇོག་བྱེད་ངེས་པ། གལ་ཏེ་ཁོ་པ་ཡང་ཞིང་འབྲོག་སྐྱེས་པ་ཕལ་པ་ཚོ་དང་གཅིག་འདྲ་ཡིན་ཚེ།  ང་ཚོའི་མི་རིགས་འདི་ལ་རེ་བ་ཅི་ཡང་མེད་པ་སོགས་རང་ཚོད་ཀྱིས་ལྟ་ཚུལ་རེ་བརྗོད་པ་ན། མོས་ཀྱང་ལན་དུ།   དགའ་རོགས་དང་ཁོ་གཉིས་ཀྱི་དོན་དག་མང་པོའི་སྟེང་ནས་བསམ་བློའི་ལྟ་ཚུལ་གཅིག་མཐུན་མིན་ནའང་།  ཁོ་ཚོ་ཕན་ཚུན་བར་འདང་རྩིས་ཆེ་ཞིང་དགའ་རོགས་ཀྱིས་ཤ་ཚ་བར་མ་ཟད།  མོ་རང་དཔེ་ཆ་ལྟ་ཀློག་ལ་དགའ་བས་དཔེ་དེབ་ཉོ་བ་སོགས་བསམ་བློ་ཡར་རྒྱས་ཡོང་བའི་ཕྱོགས་སུ་རྒྱབ་སྐྱོར་ཡང་བྱེད་གི་འདུག་ཟེར།  ང་རང་ལ་མཚོན་ན།   ཁོ་ནི་ཧ་ཅང་དགའ་འོས་པའི་སྐྱེས་པའི་རིགས་དེ་རེད།  སྐྱེས་པ་མང་པོ་ཞིག་གིས་རང་གི་ཆུང་མར་གསེར་དངུལ་སོགས་རྒྱན་ཆ་དང་གྱོན་པ་ཉོས་ཏེ་ཡག་ལས་དང་ཁྱིམ་ལས་ནང་མགོ་འཁོར་དུ་འཇུག་པ་ལས།  བསམ་བློའི་རྒྱགས་ཕྱེ་མཁོ་སྤྲོད་བྱེད་རྒྱུ་ལྟ་ཞོག ཐ་ན་རང་གི་ཆུང་མའི་བསམ་བློ་ཡར་རྒྱས་འགྲོ་བར་བཀག་འགོག་དང་གནོད་འཚེ་གཏོང་གི་ཡོད་པ་རེད། ངའི་ཉེ་འཁོར་གྱི་སྐྱེས་པ་ལ་ལས་རང་གི་ཆུང་མའི་ལྟ་རྒྱ་མཐོང་རྒྱ་ཇེ་ཆེར་འགྲོ་བར་སྐྲག་སྣང་སྐྱེ་གི་འདུག ཁོ་པ་ཚོས་བུད་མེད་ལ་ཡོན་ཏན་འབྱོར་ན་ནི་སྐྱེས་པས་ཁ་ལོ་བྱེད་དཀའ་ཞེས་པའི་སྲོལ་རྒྱུན་གྱི་ལྟ་ཚུལ་མཁྲེགས་འཛིན་བྱས་འདུག་པ་རེད།   དེ་ཡང་མདོར་བསྡུས་ན།   བུད་མེད་རྣམས་ཀྱི་བསམ་བློ་སྒེར་གཅོད་བྱེད་འདོད་པ་དེ་རེད།  དེ་ནི་ནོར་འཁྲུལ་རེད།  བུད་མེད་རྣམས་གནོན་བསམ་པའི་བྱ་སྤྱོད་དེས་ཆུང་ཕྱོགས་ནས་བཤད་ན། རང་གི་ཁྱིམ་ཚང་གི་འཕེལ་རྒྱས་དང་བུ་ཕྲུག་གི་མདུན་ལམ།  རང་ཉིད་ཀྱི་གཤོག་པ་ཡ་གཅིག་གཅོད་པ་ལྟ་བུ་རེད།   འདི་ལ་མི་རིགས་གང་ཡིན་རུང་།  སྐྱེས་པ་གྲུབ་འབྲས་ཅན་རེའི་རྒྱབ་ན་ཕལ་ཆེར་སྤྱང་གྲུང་ཉིས་འཛོམས་ཀྱི་བུད་མེད་རེ་འདུག་པ་བཞིན།  ང་ཚོའི་རོང་འབྲོག་ཕྱོགས་ཀྱི་ཁྱིམ་ཚང་ཕྱུག་པོ་ཕལ་མོ་ཆེའི་ཁྱིམ་བདག་མ་རྣམས་ལག་ལས་ཀ་དང་བློ་རིག་པ་ཉིས་འཛོམས་གཞན་དང་མི་འདྲ་བ་ཡིན་པ་ཚོར་རིག་མ་བྱུང་ངམ། བུ་མོ་ཤེས་ཡོན་ཅན་དེའི་ཟླ་བོ་ནི་དུས་རབས་དང་ཁྱིམ་ཚང་གཉིས་ལ་མཁོ་བའི་ཁོག་རྒྱ་ཡངས་ཤིང་བློ་རིག་རྒོད་པའི་སྐྱེས་པའི་རིགས་རེད་འདོད།  ཁོ་པས་མ་འོངས་པར་ཡང་མུ་མཐུད་དུ་རང་གི་ཆུང་མར་ཁ་ཡི་རླངས་པ་ཙམ་མ་ཡིན་པར་ཁ་དན་ཚིག་ལ་གནས་ཏེ་སེམས་གཏིང་ནས་རྒྱབ་སྐྱོར་དང་། ཁྱིམ་གཞིའི་ལས་ཀའི་སྟེང་ཡང་ཕོ་ཁྱོ་ག་ཚད་ལྡན་ཞིག་གི་འགན་འཁུར་ཐུབ་ན་ནི། མོ་རང་ལ་གྲུབ་འབྲས་མི་དམན་པ་ཞིག་ཐོབ་པར་དོགས་པ་གང་ཡང་མེད་དོ་ཞེས་བཤད་སྤོབས། བུད་མེད་ཅིག་གཉེན་བསྒྲིགས་རྗེས་ཁྱིམ་ཚང་ལ་ཞབས་ཏོག་དང་ཁྱོ་གའི་གཡོག་མོ།  བུ་ཕྲུག་གི་མ་མ་བྱེད་དགོས་པས། གསེར་ལས་དཀོན་པའི་དུས་ཚོད་རྣམས་ཉིན་ཐོག་ཉིན་བརྩེགས་དང་ཟླ་ཐོག་ཟླ་བརྩེགས་ཀྱིས་རྫོགས་རྒྱུ་མེད་པའི་ལས་ཀའི་ནང་ཟད་གི་ཡོད་པ་རེད། ཅི་འདྲའི་ཡོན་ཏན་ཅན་དང་འཚོལ་སྙེག་གིས་ཕྱུག་པའི་བུད་མེད་ཅིག་ཡིན་རུང་།   ཚར་རྒྱུ་མེད་པའི་ཁྱིམ་ལས་དང་གོ་བ་མེད་པའི་ཁྱོ་གའི་མདུན་རང་གཤིས་བརྟན་སྲུང་དང་དགའ་ཕྱོགས་རྒྱུན་སྲིང་བྱེད་ཐུབ་མཁན་ནི་ག་ཚོད་ཡོད།  དཔེར་ན།  བརྒྱ་ལོ་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་བོད་ཀྱི་རྩོམ་སྟེགས་སྟེང་གྲགས་འགུལ་མི་ཆུང་བ་བཟོ་མཁན་གྱི་བུད་མེད་རྩོམ་པ་པོ་ཕུལ་བྱུང་ཅན་གཡང་འཚོ་སྐྱིད་ཀྱི་སྟེང་ནས་ཀྱང་ཤེས་ཐུབ། དེ་བཞིན་བུད་མེད་རྣམས་སྤྱི་ཚོགས་ཀྱི་གླུད་རྫས་དང་ཁྱིམ་ཚང་གི་ཁོལ་མོ།   སྐྱེས་པའི་འཛད་རྫས་ལྟ་བུར་གྱུར་པའང་ཁག་མི་འདུག་སྙམ།  དེ་ལྟར་གྱུར་དོན་གཙོ་བོ།  བུད་མེད་རྣམས་སྒེར་སེམས་ལས་གཞན་སེམས་ཆེ་བ། རང་ཉིད་ལས་ཁྱོ་གའི་ལས་དོན་ལ་དོ་སྣང་བྱེད་པ།  རང་གི་བྱིས་པའི་ཕོ་བ་ལྟོགས་པ་དང་ལྭ་བ་བཙོག་པོར་སོང་བ་དག་མཐོང་ཚེ་སྣང་མེད་དུ་སྐྱུར་དཀའ་བས་ཁྱིམ་ཚང་གི་ལྕི་འགན་མ་བསྐུལ་དང་ལེན་བྱེད་དགོས་སོང་བ་རེད།  བོད་ཀྱི་སྐྱེས་པ་མང་པོ་ཞིག་ལ་ཁྱིམ་ཚང་གི་འགན་འཁྲིའི་འདུ་ཤེས་ཞན་པས་མི་ཚད།  སྐྱེས་པ་ཕོ་ཡིས་ཁྱིམ་ལས་བྱས་ན་ཕོ་ངན་གྲས་སུ་བརྩི་བའི་བག་ཆགས་ཪྙིང་པ་དེ་སེལ་ཐུབ་ཀྱིན་མེད་པ་རེད།   སྲོལ་རྒྱུན་འདིའི་མདུན་དུ་སྐྱེས་པ་ནུས་མེད་ཤ་སྟག་ཅིག་ཡིན་རུང་བུད་མེད་ནུས་པ་ཅན་ལ་ཞབས་ཞུ་བསྒྲུབས་ན་མཚང་དུ་འགྲོ་ངེས་རེད།  དེ་ནི་ང་ཚོའི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་རེད་ལ།  འཚོ་བ་རོལ་སྟངས་དང་འདུ་ཤེས་འཛིན་སྟངས་འདིས་བུད་མེད་ཀྱི་འཕེལ་རྒྱས་ལ་འགོག་གཅུན་བྱེད་པའི་དུས་མཚུངས་སུ་མི་རིགས་འཕེལ་རྒྱས་ཀྱི་ལམ་ཁའི་བཀག་རྡོ་རུ་གྱུར་ཡོད་པའང་སྨོས་མ་དགོས་སོ།      བཅུ་གཉིས།          རྒྱལ་ཡུམ་ཆེན་མོའི་རང་རྣམ་ལས་གསུང་དོན།  ང་བཙས་པའི་རྗེས་ནས་བཟུང་།  བུ་མོ་ཞིག་གི་ལུས་རྟེན་ཐོབ་ཡོད་པའི་གྲིབ་ཡོར་གྱིས་ངའི་སེམས་ཁོང་ལྕི་ལྟིག་གེར་མནན་ཡོད། ང་ཚོ་ཆུང་ཆུང་ཡིན་སྐབས་ནས་ཕོ་མོའི་དབྱེ་བ་དང་རེ་བ་འཛིན་སྟངས་ཀྱི་ཧེ་བག ཁྱིམ་ཚང་ནང་གི་གནས་བབ་ཀྱི་མཐོ་དམའི་བར་ཁྱད་བཅས་ལྷགས་གི་ཡོད་པས།  སྐྱེས་པ་དང་སྐྱེས་མའི་འཇིག་རྟེན་ལ་བང་སྣེ་དང་ལྷོ་སྣེ་ནང་བཞིན་གྱི་རྒྱང་ཐག་རིང་ཞིང་།  ཕྲུ་གུ་རྣམས་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད་འདྲ་མཉམ་མ་ཡིན་པའི་ངེས་ཤེས་གསལ་ལམ་མེར་ཪྙེད་ཐུབ་ཀྱི་ཡོད། གཞན་བཟའ་ཟླ་བྱེད་ཀྱིན་པའི་བུད་མེད་ཀུན་གྱིས་ཧ་ཅང་དཀའ་ངལ་ཆེ་བའི་འཚོ་བ་རོལ་གྱི་ཡོད་ཅིང་། ཧ་ལམ་གཡོག་པོ་ཞིག་གམ་ཁྱིམ་ཚང་ནང་གི་རྒྱུ་ནོར་ཞིག་གི་གོ་བབ་ལས་ཡོད་པ་མ་རེད།  འདྲ་མཉམ་མ་ཡིན་པའི་སྡུག་པོ་ག་ཚད་མྱངས་ནའང་།  འཁང་ར་བྱེད་པ་དང་ཚིག་ལན་སློག་པ་སོགས་གཅིག་ཀྱང་ཆོག་གི་མེད་པའི་ཁར། ཁྱོ་གའི་ཁྱིམ་ཚང་ནང་ཁ་བྲལ་ནས་འགྲོ་ཡང་མི་ཆོག་པར་ལས་དབང་ཁོ་ནར་གཞི་བཅོལ་ཡོད་ལ།  དེ་ལས་ལྡོག་ནས་ཁྱོ་གར་ནམ་ཞིག་བཟའ་ཟླར་ཡིད་མ་ཚིམས་པ་བྱུང་ཚེ།   ག་དུས་ཀྱང་ལོགས་ཀའམ་ཁ་བྲལ་ཆོག་གི་ཡོད་པ་དང་ཁྱོ་གས་ཟླ་མོར་བཏང་བའི་ཁ་བྲལ་བའི་བཀའ་རྒྱར་གདམ་ག་ཡོད་པ་མ་རེད།  གལ་ཏེ་བུད་མེད་ལ་འོས་མཐུན་མིན་པའི་སྡུག་སྦྱོང་ཚད་མེད་བཏང་ཡོད་པ་ཡིན་ན།  བུད་མེད་དེའི་ཁྱིམ་ཚང་གིས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག་གི་ཡོད་ནའང་།  སེམས་ཕངས་པ་ཞིག་ལ་སྐབས་དེའི་ཁྲིམས་ཁང་གིས་ནམ་རྒྱུན་བདེན་ཁ་སྐྱེས་པར་སྟེར་གྱི་ཡོད་པ་རེད། དུས་སྐབས་དེ་དག་རིང་བཟའ་ཚང་བར་འདྲ་མཉམ་ཞེས་པའི་ཡིག་འབྲུ་གཉིས་རྩ་བ་ནས་མེད་ཅིང་།   བུད་མེད་ཀྱིས་ནམ་ཡང་ཁྱོ་གའི་ཁར་ཉན་དགོས་པ་དང་ཁོ་མོའི་འཇོན་ཐང་ཁྱོ་ག་ལས་ཆེ་བ་ཡོད་ནའང་།  ངེས་པར་དུ་ཁྱོ་གའི་ཁར་ཉན་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག སྐབས་དེ་ནས་ད་ལྟའི་བར་ཕལ་ཆེར་དུས་རབས་ཕྱེད་ལྷག་འགོར་འདུག་ནའང་འུ་ཚོའི་སྤྱི་ཚོགས་སུ་བུད་མེད་ཀྱི་ལས་དབང་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་མེད་སོ་སོའི་སེམས་ལ་གསལ་ངེས་རེད། ཞིང་འབྲོག་བུད་མེད་རྣམས་ལ་སློབ་གསོ་ཐོབ་མེད་པས་ཁྲིམས་ལུགས་ཀྱི་འདུ་ཤེས་དབེན་ཞིང་།  ཁྱོ་གའི་གཅར་རྡུང་དང་མནར་གཅོད་ཐེབས་ནའང་།  ལས་དབང་དང་རྣམ་སྨིན་ལ་གཞི་བཅོལ་རྒྱུ་ལས་ཁྲིམས་ལ་སྦྱོར་བའི་ངེས་ཤེས་ད་ཕན་སྐྱེ་ཐུབ་གི་མེད་པས་མི་ཚེ་བཟོད་བསྲན་དང་མནར་གཅོད་ཁྲོད་སྐྱེལ་གྱིན་ཡོད་པ་རེད། འུ་ཅག་ཞིང་འབྲོག་གི་ཁྱོ་ཤུག་འབྲེལ་བ་དེ་ཕལ་ཆེར་བདག་པོ་དང་གཡོག་པོའི་འབྲེལ་བ་ནང་བཞིན་ཡིན་པ་དང་།  བོད་ཁྱིམ་ཕལ་མོ་ཆེ་རུ་འདྲ་མཉམ་ཞེས་པའི་མིང་ཚིག་དེ་ད་སྔ་ད་དུང་བཀོལ་སྤྱོད་བྱེད་ས་མེད་པར་ལྷག་མ་ཙམ་དུ་ལུས་འདུག   བཅུ་གསུམ།  བོད་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆུན་མ་སྟེ་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཚེ་སྤོང་བཟའ་མེ་ཏོག་སྒྲོན་ལ་སྐུ་ཞབས་ཀླུ་རྒྱལ་ལགས་ཀྱིས་ཕྱོགས་ཞེན་དང་དུངས་ཞེན་གང་ཡང་མ་ཡིན་པར་བདེན་དྲང་དང་རྒྱུ་འབྲས་བློ་མིག་གིས་དཔྱད་པ་རོབ་ཙམ་བཏང་འདུག་པ་ཧ་ཅང་ལྟ་རི་བས་དུམ་ཚན་ཞིག་དྲངས་ཏེ་སྤུན་ཟླ་རྣམ་པའི་སྤྱན་ལམ་དུ་ཕུལ་བ་གཤམ་གསལ་ལྟར། བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་རྒྱལ་པོའི་ཁབ་ན་གནས་པའི་དུས་ནི། ཏག་ཏག་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཆོས་མ་གཏོགས་སྲིད་ལ་དོ་སྣང་ཆེར་མི་བྱེད་པར། “རྒྱ་གར་འཕགས་པའི་ཡུལ”གྱི་ཐུབ་པའི་བསྟན་པ་རྒྱུ་ནོར་ལོངས་སྤྱོད་གང་ལའང་བལྟོས་པ་མེད་པར་ཤུགས་ཆེན་པོས“བོད་མཐའ་འཁོབ་ཡུལ”དུ་འདྲེན་བཞིན་པ་དང་། རྒྱ་གར་ཡུལ་དུ་མུ་སྟེགས་ཆོས་ལུགས་ཀྱིས་སངས་རྒྱས་ཆོས་ལུགས་ལ་འཇིགས་སྐུལ་བཞིན་ཡོད་པ།  ཨ་ཙརྱ་རྣམས་ཀྱིས་ཀྱང་གོ་སྐབས་དེ་དམ་འཛིན་བྱས་ནས་བོད་དུ་ཡོང་སྟེ་གདམས་ངག་གསེར་ལ་བརྗེ་བཞིན་པ། ལྷག་པར་དུ་བསམ་ཡས་སོགས་ལྷ་རྟེན་མང་དུ་བཞེངས་པ་དང་།  རབ་བྱུང་གི་སྡེ་བཙུགས་པ་བཅས་རྒྱལ་རབས་སྔོན་མ་རྣམས་སུ་བྱུང་མ་མྱོང་བའི་དོན་དག་གསར་པ་དེ་དག་གིས། བོད་མི་དམངས་བར་ལ་འགལ་བ་ཇེ་མང་དང་ཁུར་པོ་ཇེ་ལྕིར་སོང་ནས་སྤྱི་ཚོགས་དང་དཔལ་འབྱོར་ལ་ཕོག་ཐུག་གཏོང་བཞིན་པའི་སྐབས་ཡིན་གཤིས།  བོད་སྤྱི་ཚོགས་ཀྱི་གནས་བབ་ཪྙོག་འཛིང་དེ་འདྲ་ཆེ་བའི་ནང་དུ་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་རང་གི་ལངས་ཕྱོགས་བརྟན་པོ་དང་ལྟ་ཚུལ་དྲང་མོར་བཟུང་ནས།   མི་རིགས་རང་གཅེས་ཀྱི་བློ་སྤོབས་ཆེ་བའི་བློན་པོ་རྣམས་དང་མཉམ་དུ། ཁྱིམ་མཚེས་རྒྱལ་ཁབ་ལ་འབྲེལ་བ་སྔར་མུས་སུ་བཟུང་ཞིང་། དེའི་སྔོན་ཐོན་གྱི་རིག་གནས་སོགས་ནང་འདྲེན་བྱེད་པ་དང་། མཐའ་མི་རྣམས་བོད་ལ་ཡོང་ནས་རྒྱལ་པོར་བརྙས་བཅོས་དང་ནང་སྲིད་ལ་ཐེ་གཏོགས་བྱེད་པར་འགོག་རྒོལ་བྱེད་པ། གཞི་ཆོས་དང་ཕྱི་ཆོས་གཉིས་ཀར་འདྲ་མཉམ་གཉིས་ཕན་དང་མཉམ་གནས་མཉམ་འཕེལ་གྱི་སྲིད་བྱུས་སྤྱོད་པ་བཅས་ཡབ་མེས་གོང་མའི་སྲོལ་ལྟར།  སྲིད་གཙོ་བོ་དང་ཆོས་ཕལ་པར་འཛིན་པའི་རྒྱལ་སྲིད་སྐྱོང་ཐབས་གནང་བ་དེ་དག་གིས།  ཐད་ཀར་དུ་རྒྱ་གར་གྱི་ཟླ་བ་བོད་ཀྱི་ཟླ་བ་ལས་སྒོར་སྒོར་ཡིན་སྙམ་པའི་བློན་འབངས་གསུམ་ཁག་ཅིག་ལ་ཁབ་གཙགས་འབིགས་གཙགས་བྱས་པ་ལྟ་བུའི་སྣང་བ་སྦྱིན་པར་མ་ཟད།  མཐའ་མར་རང་ཉིད་ལོ་རྒྱུས་སྨྲ་བ་ཀུན་གྱི་ལྡོག་ཕྱོགས་ཀྱི་མི་སྣའི་མཚོན་བྱེད་ཅིག་ཏུ་གྱུར་ནས། “འདོད་ཆགས་ཆུ་ལྟར་འཁོལ་བ”དང་།“ཞེ་སྡང་མེ་ལྟར་འབར་བ”“གཏི་མུག་མུན་ལྟར་འཐིབས་པ”ཞེས་ངན་སྨྲས་སྣ་དགུ་བྱེད་པའི་ཉེར་ལེན་དུ་གྲུབ།  ཞིབ་ཏུ་བསམས་ན།  སྐབས་དེར་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཙོ་བྱས་པའི་བློ་འབངས་ཕྱོགས་ཁག་ལ་ལོ་རྒྱུས་ཀྱི་རྒྱལ་ཁ་མ་ཐོབ་པའི་དབང་གིས།   དེ་ལྟར་གྱུར་པ་ཞིག་ལས།   གལ་ཏེ་ཁོ་ཚོའི་རྒྱལ་སྲིད་སྐྱོང་མུས་བཞིན་སོང་ཡོད་ཚེ།  རྗེས་ཀྱི་ལྷ་སྲས་དར་མའི་བསྟན་པ་བསྣུབ་རྐྱེན་འབྱུང་མི་སྲིད་ལ།   བསྟན་པ་ཕྱི་དར་གྱི་མགོ་བཟུང་བ་ནས་གྲུབ་མཐའ་ཇེ་མང་དང་ཕྱོགས་འཛིན་ཇེ་ཐུར་འགྲོ་བའི་གནས་ཚུལ་ཡང་འབྱུང་མི་སྲིད་པར།  བོད་མི་རིགས་འདི་རྒྱལ་པོ་སྲིད་ལ་མཁས་ཤིང་། བློན་པོ་རྣམས་གྲོས་ལ་མཐུན་པ།  འབངས་རྣམས་འཁོས་ལ་འཇོན་པ་བཅས་སུ་འགྱུར་ནའང་སྲིད་མོད། འོན་ཀྱང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་ཡུལ་ནས་ཐུབ་པའི་བསྟན་པ་བོད་ལ་ཚོད་བཟུང་མེད་པར་སྤེལ་བ་དང་།  རབ་བྱུང་གི་སྡེ་ཇེ་མང་དུ་སོང་བ་སོགས་ཀྱིས།  བོད་བཙན་པོའི་རྒྱལ་སྲིད་གནམ་ལས་མཐོ་ཞིང་རྨོག་ལས་བཙན་པ་དེ་ཡང་བ་ཚྭས་ཟིན་པའི་མཁར་གྱང་ལྟར་འགྱེལ་མགོ་ཚུགས་ཞེས་སྨྲ་བར་སྤོབས།   དེས་ན་ང་ཚོས་ཆོས་ལུགས་ཀྱི་ཕྱོགས་ཞེན་སྤངས་ཏེ་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་དང་།  དཔལ་འབྱོར་གྱི་ཆ་རྐྱེན།  མིའི་འདུ་ཤེས་འཛིན་སྟངས་བཅས་ལ་ངོས་འཛིན་ཡང་དག་སྒོས་ལོ་རྒྱུས་ལ་དབྱེ་ཞིབ་དང་མི་སྣར་གདེང་འཇོག་བྱེད་པའི་ལངས་ཕྱོགས་ནས་བལྟས་ན། བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་ནི་ཉོན་མོངས་དུག་ལྔ་རྒྱས་པའི་བདུད་མོ་ཞིག་ག་ལ་ཡིན་ཏེ། མོ་ནི་ཆོས་སྲིད་ཟུང་གི་རྣམ་བཞག་ལ་བློ་མ་རྨོངས་ཤིང་།  རང་རིགས་ཀྱི་ཕ་ཆོས་ལ་རྩིས་མཐོང་ཆེ་བ། མི་རིགས་ཀྱི་ལ་རྒྱ་ཆེ་ཞིང་མ་འོངས་པའི་མཐོང་རྒྱ་ཡངས་པ།  གལ་ལ་ཐུག་ཚེ་རྒྱལ་བློན་འབངས་གསུམ་ལ་བློ་འདོན་གྱི་ནུས་པ་བསྐྱེད་ཐུབ་པ་བཅས་ཀྱི་སྐྱེ་ལུས་མཛེས་ཤིང་ཐུགས་དཀྱེལ་ཡངས་པའི་མཛངས་མ་ཞིག་གི་སྣང་བརྙན་འཆར་འོངས་ཞེས་བྲིས་འདུག མ་ཟད་བཙན་པོར་རང་གཤིས་མེད་པར་ཐུབ་པའི་བསྟན་ལ་སྦྱོང་མཁན་གང་ཞིག་ཡིན་ཚེ་དེའི་ཞབས་སྤྱི་བོར་ལེན་པ་དང་།  འབངས་མི་སེར་གྱིས་རང་གི་རིག་གནས་ལས་གཞན་གྱི་རིག་གནས་གཙིགས་སུ་འཛིན་པའི་ངོ་བོ་འགྱུར་བཞིན་པའི་འདུ་ཤེས་འཛིན་སྟངས་སོགས་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་ཚོར་རིག་བྱུང་།  དེའི་འབྱུང་རྐྱེན་གཙོ་བོ་རྒྱ་གར་གྱི་ཆོས་ལུགས་སྤེལ་མཁན་མི་སྒེར་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པ་ཤེས།  ཁོ་མོས་མེས་པོ་བཙན་པོ་དག་གིས་སྲོལ་རྒྱུན་ལྟར་སྲིད་གཙོ་བོ་དང་ཆོས་ཕལ་པའི་ལངས་ཕྱོགས་སྲུང་འཛིན་བྱས་ཏེ། བློན་ཆེན་ཁ་ཤས་དང་ཁོ་མོ་སྡེབ་གྲོས་ཀྱིས་སྣང་ཚུལ་མི་ལེགས་པ་དེ་འགོག་པར་ཐབས་ཇུས་བཏིངས་པ་རེད།  ཕྱིས་སུ་རྒྱལ་ཁབ་ཀྱི་དབང་ཐང་མར་ངོའི་ཟླ་བཞིན་འགྲིབ་སྟེ་ཉམས་རྒུད་དུ་འགྲོ་དུས། མོས་དེར་སྔོན་འགོག་བྱེད་ཆེད་བུད་མེད་ཀྱི་མཚོན་ཆའམ་སྤྱང་གྲུང་གིས་བཻ་རོ་ཙ་ན་དང་ཁྱོད་ཤི་ང་གསོན་གྱི་བསམ་སྦྱོར་མཛད་དེ་མིང་ཆག་བྱུང་བར་ཐབས་བཀོད་ཀྱང་འཐེན་པ་རེད།  དེ་བཞིན་མོས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་དོན་དུ་རང་ཉིད་བློས་བཏང་བ་རེད།  ཡིན་ནའང་མོའི་རླབས་ཆེན་གྱི་མཛད་རྗེས་འདིར་གོང་བཀུར་བྱེད་པ་ཕར་ཞོག རྒྱུ་འབྲས་ཀྱི་བློ་མིག་དང་བདེན་དྲང་གི་མི་གཤིས་ཀྱིས་དབུལ་བའི་ལོ་རྒྱུས་དཔྱད་བརྗོད་མཁན་དག་གིས་དམོད་མོ་དང་ཟུར་ཟའི་འབེན་དུ་གྱུར་ཡོད་པར་མ་ཟད།  ཁོ་མོའི་བྱ་སྤྱོད་དང་མཛད་རྗེས་རྣམས་ལོ་རྒྱུས་སྨྲ་བ་དག་གིས་གད་སྙིགས་སུ་དེད་འདུག་པ་རེད། མཛད་རྗེས་དང་འཇོན་ཐང་ལ་བརྩི་འཇོག་དང་རྩིས་མཐོང་གཏན་ནས་མི་བྱེད་པའི་མི་རིགས་ཤིག་ལ་མི་འཇོན་ཐང་ཅན་འབྱུང་ཁག་པ་རེད།  དེ་ཡང་ལོ་རྒྱུས་སྟེང་རྒྱལ་ཡུམ་ཁྲི་མ་ལོད་དང་།  ཚེ་སྤོང་བཟའ་མེ་ཏོག་སྒྲོན།  མྱང་ཚ་དཀར་རྒྱན།  སད་མ་དཀར་ལྟ་བུའི་བུད་མེད་འཇོན་ཐང་ཅན་བྱུང་བ་ཉུང་ཞིང་།  དེང་སྐབས་ཀྱང་མཛུབ་མོས་བསྟན་ཆོག་ཆོག་གི་བུད་མེད་སྙིང་སྟོབས་ཅན་ཚེ་རིང་འོད་ཟེར་ལགས་ལྟ་བུ་ཧ་ཅང་དཀོན་པའང་སྲོལ་རྒྱུན་དེའི་རྐྱེན་ལོས་ཡིན་འདོད།      བཅུ་བཞི། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་འདོད་པའི་བསྟན་བཅོས་ནང་བཀོད་དོན།  བུད་མེད་རྣམས་ནི་མི་བརྟན་གཡེམ་མ་ཞེས་བཤད་པ་འདི་ཡང་ཤིན་ཏུ་མི་བདེན་ཏེ།  བྱི་བོའི་ལས་ལ་ཕོ་མོ་ཁྱད་མེད་ཅིང་།  ཞིབ་ཏུ་བསམ་ན་ད་དུང་སྐྱེས་པ་ཐུ།  རྒྱལ་པོ་ཞིག་གིས་བཙུན་མོ་སྟོང་བླངས་པ། ད་དུང་ཡོན་ཏན་ཚུལ་དུ་སྒྲོག་པར་བྱེད།   བུད་མེད་གཅིག་ལ་མག་པ་བརྒྱ་ཡོད་ན།   དཔེ་མི་སྲིད་པ་བཞིན་དུ་ཇི་ཙམ་སྨོད།  བུད་མེད་སྟོང་ལ་རེས་ཀྱིས་སྤྱད་ན་ནི།  བྱི་བོ་བྱེད་པའི་དོན་ཀྱང་ག་ལ་ཡོད། ཆུང་མ་སྤྱད་པ་ལོག་གཡེམ་མ་ཡིན་ཕྱིར། ཕྱུག་པོ་རྣམས་ལ་ལོག་གཡེམ་ག་ལ་འོངས།  ནོར་ལྡན་རྒན་པོ་ཁ་བའི་སྐྲ་ལོ་ཅན།  ན་ཆུང་བུ་མོ་འདམས་ནས་ཉོ་བར་བྱེད།   བཙོང་བའི་ཡོ་བད་ཙམ་གྱི་རྩིས་ཐང་ཅན།   ཀྱེ་མ་བུད་མེད་རྣམས་ལ་དཔུང་གཉེན་མེད།  ཕོ་ཡིས་འདམས་ཏེ་ནན་གྱིས་བཀུག་པ་ལས།  མོ་ཡིས་འདོད་དེ་ཚུར་ལ་མ་འོངས་པས།  ཤིང་ལ་རྡོ་ཡིས་ལྷན་པ་བཏབ་པའི་ཚེ།  བུད་མེད་རང་བཞིན་བརྟན་པ་ག་ལ་འོང་།  ཏ་ཟིག་ཡུལ་དུ་རྒན་པོ་རེ་རེས་ཀྱང་།  ཆུང་མ་གཞོན་ནུ་ལྔ་ཙམ་ལེན་པ་སྟེ།  ཆུང་མ་གཅིག་གིས་ལོག་གཡེམ་སྤྱད་བྱས་ཀྱང་།  དེ་མ་ཐག་ཏུ་གསོན་སྲེག་བྱས་ཏེ་གསོད།  གཅིག་ལ་བུ་མོ་ལྔ་ཡིས་ཚིམ་ནུས་མོད།  ལྔ་ལ་རྒད་པོ་གཅིག་གིས་ཇི་ལྟར་ཚིམ།   དེ་ལྟར་འཇིག་རྟེན་རྒྱལ་ཁམས་དུ་མ་ན། ནོར་ལྡན་རྣམས་ཀྱི་རང་འདོད་ཁྲིམས་སྲོལ་མང་། དེ་ལ་ཡ་རབས་ཆོས་སུ་མིང་བཏགས་ཤིང་། ཡུལ་གྱི་རྒྱལ་པོའི་ཐུགས་དང་འཕྲོད་གྱུར་པས།  མཁས་པ་རྣམས་ཀྱང་རྗེས་སུ་འཛུམ་སྟོན་པ།  བསམ་ཞིང་བསམ་ན་ཡི་ཆད་སངས་དུས་མེད། དེས་ན་རིགས་མཐུན་སྐྱེ་བོ་མགྲིན་གཅིག་ཏུ།  བསྒྲགས་པའི་ངར་སྐད་ཁོ་ན་མི་ཉན་པར།  སྐབས་སུ་བདེན་པའི་རྒྱུ་མཚན་དཔང་བཅོལ་ནས།  གཟུ་བོར་དྲང་གཏམ་ཙམ་ཡང་སྨྲ་བར་མཛོད་ཅེས་གསུངས་པ་བཞིན།  དེང་རབས་ཀྱི་ཡོན་ཏན་པ་རྣམས་ལ་དགེ་ཆོས་ཁོང་ལྟ་བུའི་དཔྱོད་ཤེས་དང་དྲང་བདེན་གྱི་འདུ་ཤེས་ཆ་ཙམ་ལྡན་ཚེ་བུད་མེད་རྣམས་ཀྱིས་འདི་བཞིན་མ་ཉེས་ཁག་གཡོགས་འཁུར་མི་དགོས།  ད་ལྟའི་གནས་བབ་ལ་བལྟས་ན་དེ་ལྟ་དཔེ་མི་སྲིད་པས། བུད་མེད་རང་སྟེང་ནས་བརྩོན་ལེན་བྱེད་རྒྱུ་ལས་ཐབས་གཞན་མེད།  ཡིན་ནའང་།  འུ་ཅག་བུད་མེད་ཚོས་འདིའི་ཕྱོགས་སུ་བསམ་བློ་དང་དྲི་བ་ཅི་ཡང་མི་འདོན་པར།   ཡང་ན་ཡག་ལས་དང་རྒྱན་ཆ་རྐྱང་གི་ནང་མགོ་འཁོར་བའམ།  ཡང་ན་ཐ་ཤལ་གྱི་སྲོལ་ངན་འདིའི་རྒྱུན་སྐྱོང་བར་གྲོགས་བྱེད་གི་ཡོད་པ་རེད། དེ་ལ་འགྱན་སངས་རྒྱས་དོན་གྲུབ་ལགས་ཀྱི<<རྟོགས་སད་མེད་པའི་མི་གཤིས>>ཞེས་པའི་རྩོམ་ཡིག་ཏུ། ལུས་ཀྱི་དཀའ་སྤྱད་ལ་བརྟེན་ནས་འཚོ་གནས་ལ་བརྩོན་བཞིན་པའི་རོང་འབྲོག་ཕྱོགས་ཀྱི་སྐྱེས་མ་ཚོར་རྟོགས་སད་མེད་པ་ཡུལ་དུས་ཀྱི་དབང་དུ་སོང་དྲགས་ཕྱིར་ཅི་ཁག་ཀྱང་།  ང་ཚོའི“དེང་རབས་བུད་མེད”ཚོས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ནས་སློབ་གསོ་མྱངས་པའི་མཐའ་མཇུག་གི་དམིགས་ཡུལ་འཇིག་རྟེན་རྩེ་དགར་བཅོལ་ཏེ། ཡིད་ལ་ཅི་ཡང་མི་བྱ་བར་མི་ཚེ་ཧྲིལ་པོ་ཡག་དང་རྩེ་དགའི་དོན་དུ་འཛད་ཅིང་འཇིག་རྟེན་འདི་སྣང་གི་བག་མེད་བདེ་དགའི་ལོངས་སྤྱོད་ཀྱི་བྱེད་པོ་འདི་གསེར་དངུལ་གྱི་དོན་དུ་རང་གི་བླ་སྲོག་ཀྱང་བཙོངས་ཏེ་མི་རིགས་ཀྱི་མཚང་བྱེད་པ་འདི་ནི་ཤིན་ཏུ་འོས་མ་ཡིན་ནོ་ཞེས་བཀོད་འདུག་པ་ནི་གནད་ལ་ཁེལ་བའི་གཏམ་མོ།།   དེས་ན།   བུད་མེད་རྣམས་ཀྱིས་རང་སྐྱོན་ངོས་ལེན་ཡོ་བསྲང་བྱེད་པ་གཞིར་བྱས། སྐྱེས་པ་རྣམས་ཀྱིས་ཀྱང་སྔོན་གོམས་ཀྱི་བསམ་བློ་མ་དག་པ་རྣམས་བསྒྱུར་ཏེ་བུད་མེད་རྣམས་ལེགས་ལམ་དུ་འགྲོ་བར་གྲོགས་བྱེད་དགོས་སོ་སྙམ།      

བུད་མེད་དང་འབྲེལ་ཡོད་ཀྱི་སྣང་ཚུལ་ཁ་ཤས།  

   ལྔ། ཨ་རི་ན་ཡོད་པའི་གྲོགས་མོ་ཞིག་ཕྱིར་ཕ་ཡུལ་དུ་ལོག་པ་ཐོས་རྗེས། རང་ཚོད་ཀྱིས་མགྲོན་སྐྱོང་རན་པོ་ཞིག་བཏང་བ་ཡིན། ད་ལྟ་བུད་མེད་ཀྱི་ལས་དབང་སྐོར་གླེང་རྒྱུ་དེ་བདག་གི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།   མ་ཟད་བུད་མེད་སྐོར་གྱི་རྩོམ་ཐུང་ཁ་ཤས་འབྲི་ཁུལ་ཙམ་བྱེད་ཀྱིན་ཡོད་པས་ན།  རྒྱུ་ཆ་མང་པོ་མཁོ།  མོ་རང་ཡང་བུད་མེད་ཚོར་སྐྱེན་གྱི་རིགས་སུ་གཏོགས་པས།  དུས་རྒྱུན་འཚོ་བའི་ཁྲོད་བུད་མེད་དང་འབྲེལ་ཡོད་གནད་དོན་ལ་དོ་སྣང་བྱེད་ཀྱི་འདུགམོས་གཏམ་རྒྱུད་འདི་འདྲ་ཞིག་གླེང་བྱུང་།  མགོ་ལོག་གི་སེར་མོ་པ་ཞིག་གིས་དགོན་པ་ནས་སློབ་གྲྭ་ཞིག་འདེབས་སྐབས་མཐུན་རྐྱེན་མ་ཚང་ཕྱིར། ཕྱི་རྒྱལ་ལ་རོགས་དངུལ་སློང་བའི་སྙན་ཞུ་ཞིག་ཕུལ་བ་རེད། ཕྱི་རྒྱལ་གྱི་རོགས་སྐྱོར་བྱེད་མཁན་ཞིག་གིས་སྙན་ཞུའི་ཡི་གེ་དེར་བལྟས་རྗེས།   ཆ་མ་འཚལ་བའི་དོན་དག་ཅིག་ཡོད་པ་འདི་ལྟ་སྟེ།   སློབ་གྲྭ་དེར་སློབ་ཕྲུག་ཕོ་མ་གཏོགས་མོ་གཅིག་ཀྱང་བསྡུ་ཡི་མེད་པ་དང་།  རྒྱུས་ལོན་བྱས་རྗེས།   དགོན་པའི་ས་ཐོག་ཏུ་སློབ་མ་བུ་མོ་བསྡུས་ན་དགོན་པའི་སྒྲིགས་དང་མི་མཐུན་ཞིང་།   ཡང་དབར་གནས་སྐབས་སུ་མོ་དྲི་བྲོ་མཁན་ཞིག་གྲྭ་པ་ཚོའི་ཉེ་སར་བཏུད་མི་རུང་བ་དེ་རེད།  ཕྱི་རྒྱལ་གྱི་རོགས་སྐྱོར་པ་ཚོས།  མི་རིགས་གང་ཡིན་རུང་རང་གི་སྲོལ་རྒྱུན་དང་རིག་གནས་ལ་རང་གིས་བརྩི་འཇོག་བྱས་ཆོག ཡིན་ནའང་ང་ཚོའི་དམིགས་ཡུལ་དང་རྩ་དོན་གཙོ་བོ་ཞིག་ནི། ཕོ་མོའི་ཐོབ་ཐང་འདྲ་མཉམ་དང་ཕོ་མོའི་རྩིས་ཐང་འདྲ་མཉམ་ཡོང་བར་བྱེད་རྒྱུ་ལས། ཕོ་མཆོག་མོ་དམན་གྱི་དབྱེ་བ་དགར་རྒྱུ་དེ་མིན་པས་དེ་ལ་རོགས་སྐྱོར་བྱེད་ཐབས་མི་འདུག་ཟེར་ནས་རོགས་དངུལ་མ་བྱིན་པ་རེད།      དྲུག ལོ་གསུམ་ལྷག་གི་སྔོན་གྱི་ཉིན་ཞིག་ལ། བདག་ལ་དགེ་ཐོན་སློབ་གྲྭ་འགྲིམ་སྐབས་ཀྱི་སློབ་གྲོགས་ཤིག་གི་ཁ་པར་འབྱོར། ཏག་ཏག་སྐབས་དེར་ང་རང་ལ་བུ་མོ་དཀར་རྒྱན་སྐྱེས་ནས་བང་དུ་བསྡད་ཡོད། ཁ་པར་ལས་ང་ལ་བུ་མོ་ཞིག་བཙས་པ་ཁོ་པས་ཤེས།  ཁ་བརྡ་ཅི་རིགས་བྱས་རྗེས།  ཁོས་བདག་ལ་ཁྱོད་ཀྱིས་དྲང་མོར་ཤོད་དང་རང་ལ་བུ་མོ་ཞིག་སྐྱེས་པར་འགྱོད་པ་སྐྱེའམ་ཞེས་དྲིས་བྱུང་།  ངས་ལན་དུ་སྤྱིར་བདག་ལ་དེ་འདྲའི་བསམ་ཚུལ་མི་འདུག རྒྱུ་མཚན་ང་རང་ཡང་བུད་མེད་ཅིག་ཡིན།  མ་ཟད་རང་ཉིད་སྐྱེས་པ་ཞིག་ལས་ནུས་པ་ཞན་པའི་ཚོར་པ་གང་ཡང་མ་བྱིན། ཡིན་ནའང་ང་རང་ལ་བུ་མོ་ཞིག་ཡོད་པས།  ད་ཕྲུ་གུ་བུ་ཞིག་ཡིན་ན་ཅུང་ཙམ་འོས་པར་སྙམ་ཟེར་སྐབས།  ཁོ་པས་གཅིག་གཅོད་ཀྱིས་བུ་མོ་ཞིག་བུའི་དོ་ཟླ་ག་ལ་ཡོང་།  ཨ་ལགས་ཆེ་གེ་མོ་ཞིག་གིས་དབང་གསུང་སྐབས་ཀྱང་སྐྱེས་མ་སྐྱེས་པ་ལས་སངས་རྒྱ་ཁག་པ་རེད་ཟེར་ནས་གསུངས་ཞེས་བཤད།  ཁོ་པ་ཕོ་ལུས་བླངས་པ་ཙམ་གྱིས་ང་རྒྱལ་གྱི་ལྒང་བུར་སོང་བའི་བྱ་སྤྱོད་དེར་ང་རང་ཧ་ཅང་མ་རངས་པའི་ཚུལ་གྱིས།  སངས་རྒྱ་རྒྱུ་ང་ཚོ་དང་རྒྱང་ཐག་རིང་བས་རེ་ཞིག་ཕར་ཞོག ཐོག་མར་རང་གི་འཚོ་བའི་ཐད་རང་མགོ་ཐོན་མིན་དེ་གལ་ཆེ་ཞེས་ཁོ་པར་གོ་རྒྱུ་ཅན་གྱི་ལན་བཏབ་པ་ཡིན། ནུས་པ་དང་འཇོན་ཐང་གང་ཐད་ནས་བུད་མེད་ཀྱི་དོ་ཟླ་མི་ཡོང་ནའང་།  སྐྱེས་པ་སྐོར་ཞིག་གིས་ད་དུང་ཨུ་ཚུགས་ཀྱིས་རང་ཉིད་ཕོ་ལུས་ཙམ་ཞིག་ཡིན་པ་དེ་མ་རྩ་བྱས་ནས།  བུད་མེད་ཀྱི་མགོ་གནོན་གང་ཐུབ་བྱེད་ཀྱིན་ཡོད་པ་རེད།  དེ་ནི་ཁོ་པ་ཚོའི་ནོར་འཁྲུལ་དང་ངོ་ཚ་ཡིན་པས་ངན་མཚང་དུ་འགྲོ་རྒྱུ་ལས་ཡོན་ཏན་ཞིག་ཏུ་ཇི་ལྟར་བརྩིའམ།   བདུན།  ལོ་བཅུ་ལྷག་གི་སྔོན་ཞིག་ལ་ང་རང་མི་རིགས་ལུས་རྩལ་འགྲན་ཚོགས་ཤིག་གི་སྟེང་ཞུགས་ཏེ་ཡུན་ནན་དུ་ཐེངས་གཅིག་སོང་བ་ཡིན། ལུས་རྩལ་པ་དེ་དག་གི་ནང་དུ་བོད་དང་སོག་རིགས།  ཧུའེ་རིགས།  ཧོར་རིགས།  ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་མང་པོ་ཡོད། དེའི་ཁྲོད་ཀྱི་སོག་པོ་ལུས་རྩལ་པ་ཞིག་གིས་བོད་མོ་ཞིག་དང་གཉེན་བསྒྲིགས་འདུག་སྐད།  ཁོ་པས་བོད་མོ་ཆུང་མར་བླངས་ན་ཡ་རབས་གཤིས་བཟང་དང་ཁྱོ་གར་གུས་ཞབས་དང་ནང་ཚང་གི་ལས་ཀའི་འགན་འཁུར་བ་སོགས་ཀྱི་དགེ་མཚན་སོག་པོའི་བུད་མེད་ལས་མང་རབས་གླེང་གི་འདུགགཞན་སློབ་ཆེན་ག་གེ་མོའི་ཧུའེ་རིགས་དགེ་རྒན་ཞིག་དང་གླེང་མོ་བྱེད་སྐབས།  ཁོ་པས་ཁོ་ཚོའི་སློབ་གླིང་ན་བོད་པ་དགེ་རྒན་སྐྱེས་པ་ཞིག་ཡོད་པ་དེས།  རྟག་ཏུ་ཁོ་ལ་ཁྱོད་ཀྱིས་ཀྱང་བོད་ཀྱི་བུད་མེད་ཅིག་ཆུང་མར་ལེན་ཐུབ་ན་ནི།  རྐང་པ་གཅིག་ཐོག་གཅིག་བརྩེགས་ཀྱིས་འོ་ཇ་འཐུང་ནས་འདུག་རྒྱུ་ལས་འགན་ཁུར་ཅི་ཡང་མེད།  ཕྱི་ལས་ནང་ལས་ཐམས་ཅད་བྱེད་མཁན་བུད་མེད་ཡིན་པ་རེད་ཅེས་ལབ་ཀྱིན་འདུག་ཟེར།  ཁོ་རང་ནང་ལོག་གི་ཧུའེ་རིགས་ཤིག་ཡིན་གཤིས་ཆུང་མ་གཡོག་ཏུ་བཀོལ་བའི་འདུ་ཤེས་དྲག་པོ་མེད་པ་དང་།   ཆུང་མར་ཡང་སློབ་གསོ་ཐོབ་མྱོང་མཁན་ཞིག་ཡིན་པས་གང་འདོད་དུ་གཡོག་ཏུ་བཀོལ་ཐུབ་ཀྱིན་མེད་ཚོད་རེད།  ཡིན་ནའང་མིའི་རང་གཤིས་སུ་རང་གཙོ་ཡི་ས་བོན་ཐོག་མ་ནས་ཡོད་ཙང་། ཁོ་པས་ཀྱང་ཁྱོ་གར་ཞབས་ཞུ་ལེགས་པོ་སྒྲུབ་མཁན་གྱི་ཆུང་མ་ཞིག་ལ་ཡིད་སྨོན་འཆོར་གྱིན་འདུག་པ་འདྲ།  བོད་ཀྱི་བུད་མེད་རྣམས་རང་རིགས་ཀྱི་སྐྱེས་པའི་གཡོག་ལ་བཀོལ་བས་མི་ཚད་གཞན་རིགས་ཀྱི་སྐྱེས་པར་ཡང་གཡོག་མོར་མཚམས་སྦྱོར་བྱེད་པའི་བྱ་སྤྱོད་ཐལ་ཆ་ཅན་འདི་ནི་ཅི་འདྲའི་བཟོད་དཀའ་བ་ཞིག་རེད་ཨང་།      བརྒྱད།   ངས་ཏག་ཏག་རྩོམ་འདི་འབྲི་བཞིན་པའི་སྒང་ལ་ཁྱོ་གའི་ཚ་མོ་ཞིག་ངའི་ཁྱིམ་དུ་ཡོང་།  མོས་བཤད་དོན།  མོའི་ཨ་མ་ཉིན་ཞིག་ཨ་ཡེ་ཚང་གི་ཁྱིམ་དུ་འབྱོར་སྐབས།  ཨ་ཡེ་དང་ཨ་ནེ་གཉིས་ཀྱིས་ཐབ་མདོ་རུ་དུ་བ་ལྷོག་ལྷོག་གིས་ཤ་བཙོས་ཇ་བསྐོལ་ཏེ།  ཨ་ནེ་ཚང་ལ་གྲྭ་ལོག་གཞོན་ནུ་ཞིག་ཡོད་པ་དེ་གདན་ལ་འཁོད་རྗེས་ཁོ་མོ་གཉིས་ཀྱིས་ཞབས་ཞུ་སྒྲུབ་བཞིན་པ་མཐོང་།  མོ་རང་དེ་མ་ཐག་ཞེ་སྤོ་གཏིང་ནས་ལངས་ཏེ་གྲྭ་ལོག་དེ་ཚ་ཐབ་སྟེང་ནས་མར་བདས་པ་རེད་ཟེར།  དོན་འདིའི་སྟེང་ནས་དུས་རབས་མི་མཚུངས་པའི་བུད་མེད་གཉིས་ཀྱི་ཁྱད་པར་དང་།  ཡང་སློབ་གསོ་ཐོབ་མྱོང་མཁན་གྱི་བུད་མེད་རྣམས་བུད་མེད་རྒན་རབས་ལས་ཅུང་ཙམ་སད་རྟོགས་བྱུང་ཡོད་པ་མཚོན་ཐུབ།      དགུ།  བོད་པ་རྣམས་ཕྱིའི་རྒྱལ་ཁབ་ཏུ་སླེབས་ནས་དུས་ཡུན་ངེས་ཅན་ཞིག་གི་རིང་ལ་འཚོ་གནས་ཐད་དཀའ་ཁག་མང་པོར་འཕྲད་གི་ཡོད་པ་རེད། གྲོགས་མོ་ཞིག་གིས་དོན་དག་འདི་འདྲ་ཞིག་གླེང་བྱུང་། བོད་གཞིས་ནས་སློབ་ཆེན་མཐར་ཕྱིན་རྗེས་དྷ་རམ་ས་ལ་རུ་སླེབས་པའི་ན་གཞོན་ཁ་ཤས་ཤིག་གིས།  ལུས་ཤུགས་ངལ་རྩོལ་ལ་བརྟེན་ནས་འཚོ་བ་རོལ་བའི་རྣམ་པ་དེར་ཇི་མི་སྙམ་པར། སློབ་ཆེན་སློབ་མའི་སྒྲོབ་ཉམས་སྟོན་པ་རེད་ཟེར།  ཐེངས་ཤིག་སློབ་ཆེན་སློབ་མ་འགས་བསམ་ཚུལ་དེ་འདྲ་སྟོན་པ་ཏག་ཏག་རྗེ་བཙུན་པད་མ་ལགས་ཀྱི་སྲས་མོས་མཐོང་བ་ན།  མོས་རང་གི་ལག་ཟུང་རྒས་ཏོ་དེ་སྟོན་ཞོར།   ང་རང་ཡང་ཕྱི་རྒྱལ་དུ་མཐོ་རིམ་སློབ་གསོ་ཐོབ་མྱོང་མཁན་ཞིག་ཡིན།  ཡིན་ནའང་ད་དུང་ཡང་རང་ཁྱིམ་གྱིས་གཉེར་བའི་ཟ་ཁང་དུ་ལས་ཀ་བྱེད་གི་ཡོད།  ངའི་བསམ་པར་མི་སུ་ཡིན་རུང་རང་གི་ལག་ཟུང་ལ་བརྟེན་ནས་རང་ཁ་གསོ་བ་དེ་གཟི་བརྗིད་ཅིག་ལས།  ངོ་ཚ་ཞིག་མ་རེད་ཟེར་བ་ན།  སློབ་ཆེན་དེ་དག་ཁ་སྐྱེངས་སོང་སྐད།  དེ་ཡང་མཐར་གཏུགས་ན།  གོམས་སྲོལ་གྱིས་སྐྱེས་པ་ཚོ་ལག་རྡུམ་ལྟ་བུར་བཏང་བ་མ་རེད་དམ།      བཅུ།   མང་བཟའ་པད་དཀར་ལགས་ཀྱི་དེབ་ལས་དོན་དག་ཅིག་བྲིས་འདུག་པ་འདི་ལྟ་སྟེ། དབྱིན་ཇིར་ལྷ་རམས་པའི་བསླབ་གཞིར་སློབ་སྦྱོང་གནང་བཞིན་པའི་བློ་བཟང་རབ་རྒྱས་ཁོ་མོའི་དཔྱད་རྩོམ་ལ་རྒྱུ་ཆ་འཚོལ་སླད་རྒྱ་གར་དུ་ཡོང་ཞིང་།   བོད་ཀྱི་བུད་མེད་ལ་ཞིབ་འཇུག་གནངས་པ་དང་བཙུན་དགོན་སྒྲོལ་མ་གླིང་དུ་ལེགས་སྦྱར་གཏམ་བཤད་སྤེལ་སྐབས།   ཁོ་མོས་བཙུན་མ་ཚོར་ང་རང་བུད་མེད་ཅིག་གི་ལུས་རྟེན་རག་པར་ང་རྒྱལ་བྱེད་ཀྱི་ཡོད་ལ།  གལ་ཏེ་སྐྱེ་བ་རྗེས་མ་ཟེར་བ་ཞིག་ཡོད་ན་ཡང་བསྐྱར་བུད་མེད་ཅིག་ཏུ་སྐྱེ་བའི་འདོད་པ་ཡོད་ཅེས་མ་ཐག ལེགས་སྦྱར་ལ་ཉན་བཞིན་པའི་བཙུན་མ་རྣམས་ལ་ཧ་ལས་པ་དང་ཧང་སང་བའི་རྣམ་འགྱུར་ཐོན་ཡོང་བའི་ཁར།  བསམ་ཚུལ་དེ་དང་ལེན་བྱེད་ཐབས་མེད་པར་སྐྱེ་བ་རྗེས་མར་མོ་ལུས་ཤིག་མི་ལེན་པར་སྨོན་ལམ་རྒྱག་གི་ཡོད་ཅེས་ལན་བསྐྱོན་སོང་བ་རེད་ཟེར། ཁོ་མོ་ཚོ་ནི་ཕོ་མཆོག་མོ་དམན་གྱི་སྲོལ་རྒྱུན་རིག་གནས་འོག་སྐྱེད་སྲིང་བྱས་ཤིང་།  མོ་ལུས་ཐོབ་ན་སངས་རྒྱ་ཁག་པའི་གནས་ལུགས་དང་སྐྱེ་བ་གཞུག་མར་ཕོ་ལུས་ཇི་ལྟར་ཐོབ་པའི་ཟབ་མོའི་གནད་ལ་སྦྱོང་བ་བྱེད་མཁན་དག་ཡིན་པས། མོ་ལུས་ཐོབ་པ་ང་རྒྱལ་དུ་བརྩིས་ན་ཕལ་ཆེར་ཉེས་དམིགས་སུ་འགྲོ་ངེས་ཤིང་།  བཙུན་མ་རྣམས་ཧང་སང་ཧོན་ཐོར་ཡང་སེམས་ནང་དུ་འཁོར་མི་ཐུབ་པ་ཞིག་གཏན་ནས་མ་རེད།  བདག་གིས་ཀྱང་སྔོན་ཆད་ཅིག་ལ་རང་ཉིད་མོ་ལུས་བླངས་པར་འགྱོད་པ་མེད་ཚུལ་བརྗོད་པ་ན།  མི་རྣམས་ཀྱིས་དེ་ཁྱོད་རང་གིས་ཚོགས་བསགས་པ་མ་འདང་བ་དང་ལས་སྣང་མ་དག་པ།  སྐྱེ་བ་སྔོན་མར་ཡང་མོ་ལུས་བླངས་མྱོང་བའི་བག་ཆགས་ཀྱིས་བསྐྱེད་པ་རེད་ཟེར་ནས་འགྲེལ་བཤད་རྒྱག་པ་ལས།  ཕོ་མོ་སུའང་ངའི་བསམ་ཚུལ་དེར་གཏན་ནས་འཐད་གི་མི་འདུག མི་སྐྱ་དག་གིས་ཀྱང་དེ་ལྟར་བསམ་ན།   བཙུན་མ་དག་ལ་ཅི་ཁག 

བུད་མེད་དང་འབྲེལ་ཡོད་ཀྱི་སྣང་ཚུལ་ཁ་ཤས།  

   གཅིག ལོ་མང་པོའི་སྔོན་ཞིག་ལ། ང་རང་ལ་གོ་སྐབས་ཡག་པོ་ཞིག་རག་སྟེ་རྔ་བའི་འབྲོག་ཁུལ་དུ་ཐེངས་གཅིག་འགྲོ་ཐུབ་པ་བྱུང་།  ཀན་ལྷོ་དང་ཟི་ཁྲོན་གཉི་གའི་ས་མཚམས་ཀྱི་རི་མཐོན་པོ་ལབ་ཙེ་ཅན་ཞིག་ནས་ཐུར་དུ་བབས་ཏེ་ཅུང་ཙམ་སོང་བ་ན།  མུ་མཐའ་བྲལ་བའི་རྩྭ་ཐང་ཁོད་རྒྱ་ཡངས་མོ་ཞིག་ཏུ་སླེབས།  རྩྭ་ཐང་དེ་རུ་མེ་ཏོག་གི་དྲི་བསུང་འཐུལ་ཞིང་། བྱ་བྱིའུས་གསུང་སྙན་སྒྲོག་པ་ཞིག་མིན་ནའང་།  དེ་རུ་བདག་ལ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་པ་ནི། ཁ་ཁུ་སིམ་པའི་རྩྭ་ཐང་དེའི་སྟེང་དུ་ཚེ་སྲོག་གི་དར་ལྕོག་རླུང་ཁ་ན་ཟད་ཀྱིན་པའི་བུད་མེད་དང་ཕྲུ་གུ་དག་རེད། ང་ཚོའི་རླངས་འཁོར་གཞུང་ལམ་སྟེང་མདུན་དུ་སྐྱོད་སྐབས། ལམ་གཡས་སུ་སྦྲ་ནག་ཉི་ཤུ་ལྷག་གྲངས་དོ་མཉམ་ཆ་འགྲིག་གིས་བསྟར་དུ་བསྒྲིགས་འདུག ངས་དེ་སྔོན་རྩྭ་ཐང་གཞི་ཁྱོན་ཆེ་བ་དེ་འདྲ་དང་སྦྲ་ནག་གྲངས་འབོར་མང་པོ་དེ་ལྟ་བུ་ཡེ་ནས་མཐོང་མྱོང་མེད་ཙང་། གཞི་ནས་ཧང་ནག་པོ་སང་སོང་།  ས་མཚམས་དེར་སླེབས་པ་ན་རླངས་འཁོར་ཁ་ལོ་པ་འདུས་པའི་འགྲུལ་མི་དཔོན་གཡོག་རྣམས་ཀྱང་ངལ་གསོ་ཕྲན་ཙམ་བྱེད་པར་མོས་མཐུན་བྱུང་།  དུས་དེར་རླངས་འཁོར་རྗེས་མ་དག་ད་དུང་རྗེས་ཆོད་མེད།  ང་ཚོ་རླངས་འཁོར་ལས་མར་བབས་ཏེ་སྦྲའི་ཕྱོགས་སུ་སོང་བ་ན། བུད་མེད་དང་བྱིས་པ་སྐོར་ཁྱུ་ཞིག་ཡོང་ནས་ང་ཚོའི་སྔོན་བསུས།  དེ་དག་ཁྲོད་སྐྱེས་པ་གཞོན་དར་གཅིག་ཀྱང་མི་འདུག གཞུང་ལམ་དང་སྦྲ་ནག་གི་བར་རྒྱང་ཧ་ཅང་ཉེ་གཤིས།  ཅུང་མ་འགོར་བར་སྦྲ་ནང་དུ་ལྷགས།  སྦྲ་ནང་དུའང་སྐྱེས་པ་གཞོན་དར་གཅིག་ཀྱང་མི་འདུག དེ་མུར་བདག་གིས་ས་ཆ་འདིའི་སྐྱེས་པ་རྣམས་ཕལ་ཆེར་རྩྭ་ས་རྩོད་གླེང་སྐབས་ཤི་ཚར་བ་མིན་ནམ་སྙམ་བཞིན།  བསམ་གཟས་ནས་སྦྲའི་ནང་དུ་མིག་བཤེར་ཞིག་བྱས་པ་ན། རྒྱུན་མཁོའི་ནང་ཆས་ཅ་ལག་ལས་དངོས་རིགས་རྩ་ཆེན་གང་ཡང་མ་མཐོང་།  སྦྲའི་ཡར་སྒྱེད་དུ་ཤིང་དུམ་འཛེར་བ་ཅན་ཁ་ཤས་ཀྱི་སྟེང་དུ་པགས་གདན་རལ་བ་རེ་འགའ་བཏིངས་འདུག་པ་དེ་ཁོ་ཚོའི་མལ་ས་ཡིན་པ་ཚོར།  ཁྱིམ་བདག་མས་རང་ལ་འཛོམས་ཚོད་དུ་ཇ་བླུགས་ཤིང་རྩམ་པ་མདུན་ལ་བཞག ཡིན་ནའང་ང་རང་འབྲོག་པའི་འབྲི་ཞོ་ལ་དགའ་པོ་ཡོད་པས་ཞོ་ཞིག་ཨེ་ལྡུད་ལ་རེ་བ་བྱས། ཁོ་ཚོར་ཞོ་འཐུང་རྒྱུ་ལྟ་ཞོག་ཐ་ན་འོ་མ་ཡང་འཐུང་རྒྱུ་མི་འདུག ཁོ་མོ་ཚོས་བཤད་ན།  མཛོད་དགེ་རྫོང་གི་འོ་ཕྱེ་བཟོ་གྲྭ་ནས་ཉི་མ་ཆག་མེད་ཀྱིས་འོ་མ་བསྡུ་གི་ཡོང་བ་རེད།  ཤེ་མར་གསོག་པའི་འོ་མ་ཉུང་ཙམ་ལས་གཞན་རྣམས་བཙོང་གི་ཡོད་ཟེར།  ཤེས་པ་ཡིན་ན།  འབྲོག་ཁུལ་དེ་ནི་རྔ་བ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཡུལ་ཚོ་རེད། ཕྱིར་ལོག་སྐབས་བདག་གིས་གཞི་ནས་མ་བཟོད་པར་བུད་མེད་ཅིག་ལ་ས་འདིའི་སྐྱེས་པ་རྣམས་གང་དུ་སོང་བ་དྲིས།   ཁོ་མོས་ཇི་མི་སྙམ་པའི་ཚུལ་གྱིས་ཁྱོ་ག་ཚོས་དགུན་ས་སྲུང་གི་ཡོད་པ་རེད་ཟེར།  བདག་གིས།  དགུན་ས་རུ་ཅི་ཞིག་བཞག་ཡོད་པ་དྲིས།  ཁོ་མོས། ལོ་ལོན་དང་ཁང་ཆག་འདྲ་ཡོད་ཟེར།   ཡང་བྱིས་པ་དག་སློབ་གྲྭར་མ་བསྐྱལ་བའི་རྒྱུ་མཚན་དྲིས་དུས།  སློབ་གྲྭ་ཡོད་ཀྱང་དགེ་རྒན་གྱིས་ཡི་གེ་ཡག་པོ་མི་སློབ། དེ་ལས་ང་ཚོར་འདུག་རོགས་དང་ལག་རོགས་བྱས་ན་བཟང་ཟེར།  གནས་ཚུལ་དེ་ཤེས་རྗེས་ཡིད་ཀྱིས་མ་བཟོད་པར།  བྱིས་པ་རྣམས་ཆུང་དུས་ནས་སློབ་གྲྭར་བསྐྱལ་ན་ལེགས་རབས་དང་།  རི་བོ་འདིའི་ཕྱི་རོལ་གྱི་འཇིག་རྟེན་ནི་རྩྭ་ཐང་ནར་མོ་འདི་ལས་ཕུན་ཚོགས་ངོ་མཚར་ཡིན་ཚུལ་སོགས་རང་ནུས་ཀྱིས་བཤད་ཀྱང་།  ཁོ་མོ་ཚོས་ལན་དུ།  ང་ཚོ་རྩྭ་ཐང་དུ་བསྡད་ན་ཧ་ཅང་སྐྱིད།  ཁྱེད་རང་ཡང་འདི་ནས་བག་མར་བསྡད་ན་སྐྱིད་ཟེར།  སྐད་ཆ་དེས་ངའི་ངག་ལྕེ་ངང་གིས་ལྐུགས་པར་བཏང་།   མཐའ་མཇུག་དྲན་རྟེན་གྱི་ཚུལ་དུ་ང་ཚོ་མཉམ་དུ་པར་འགའ་བརྒྱབ་རྗེས།  ཚང་མ་རུབ་རུབ་ཀྱིས་བཀྲ་ཤིས་ཁ་གཡང་སྒྲོག་པ་དང་སྦྲགས་ང་ཚོ་མུ་མཐུད་དུ་མདུན་ནས་མདུན་དུ་བསྐྱོད།  ངས་རླངས་འཁོར་གྱི་སྒེའུ་ཁུང་ལས་རྒྱང་ནས་རྒྱང་དུ་བསྐྱུར་པའི་ཁོ་ཚོའི་མག་མོག་གི་གྲིབ་གཟུགས་ལ་ལྟ་བཞིན་ངག་ལས་དངན་པ་ཞིག་དབང་མེད་དུ་ཤོར།     གཉིས། མི་ལ་ནད་དང་བགེགས་དང་བར་ཆད་བྱུང་བའམ། ཡང་ན་ཚེ་ལོ་མཐར་ཕྱིན་པ་དག་གཙོ་བྱས། འདས་པོ་དེ་ལོ་བཅོ་བརྒྱད་ལས་བརྒལ་བ་ཞིག་ཡིན་ཚེ། འདས་མཆོད་རིམ་གྲོ་སྒྲུབ་པ་རེད།  ང་ཚོའི་ཕ་ཡུལ་ལུང་པར་གཞན་དང་མི་འདྲ་ས་ཞིག་ཡོད་པ་ནི།  སེར་མོ་པ་རྣམས་ཀྱིས་ཆོས་འདོན་དགོས་པར་མ་ཟད།  གྲོང་ཚོའི་མི་ཡོངས་ལ་ཉིན་གཅིག་ཙམ་རིང་ཆོས་ལྡུད་དགོས་པ་རེད། ཆོས་ལྡུད་ཟེར་བ་དེ་དཀར་དམར་སྐྱ་གསུམ་གྱི་ཁ་ཟས་བྱེ་བྲག་བཟོས་ཏེ་སྡེ་མི་ཡོངས་ལ་ལྡུད་པ་ལ་ཟེར་བ་རེད།  ཆུང་དུས་ཁྱིམ་ཚང་གང་ཞིག་ནས་ཆོས་ལྡུད་གི་ཡོད་པ་ཐོས་སྐབས།  བྱིས་པ་རྣམས་རྦད་དེ་དགའ་པོ་ཡོང་གི་རེད།  རྒྱུ་མཚན།  དེ་ནི་ལོ་གསར་མིན་རུང་གོ་རེ་དམར་པོ་ཟ་ཐུབ་ཅིང་།  དབར་དགུན་ངེས་མེད་དུ་ཤ་ཡང་ཟ་ཐུབ་པས་རེད།  བྱིས་པ་ཀུན་གྱི་དམིགས་ཡུལ་ནི།  ཆོས་ལྡུད་སའི་ཁྱིམ་ཚང་དེ་ནས་ཁ་ཟས་རྒྱགས་ཐག་ཆོད་ཅིག་ཟ་རྒྱུ་ལས་འདས་པོ་དེར་སྙིང་རྗེ་དང་།  ཁྱིམ་མིར་སེམས་གསོ།  ཟས་གཡོ་ལས་རོགས་སོགས་བྱེད་རྒྱུ་གང་ཡང་ཡིད་ལ་དྲན་གི་མེད་པ་འདྲ།  བུད་མེད་རྣམས་ནི་དེ་ལས་ལྡོག་སྟེ།  ཆོས་ལྡུད་སྐབས་གཡོ་བསྐོལ་གྱི་ལས་ཀའི་གདུང་འཁུར་མཁན་གཙོ་བོ་རང་རེད།  ཡིན་ནའང་ཆོས་འཐུང་དུས།  བུད་མེད་རྣམས་ཁང་པའི་ནང་དུ་སྡོད་སྲོལ་མེད་གཤིས།  དགུན་ཁར་སྒོ་རའི་ཉི་མ་དྲོ་ས་དང་བསེར་བུ་མེད་སར་སྡོད་པ་དང་།  དབར་ཁར་ཆར་ཆུ་མི་འབབ་ས་དང་ཚ་གདུག་མི་ཕོག་ས་ཙམ་རེ་བཙལ་ནས་སྡོད་ཐབས་བྱེད་པ་རེད།  ཆུང་དུས་བདག་གི་སེམས་སུ་འགྲོ་ལུགས་འདི་ཐམས་ཅད་ཧ་ཅང་རྒྱུན་ལྡན་ལས་ཀྱང་རྒྱུན་ལྡན་ཡིན་པར་འདོད་ཡོད།   དུས་ཀྱི་བགྲོད་པ་རིམ་བཞིན་འདས་ནས་ལོ་ཡི་འཁོར་མོ་ཉི་ཤུ་ལྷག་ངང་གིས་བཞུད་སོང་།  ལོ་འདི་དག་གི་རིང་ལ།  ང་རང་གྲོང་ཁྱེར་ཆུང་ཆུང་འདི་རུ་འཚོ་སྡོད་བྱས་པ་ཡིན།  གྲོང་ཁྱེར་འདི་ན་མི་རིགས་གཞན་མང་པོ་འདུས་སྡོད་བྱས་འདུག དེ་ལས་ཀྱང་རྒྱ་མི་ནི་གྲངས་འབོར་ཆེ་བའི་མི་རིགས་ཤིག་ཡིན་ཐོག ཁོ་ཚོས་དེང་སྐབས་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་གླེངས་དང་གླེང་མུས་སུ་མཆིས།  ཁོར་ཡུག་འདིས་བདག་ལའང་ཤན་ཤུགས་ཏོག་ཙམ་ཐེབས་མེད་ཟེར་ན་ཉོག་གཏམ་དུ་འགྲོ། ལོ་བཅུ་ལྷག་གི་སྔོན་ལ་ངེད་བཟའ་ཟླ་གཉི་གས་བུ་མོ་གཡང་འཛོམས་བཟང་མོ་ཁྲིད་དེ་མི་དམངས་གླིང་ག་རུ་རྐང་འཆམ་སྤྲོ་གསེང་བྱེད་སྐབས།  སྔོན་ན་རྒྱ་མི་བཟའ་ཟླ་ཆ་གཉིས་ཀྱིས་ཕྲུ་གུ་རེ་ཁུར་ནས་འགྲོ་བཞིན་འདུག ཁོ་ཚོའི་གླེང་མོ་ཏག་ཏག་ང་ཚོ་དང་འབྲེལ་བ་ཡོད་ཙང་བདག་གིས་ད་བར་དུ་བརྗེད་མ་སོང་།  དེའི་ཁྲོད་ཀྱི་བུད་མེད་ཅིག་གིས་བྱིས་པ་རྒྱབ་ཏུ་ཁུར་ཡོད་ཅིང་མོས་དཀའ་ལས་མྱོང་གི་ཡོད་པའི་བཟོ་ལྟ་བསྟན་པ་ན།  ཁྱོ་གས།  བོད་ཀྱི་བུད་མེད་ཚོས་སྒྱེ་མོ་རྒྱབ་ལ་ཁུར་ཞིང་སྐྱེས་པ་རྣམས་ཀྱིས་ལག་ཟུང་རྒྱབ་ལག་བྱས་ནས་ཧང་འགྲོས་བྱེད་པ་མཐོང་མ་མྱོང་ངམ།  ཁྱོད་ཀྱིས་ཕྲུ་གུ་གཅིག་ཀྱང་འཁུར་མི་ཐུབ་ན།  བོད་ཀྱི་བུད་མེད་ཚོས་ཅི་བ་ཟེར།   སྐད་ཆ་དེར་སྒྲོ་འདོགས་དང་རྫུན་བཟོ་གང་ཡང་མེད་གཤིས།  ང་རང་ཁོང་ཁྲོ་ལངས་པ་ཕར་ཞོག ད་དུང་བུད་མེད་དང་བུད་མེད་ཀྱི་ལས་དབང་ལ་ཞིབ་བསྡུར་དང་བསམ་གཞིགས་གཏོང་དུ་བཅུག་བྱུང་། དངོས་གནས།  གྲོང་ཁྱེར་འདི་ན་རྒྱ་མི་སྐྱེས་པ་དེས་བཤད་པའི་གནས་ཚུལ་དང་ཆ་འདྲ་བ་མང་པོ་མཐོང་མྱོང་།  དཔེར་ན།  སྐྱེས་མ་དང་ཨ་མ་རྣམས་ཀྱིས་བྱིས་པ་དང་ཅ་དངོས་ལྕི་མོ་རྒྱབ་ཏུ་ཁུར་ཏེ་ལྗིད་ཏིག་ཏིག་གི་གོམ་པ་འདེགས་འཇོག་གིས་རླངས་འཁོར་ནང་འཛུལ་དཀའ་ཞིང་།   ལྡོག་སྟེ།   ཁྱོ་ག་དང་ཡང་ན་བུ་རྣམས་ཁེར་རྐྱང་ལྷོད་འགྲོ་ཡིས་ཤབ་རྒྱུག་གིས་རླངས་འཁོར་ནང་རྐུབ་སྟེགས་རྩོད་པ་རེད།  ན་ནིང་བདག་གི་ཨ་མ་ལགས་ལ་འདས་མཆོད་སྒྲུབ་སྐབས།  ལོ་ངོ་ཉི་ཤུ་ལྷག་གི་ཡར་སྔོན་གྱི་ཚོར་པ་ལས་རྣམ་པར་འགོངས་ཏེ།   བདག་ལ་ཚོར་སྣང་ཡན་གར་བ་ཞིག་བྱིན།   ངེད་ཚང་གི་ཁང་པ་དེ་གཞི་ཁྱོན་དེ་འདྲའི་ཆེ་རྒྱུ་མེད་ནའང་།  ཁང་མིག་བཞི་ཙམ་ཡོད།  ཚ་ཐབ་སྟེང་ས་གདན་ཆ་འགྲིག་བཏིངས་ཤིང་ཅོག་ཙེའི་སྒང་ལ་ཀ་ར་སིལ་ཏོག་དང་ཤ་མར་ཚོད་གསུམ། ཐ་མག་དང་ཁ་ཏོག་སོགས་ཟས་རིགས་མང་པོ་བཤམས།  གྲལ་དཀྱིལ་དུ་གདན་དཀར་བཏིངས་པའི་སྒང་ལ་ཅོག་ཙེ་བཞག་སྟེ་སྟེང་ལ་སྡེར་ཁ་འཛོམས་ཚོད་ཀྱིས་བསྒྲིགས།   གྲལ་རྔ་རུ་གདན་ནག་བཏིངས་ཤིང་ཅོག་ཙེའི་སྒང་ལ་གོ་རེ་དང་མོག་མོག་བཞག་འདུག ལས་ཀ་དེའི་རྐང་འཛིན་བྱེད་མཁན་ཕལ་ཆེར་བུད་མེད་དག་རེད།  ཡིན་ནའང་།  མགྲོན་པོ་རྣམས་ཕེབས་ཏེ་གདན་ལ་བཞུགས་སྐབས།  ཚ་ཐབ་ནས་གྲལ་གོང་མ་དང་གྲལ་བར་མ།  གྲལ་ཞོལ་མར་བཞུགས་མཁན་མཐའ་གཅིག་ཏུ་སྐྱེས་པ་རྒན་དར་གཞོན་གསུམ་ཡིན་པ་ལས།  བུད་མེད་ལན་བུ་ཅན་གྱི་རིགས་སུ་གཏོགས་མཁན་གཅིག་ཀྱང་མི་འདུག ཡ་མཚར་པོའི་སྣང་བ་ཞིག་དང་སྦྲགས་བདག་སྒོ་རའི་ནང་སོང་བ་ན། དེ་རུ་གྱང་ཤིང་ཐབས་ཆག་རེའི་སྟེང་ལ་གོར་དམར་དང་གོར་སྐྱ་འགའ་བསྒྲིགས་ཤིང་། ཟ་འཐུང་གི་དཀར་ཡོལ་ཡང་རང་གི་མཆན་ལ་བཟུང་ནས་ཡོང་བའི་ཨ་ཡེ་ལོ་ལོན་དང་།  བུད་མེད་རྒན་དར་གཞོན་གསུམ།  དེ་མིན་བྱིས་པ་ཚོ་བཅས་ས་མཐིལ་སྟེང་ཙོག་སྟེ་ཟ་འཐུང་གི་རང་མགོ་ཐོན་ཐབས་ཙམ་བྱེད་ཀྱིན་པ་མཐོང་།  བདག་གིས་སྒོ་ར་རུ་ཁ་ཕྱིར་འཁོར་ཏེ་སྒེའུ་ཁུང་ལས་ནང་ལ་བལྟས་པ་ན། ཁྱིམ་དུ་སྡོད་མཁན་རྣམས།  ཏག་ཏག་སྒོ་རའི་ས་མཐིལ་སྟེང་འདུག་པའི་ཁོ་མོ་ཚོའི་ཁྱོ་ག་དང་བུ།  ཚ་བོ་རྣམས་རེད།  བུད་མེད་ཞབས་ཏོག་པ་རྣམས་ཀྱི་མགྲོན་སྐྱོང་ལེགས་པོ་ལ་བརྟེན་ནས་ཁོ་པ་ཚོ་བདེ་ཚོར་དང་བག་ལྷོད་ངང་ཁ་ཟས་ཀྱི་ལས་ལ་འཇུག་བཞིན་འདུག གྲ་མི་འགྲིག་པའི་རྣམ་པ་དེ་མཐོང་སྐབས། ང་རང་ཧ་ཅང་དོགས་མ་བདེ་བས་སྒོ་རའི་ནང་དུ་ལོ་ཚོད་བདག་གི་མ་རྒན་དང་མཉམ་པའི་བུད་མེད་བགྲེས་མོ་ཞིག་གི་ཕུ་ཐུང་ནས་བཟུང་སྟེ།  ཁྱིམ་གྱི་གྲལ་རྔ་རུ་སྡོད་ས་ཡོད་ཚུལ་བཤད་པ་ན།  མོས་ང་རྒན་མོ་ཞིག་སྐྱེས་པ་ཚོའི་གྲལ་དུ་འདུག་སྲོལ་ག་ལ་ཡོད་ཟེར་ནས་ས་མཐིལ་དུ་ཙོག་སྟེ་འགུལ་ཙམ་ཡང་མ་བྱས།  དེ་སྔོན་བདག་གི་ཕ་རྒན་ལོ་བརྒྱད་ཅུ་ལོན་པར་གསོན་ཆོས་བཅའ་དུས་སུ་ཡང་བུད་མེད་རྣམས་གྲང་རླུང་ལྡང་བའི་སྒོ་ར་ན་འདར་སིག་སིག་གིས་ཁ་ལག་ཟ་བའི་རྣམ་པ་དེ་མཐོང་།  དེ་རིང་ངའི་སེམས་པ་ལོ་ཉི་ཤུའི་ཡར་སྔོན་དང་བསྡུར་ན་ཧེ་བག་ཤིན་ཏུ་ཆེ་བས།  མི་སྐྱིད་པའི་ཚོར་སྣང་དྲག་པོས་གཙེས།  དེའི་ཕྱིར་ང་རང་ཆེད་དུ་སྡེ་དཔོན་ན་གཞོན་དེའི་གམ་དུ་སོང་ནས་གནས་ཚུལ་སྐྱུག་བྲོ་བ་འདི་བསྒྱུར་དགོས་པའི་བསམ་ཚུལ་བཏོན། འདས་མཆོད་སྐབས་སུ་སེར་མོ་པ་རྣམས་ལ་འབུལ་བ་འབོར་ཆེན་འགྱོག་རྒྱུ་དེ་ནི་སྲོལ་དུ་ཆགས་ཡོད།  གྲོང་ཚོའི་བུད་མེད་སྐོར་ཞིག་གིས་ཁྱིམ་ཚང་གང་ཞིག་ལ་འདས་མཆོད་སྒྲུབ་སྐབས། རང་འགུལ་གྱིས་སྨྱུང་གནས་སྲུང་ཞོར། བརྐྱངས་ཕག་ཀྱང་གྲངས་ཀ་ལོངས་ཚོད་ཅིག་འཚལ་དགོས་ཀྱི་ཡོད་པ་རེད། ཡིན་ནའང་ཁོ་མོ་ཚོའི་ལས་ཀ་རིན་མེད་དུ་བརྩིས་ནས་ཡོན་སྐར་གང་ཡང་སྟེར་སྲོལ་ཆགས་མེད།  བདག་གིས་འདྲ་མཉམ་མ་ཡིན་པའི་སྣང་ཚུལ་དེར་རྒོལ་སླད་རང་ཚོད་ཀྱིས་ལུགས་སྲོལ་དེར་རྒྱབ་འགལ་བྱས་ཏེ།  བུད་མེད་དེ་དག་ལ་འཛོམས་ཚོད་ཀྱི་ཡོན་ཉུང་ཙམ་བྱིན་པ་ན། ཁོ་མོ་ཚོ་གཞི་ནས་དོགས་མི་བདེ་བར་གྱུར་ཏེ་ཡོན་ཕྲན་བུ་དེའང་ལེན་མི་ཕོད་པའི་ཚོད་དུ་འདུག       གསུམ།   ལོ་ཁ་ཤས་ཤིག་གི་སྔོན་ལ།  ལྷ་སའི་སྔོན་བྱུང་གཏམ་རྒྱུད་ཅེས་པའི་བོད་ཀྱི་བུད་མེད་རྩོམ་པ་པོ་གཡང་སྒྲོན་ལགས་ཀྱི་བརྩམས་སྒྲུང་ཞིག་གཞིར་བཟུང་ནས་བཅོས་པའི་བརྙན་འཕྲིན་ཟློས་གར་ཞིག་བསྟན།  དེ་ལ་ཕལ་ཆེར་ལེའུ་ཉི་ཤུ་ལྷག་གྲངས་འདུག བརྙན་འཕྲིན་དེ་མཇུག་བསྡུ་སྐབས་ཀྱི་ལེའུ་ཁག་འགའ་དགོས་དབང་གིས་བཟོ་བཅོས་བརྒྱབ་འདུག་ནའང་།  ལེའུ་སྔོན་མ་དག་ཧ་ཅང་བལྟ་རི་བ་ཞིག་རེད།  རྒྱུ་མཚན་བརྙན་འཕྲིན་དེ་ལས་བདག་གིས་རང་རིགས་ཀྱི་གོམས་སྲོལ་འགྲོ་སྟངས་རྣལ་མ་ཉུང་ཙམ་ཞིག་ལ་རྒྱུས་ལོན་བྱེད་ཐུབ་པ་བྱུང་།  དེ་དག་ལས་བག་ཆགས་ཆེས་ཟབ་པ་ནི།  ༡.བརྙན་འཕྲིན་ལེ་ཚན་ཞིག་གི་ནང་།  གཡོག་མོ་གཞོན་ནུ་མ་ཞིག་ཡོད་པ་དེས་ཐབ་ཚང་དུ་མེ་གཏོང་སྐབས་གཉིད་ལྕོག་ཏོག་ཙམ་བརྒྱབ་མཚམས་བདག་པོས་སྐད་བཏང་བ་ཐོས་མ་སོང་།  དེ་མ་ཐག་བདག་པོ་ཐབ་ཚང་དུ་ཡོང་སྟེ་མེ་སྒོང་དམར་པོ་ཞིག་སྐྱོགས་སུ་བླངས་ཏེ་གཉིད་མ་སད་དུ་གནས་པའི་གཞོན་ནུ་མ་དེའི་གཉའ་ལྟག་ཏུ་བླུགས།    ༢.ཡང་ལེའུ་གཞན་ཞིག་གི་ནང་། ཏག་ཏག་གཡོག་མོ་གཞོན་ནུ་མ་དེ་རེད།   ཁྱིམ་ཚང་དེར་སྐུ་སྲས་གཞོན་ནུ་ངན་པ་ལང་ཤོར་ཞིག་ཡོད་པ་དེས་རྟག་ཏུ་བུ་མོ་དེ་བྱོལ་སོང་བཞིན་གཡོག་ཏུ་བཀོལ་བས་མི་ཚད།  ཁོ་རང་གྲོགས་པོ་ཚོ་དང་མཉམ་དུ་མཚན་མོའི་ཇ་ཆང་ལ་རོལ་དུས། བག་ལྷོད་དང་སྐྱིད་ཚོར་ཡོང་སླད།  ཆང་གྲོགས་གཞན་རྣམས་ལ་རྒྱལ་བཙུགས་ཏེ། གཡོག་མོ་གཞོན་ནུ་མ་དེ་སྐྱེས་པ་དར་མ་དག་དང་འཇུ་རེས་བྱེད་དུ་བཅུག་པ་རེད།  བུ་མོ་དེ་འཇུ་རེས་ལས་རྒྱལ་ན་ཉེས་ཆད་གཅོད་མི་དགོས་པ་དང་།  གལ་ཏེ་བུ་མོ་དེར་ཕམ་ཉེས་རག་ཚེ།  སྐྱེས་པ་གཞོན་ནུ་མང་པོས་མོ་རང་མི་ཚོགས་ཀྱི་མདུན་དུ་བཙན་གྱིས་ཕྱུ་པ་བཤུས་ཏེ་གཅེར་བུར་བཏང་རྗེས་བརྙས་བཅོས་བྱེད་པ་རེད། གོང་གི་བརྙན་འཕྲིན་པར་གཞི་ཚན་པ་དང་པོ་དེ་ལས།  ང་ཚོའི་རིག་གནས་ཡིན་ན་འདྲ་སྲོལ་རྒྱུན་ཡིན་ནའང་འདྲ་ཕྱུག་པོས་དབུལ་པོའི་རྩིས་ཐང་ལ་རྡོག་བརྫིས་དང་མི་གཤིས་རྩ་མེད་དུ་གཏོང་བའི་གདུག་རྩུབ་ཀྱི་ཆ་དེ་རྗེན་པར་མངོན་འདུག ཚན་པ་གཉིས་པ་ལས་སྲོལ་རྒྱུན་གྱི་ཆུ་རྒྱུན་རིང་མོའི་ནང་འུ་ཅག་བོད་པས་བུད་མེད་ལ་གནང་བའི་གོ་གནས་དག་གསལ་ལྷང་ངེར་བསྟན་པ་མ་ཡིན་ནམ།   བཞི། ཕ་ཡུལ་དུ་ལས་བྱེད་མནའ་མ་ཞིག་ལ་བསྟུད་མར་བུ་མོ་གཉིས་སྐྱེས་རྗེས།   སྒྱུག་པོ་སྒྱུག་མོ་སོགས་ཀྱིས་མནའ་མར་སྡང་སྡུག་བྱས་པས་ཁོ་ཚོའི་འབྲེལ་བ་བཙོག་པོར་གྱུར་ནས།  ད་སྔ་ཕན་ཚུན་འགྲོ་འོང་ཙམ་ལས་མེད་པ་ཆགས་འདུག་ཟེར།   ལར་མནའ་མ་དེ་ནི་རོང་འབྲོག་ཁུལ་གྱི་བུད་མེད་ཅིག་མ་ཡིན་པར།  གང་འཚམ་གྱི་སློབ་གསོ་ཐོབ་སྟེ་གཞུང་གི་ཕོགས་ཟ་མཁན་ཞིག་རེད།  རང་ཁ་རང་གསོ་བྱེད་པའི་བུད་མེད་ལས་བྱེད་དག་གིས་བྱིས་པ་ཅི་ཞིག་སྐྱེ་མིན་ལ་སྒྱུག་པོ་སྒྱུག་མོ་སོགས་ཀྱིས་ཐེ་གཏོགས་བྱེད་ན།  རོང་འབྲོག་ཕྱོགས་ཀྱི་མནའ་མ་རྣམས་ལ་ལྟ་ཅི་སྨོས། སྲོལ་འདི་ཕལ་ཆེར་རྒྱ་མི་རིགས་ཀྱི་ཕོ་མཆོག་མོ་དམན་གྱི་འདུ་ཤེས་ཪྙིང་པ་དང་ཆ་འདྲ་པོ་འདུག སྤྱིར་ཕྲུ་གུ་ཕོ་མོ་གང་རུང་སྐྱེ་རྒྱུ་དེ་བུད་མེད་དང་འབྲེལ་བ་གཏན་ནས་ཡོད་པ་མ་རེད།   ལྡོག་སྟེ་སྐྱེས་པ་དང་འབྲེལ་བ་ཡོད་པ་རེད།  དེའི་རྒྱུ་མཚན།   བུད་མེད་ཀྱི་ཁམས་དམར་ལXཚོས་ལེན་རྫས་ཕྲ་གཉིས་ཡོད་པ་དང་།   སྐྱེས་པའི་ཁམས་དཀར་ལXདངYཡི་ཚོས་ལེན་རྫས་ཕྲ་རེ་ཡོད་པ་རེད། ཕོ་མོ་གཉིས་ལུས་འབྲེལ་བྱུང་སྐབས།   སྐྱེས་པའི་ཁམས་དཀར་གྱི་ཕྲ་ཕུངYཚོས་ལེན་རྫས་ཕྲ་དང་བུད་མེད་ཀྱི་ཁམས་དམར་གྱི་ཕྲ་ཕུངXཚོས་ལེན་རྫས་ཕྲ་གཉིས་འཕྲད་དུས་ཕྲུ་གུ་བུ་སྐྱེ་བ་དང་།  ཡང་བུད་མེད་ཀྱི་ཁམས་དམར་ཁྲོད་ཀྱི་ཕྲ་ཕུངXཚོས་ལེན་རྫས་ཕྲ་དང་སྐྱེས་པའི་ཁམས་དཀར་ནང་གི་ཕྲ་ཕུངXཚོས་ལེན་རྫས་ཕྲ་གཉིས་འཕྲད་ཚེ་ཕྲུ་གུ་བུ་མོ་སྐྱེ་བ་རེད།  དེ་བས་ཕྲུ་གུ་ཕོ་མོ་གང་སྐྱེ་རྒྱུ་བུད་མེད་ལ་འབྲེལ་བ་ཅི་ཡང་ཡོད་པ་མ་རེད།  རྒྱུ་མཚན་བུད་མེད་ཀྱི་ཁམས་དམར་ཕྲ་ཕུང་དུXཚོས་ལེན་རྫས་ཕྲ་མ་གཏོགས་མེད་པས་རེད།  གནས་ལུགས་འདི་ནི་ཚན་རིག་གིས་སྔ་མོ་ནས་བརྟག་དཔྱད་ར་སྤྲོད་བྱས་ཟིན་པ་ཞིག་རེད།     

བུད་མེད་ཅིག་གི་ལམ་བུ།  

  ཡུགས་ས་མ་དེས་ཨེན་ཙམ་གྱིས་རང་གི་བུ་མོ་ཡང་རྔ་ལམ་དུ་བརྫངས་སོང་ཟེར། བདག་གི་དྲན་ཤེས་ཀྱི་རྟ་ཕོ་རྒྱུག་ཐེངས་གཅིག་གིས་ལོ་ངོ་ཉི་ཤུའི་ཡར་སྔོན་གྱི་དཔྱིད་དུས་ཀྱི་ཉིན་མོ་ཞིག་ལ་སླེབས།   ལུས་ལ་ཚི་ལེན་དཀར་རྐྱང་དང་རས་རྐྱང་ཕྱུ་པ་ནག་པོའི་མཐའ་ལ་ཕྲུག་ཁྲ་སོར་མོ་དོ་ཙམ་བརྒྱབ་པའི་སྟེང་སྐེ་རགས་གློ་དམར་བཅིངས་ཤིང་རྒྱབ་ཏུ་འཇའ་ཚོན་སྣ་ལྔའི་མདངས་དང་ལྡན་པའི་སྐྲ་ལུང་ཆ་འགྲིག་མ་ཞིག་གི་ནང་གཡུ་བྱུར་ཚགས་ལྷོད་རན་པོ་བཏིངས་པའི་གོང་དུ་སྐྲ་མདུད་དམར་པོ་སྤྲས་ཤིང་མགོ་རས་དཀར་པོ་དཀྲིས་པ་སོགས་ཀྱི་ཚོས་གཞིའི་ཁྱད་པར་ཤིན་ཏུ་ཆེ་ནའང་། སྐྱེས་གཟུགས་ཕྲ་ཞིང་ཞལ་རས་དཀར་ལ་དམར་མདངས་ཆགས་པའི་གཞོན་ཤའི་སྟེང་མིག་དཀྱུས་རིང་ལ་སྣ་གཟེངས་མཐོ་བ་སོགས་ཀྱི་ལང་ཚོའི་ཁོ་ལག་རྫོགས་ཐོག་བོད་མོའི་ཁྱད་ཆོས་ཀྱང་དོད་པོ་ལྡན་གཤིས་མིག་ལ་མཛེས་ཤིང་བློ་ལ་འབབ་པའི་ཚོར་སྣང་ཞིག་དབང་མེད་དུ་སྐྱེས་ཡོང་།  མོ་བལྟས་ཚོད་དུ་ལོ་བཅུ་དྲུག་བཅུ་བདུན་ཙམ་ལ་སླེབས་འདུག སྐབས་དེར་ང་རང་མི་རིགས་དགེ་ཐོན་སློབ་གྲྭ་འགྲིམ་བཞིན་པའི་སྒང་ཡིན། ལན་དེར་སློབ་གྲྭའི་གུང་གསེང་ཕྲན་བུ་རག་ཙང་ཕ་ཡུལ་དུ་ཐེངས་ཤིག་ལོག་པ་ཡིན། ཉིན་དེར་ང་རང་ཏག་ཏག་ཁྱིམ་མིའི་ཚབ་ཏུ་སྡོང་ཕྲུག་འཛུགས་སུ་སོང་བ་ཡིན་པས།  བུ་མོ་དེ་མཐོང་བ་ཐོག་མ་ཡིན། ང་རང་ལས་ཚུགས་སུ་སླེབས་ཙམ་ན་ལས་མགོའང་བརྩམས་སོང་།  སེམས་སུ་ཕོ་བརྒྱ་སེམས་པ་ཤོར་ས་དང་མོ་བརྒྱ་སྙིང་རླུང་ལངས་སའི་མེ་ཏོག་པད་མ་འདྲ་བའི་བུ་མོ་འདི་སུ་ཚང་གི་བག་མ་ཡིན་ནམ། ཕ་བཟང་གི་བུ་མོ་རིགས་བཟང་མ། མ་བཟང་གི་བུ་མོ་བཞིན་བཟང་མ་ཟེར་བ་འདི་འདྲ་ཞིག་མིན་ནམ། ཁྱོ་ག་དེར་དངོས་གནས་བསོད་ནམས་ཆེན་པོ་འདུག་སྙམ་ཞིང་དོང་བུ་བརྐོས་ཏེ་སྡོང་ཕྲུག་བཙུགས། མི་རེ་ལ་སྡོང་ཕྲུག་འཛུགས་པའི་འགན་བཞག་ཡོད་ཕྱིར་ངལ་རྩོལ་པ་ཚང་མ་ཚ་ཚ་འུར་འུར་གྱིས་སྡོང་ཕྲུག་འཛུགས་པའི་ལས་ལ་བྲེལ། བདག་གིས་ཀྱང་རྔུལ་ཆུ་ཕྲུམ་ཕྲུམ་ངང་འགན་ཁུར་འགྲུབ་པར་གང་ནུས་བྱས། དེ་བཞིན་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཆུ་ཚོད་གཉིས་རིམ་བཞིན་འདས་པ་ན། སྡེ་དཔོན་གྱིས་གཞི་ནས་ངལ་གསོའི་བརྡ་བརྒྱབ་པ་དང་ངལ་རྩོལ་པ་ཚང་མས་ལས་མཚམས་བཞག་སྟེ་རང་རང་གི་དགའ་ཁ་འཁྱེར་ཕྱོགས་ལྟར་ཁྱུ་ཁྱུ་བྱས་བསྡད་དེ་གཏམ་གླེང་ཅི་རིགས་ཀྱི་འགོ་བརྩམས། ང་རང་ཡང་བུ་མོ་བག་མ་འདུས་པའི་བུད་མེད་སྐོར་ཁྱུ་དེའི་ནང་ཞུགས།  ལས་ཀའི་བར་མཚམས་ཀྱི་ངལ་གསོའི་འཕྲོས་མོལ་ཅི་རིགས་ལས།  ངས་ད་གཟོད་ཁོ་མོ་ང་ཚོའི་སྡེ་བའི་ལས་བྱེད་པ་ཞིག་གི་ཆུང་མ་ཡིན་པ་ཤེས།  མ་ཟད།  མོའི་ཨ་མ་ནི་མོ་རང་ལོ་ན་ཕྲ་བའི་དུས་སུ་ཚེ་ལས་འདས་པ་དང་། དེའི་རྗེས་ཨ་ཕས་ཀྱང་མོ་རང་བསྐྱུར་ཏེ་སྡེ་བ་དེའི་ནང་ཚང་གཞན་དུ་མག་པར་ཕྱིན་སོང་བ། མོ་རང་ང་ཚོའི་གྲོང་ཚོ་དེར་མ་ཡོང་སྔོན་ལ་ཕུ་བོ་དང་མཉམ་དུ་འཚོ་སྡོད་བྱས་ཡོད་པ་ཤེས།  གནས་ཚུལ་དེ་རྟོགས་རྗེས་བུད་མེད་རེ་འགས་མོའི་ཀྱག་ཀྱོག་གི་མི་ཚེའི་ལམ་བུ་དེར་གདུང་སེམས་སྐྱེས་ཏེ་དངན་པའང་ངང་གིས་འཆོར་གྱིན་འདུག བདག་གི་སེམས་པར་ཡང་ལོ་ཆུང་བྱིས་པའི་དུས་ལ་དྲིན་ཆེན་མ་ལོ་དང་མ་ཤི་གསོན་བྲལ་བྱས་པ་དེ་ནི་བྱིས་པ་ཞིག་ལ་མཚོན་ན་ཆེས་ཡ་ང་བའི་དོན་བ་ཞིག་ཡིན་ཐོག ཨ་ཕས་ཀྱང་མོ་རང་བསྐྱུར་ཏེ་མག་པར་ཕྱིན་སོང་བས་ཨ་ཕ་དེ་ཅི་འདྲའི་མི་ཅོལ་ཆུང་མདོ་མེད་ཅིག་རེད་བསམ་མོད།  ཡང་མ་འདས་ཕ་ཤོར་གྱི་རྗེས་སུ་ཏན་ཏན་ཁྱོ་ག་ཡག་པོ་ཞིག་དང་ཕྲད་པ་འདི་དཀོན་མཆོག་གིས་མོ་ལ་ཐུགས་རྗེས་གཟིགས་པ་མིན་ནམ་སྙམ། ང་རང་ལས་བྱེད་བྱས་རྗེས་ཕ་ཡུལ་དུ་ལོག་ཐེངས་ཉུང་ནའང་། ཡུལ་མི་ཚོའི་ཁ་ནས་བག་མ་དེ་དང་འབྲེལ་ཡོད་ཀྱི་གཏམ་གླེང་མང་པོ་ཐོས་ཀྱིན་འདུག དང་ཐོག་གི་བག་ཆགས་ཐོག་མ་དེའི་རྐྱེན་ནམ་གང་ཡིན་གསལ་བོར་མི་ཤེས་ནའང་། ང་ཁོ་མོའི་གཏམ་རྒྱུད་ལ་ཉན་རྒྱུར་ཧ་ཅང་དགའ་པོ་ཡོད། ཐོས་པ་ཡིན་ན།  མོ་རང་དང་ཐོག་ལུང་པ་དེར་འབྱོར་ཙམ་ལ།  རི་ནས་འབུད་ཤིང་འཐུ་སྐབས་བོང་བུར་ཁལ་འགེལ་མ་ཤེས་པར་གཞན་གྱིས་འཕྱ་སྨོད་དང་། སྟོན་ཐོག་བསྡུ་སྐབས་ཞིང་འབྲེག་གི་ལས་ལ་བང་ཆ་མེད་ཕྱིར་ནང་མིས་ཟུར་ཟ་བྱས་པ་རེད་ཟེར། སྤྱིར་དེ་ནི་ཁོ་མོ་གཅིག་པུའི་ལས་དབང་ཙམ་མ་ཡིན་པར་ལུང་པ་དེའི་མནའ་མ་ཀུན་གྱི་སྤྱི་མཐུན་གྱི་ལས་དབང་རང་རེད།  མནའ་མའི་ཟས་གཡོ་ལག་བཅུད་ཀྱི་ཆེ་ཆུང་དང་ཁྱིམ་ལས་བཟང་ཞན། ཟ་མཁས་འཐུང་མཁས་བྱེད་ཤེས་མིན་སོགས་ལ་ལྐོག་ལབ་རྒྱག་རྒྱུ་ནི་གྲོང་ཚོ་དེའི་ཡུལ་མི་ཀུན་གྱི་དགའ་ཕྱོགས་ཉག་གཅིག་ཏུ་གྱུར་འདུག དུས་དེར་མོའི་དང་ཐོག་གི་ལང་ཚོ་ཡོངས་སུ་ཤོར་ཏེ་རྒས་ཉམས་ཤར་འདུག་ཅིང་གྱོན་ཆས་ཀྱང་འཇའ་ཚོན་སྣ་ལྔའི་མདངས་ལྡན་གྱི་ཚོས་གཞི་ཡལ་ཏེ་ཧྲལ་ཧྲུལ་དུ་གྱུར་པར་སྣང་། ཅི་སྟེ་དེ་འདྲ་ཡིན་ནའང་མོ་རང་སྔ་མོ་ནས་ཕྲུ་གུ་ཁ་ཤས་ཀྱི་ཨ་མར་གྱུར་འདུག་པ་རེད། ལར་དེ་ནི་བུད་མེད་ཅིག་ལ་མཚོན་ན་བརྩེ་དུང་གི་འབྲས་བུ་སྨིན་པ་དང་མནའ་མའི་གོ་གནས་འཕགས་པའི་གོ་སྐབས་ལེགས་པོ་ཞིག་རེད་མོད། མོ་རང་དེ་ལས་ལྡོག་སྟེ་ནང་ཚང་དེར་སྙིད་མོ་ལས་བྱེད་རེ་གཉིས་ཡོད་པ་ལོ་གསར་ཚེས་མགོ་དང་གུང་གསེང་དུས་ཆེན་སོགས་ཕ་ཡུལ་དུ་ལོག་ཙ་ན།  སྲུ་མོས་ཕ་མར་མ་གཅེས་མ་བཀུར་མ་འཁྱོངས་མ་ནུས་སོགས་ཆ་འཇོག་མེད་པའི་ཅོལ་གཏམ་སྣ་ཚོགས་བསྒྲགས་ཏེ་ཁོ་མོར་མནར་གཅོད་དང་།  སྒྱུག་པོ་སྒྱུག་མོར་མ་འཆམ་མ་འདྲིས་པ་དང་འབྲེལ་དཔྱིད་ཀའི་དུས་སུ་རླུང་འཚུབ་ས་རྡུལ་ནང་ལུད་སྐྱེལ་སོན་འདེབས་ནས། དབར་ཁའི་ཆར་ཆུ་དང་ཙད་པའི་ནང་ཞིང་ཆུ་འདྲེན་པ་ཡུར་མ་ཡུར་བ།  ཕག་ལྡུམ་འཐུ་རྒྱུ།  སྟོན་ཀའི་ཚ་རྨུགས་འཐིབས་པའི་ནང་ཞིང་འབྲེག་སྟོན་བསྡུ།  ཕྱེ་འཐག་རྩྭ་འཐུ།  དགུན་ཁའི་ཁ་བ་བུ་ཡུག་ཁྲོད་ཐལ་གསོག་ལུད་གསོག་སྟེང་རི་མགོར་ཕྱུགས་རྗེས་སྙེག་ཞོར།  འབུད་ཤིང་འཐུ་བ་སོགས་ཉིན་རེའི་ཁྱིམ་ལས་ཙག་ཙིག་མ་ལུས་ཐམས་ཅད་ཀྱི་ཁར་བྱིས་སྙོར་རྒན་གསོ། ཟས་བཟོ་འཚེམ་དྲུབ་ལ་སོགས་ཀྱི་ལས་ཀ་ཐམས་ཅད་བྱེད་པོ་མོ་རང་གཅིག་པུ་ཡིན་སྟབས། ལུས་ཀྱི་དཀའ་ཚེགས་དང་སེམས་ཀྱི་མནར་གཅོད་ཐེག་དཀའ་བའི་སྟེང་འཁོས་ཞན་དབང་ཆུང་གི་གནས་སུའང་ལྷུང་འདུག་པ་རེད་ཟེར།  མོའི་ཁྱོ་གས་མོ་རང་དང་བར་ཐག་ས་སྤྱི་ལེ་སུམ་ཅུས་བསྐལ་བའི་གྲོང་བརྡལ་ཆུང་ཆུང་ཞིག་ན་ལས་ཀ་བྱེད་གི་ཡོད་པ་རེད། ཁོ་པ་མི་གཤིས་ཡག་ཅིང་རང་བཞིན་དྲང་བ།  ཕ་མར་བཀུར་ཞིང་ཕྲུ་གུར་བརྩེ་བ།  ཆུང་མར་བྱམས་ཤིང་སྤུན་ཟླར་འཆམ་པ་སོགས་ཀྱི་གཉེན་སྲེད་ཆེ་ཞིང་ཁྱིམ་ཐབ་ཀྱི་འདུ་ཤེས་དྲག་པས་དགུན་ཤ་དང་མར་ཆུར་སོགས་ཁྱིམ་མིའི་འཚོ་ཐབས་ཡག་པོ་སྦྱར་སྟེང་ཕ་མ་གཉི་གའི་རྒྱབ་ལ་གོས་འཇམ་དྲོན་མོ་དང་།  ཁ་ལ་ཀ་ར་བུ་རམ། ལག་ལ་སྒོར་མོ་ཐོགས་མེད་ཀྱི་གསོལ་རས་འབུལ་ཡི་ཡོད་ཕྱིར་སྡེ་མི་ཀུན་གྱི་མིག་དཔེ་བལྟ་ས་དང་བསྔགས་བརྗོད་ཀྱི་མཐེ་བོང་ཀེར་ས་རུ་གྱུར་ཡོད་པ་རེད། ཁོ་པས་བདག་ལའང་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་པ་ནི། སྤྱིར་ང་ཚོའི་གྲོང་ཚོ་དེར་ལས་བྱེད་མི་སྣ་ཁ་ཤས་འདུག་ནའང་ཁོ་རང་ལས་བྱེད་གཞན་དག་དང་གཏན་ནས་མི་མཚུངས་པར་ལོ་གསར་ཚེས་མགོར་ལོ་ཆང་དང་ལོ་སིལ་སོགས་ཀྱི་ལག་རྟགས་ཕྲན་བུ་རེ་ཁྱེར་ཏེ་རྒན་པའི་ཁྱིམ་ཚང་དག་ལ་ཉེ་རིང་མེད་པར་ལོ་གསར་སྐྱེལ་བ་དེ་རེད། དེ་ནི་ང་ཚོའི་གྲོང་ཚོ་ལ་མཚོན་ནའང་རྒན་པར་གུས་ཞབས་བྱས་པའི་སྲོལ་བཟང་དུ་བརྩི་ཡི་ཡོད་པ་རེད། ཁྱོ་གའི་ཕ་མར་ལྟ་སྐྱོང་བྱེད་མཁན་མེད་པས་གནས་སྐབས་སུ་མོ་རང་ཁྱིམ་དུ་བསྡད་དེ་ཕ་མ་ཟུང་ལ་སྲི་ཞུ་སྒྲུབ་པ་རེད། ཁྱོ་ཤུག་ཕན་ཚུན་བརྩེ་འདང་ཡོད་པ་བསྟུད་མར་བྱིས་པ་བཞི་སྐྱེས་པ་ལས་ཀྱང་ཤེས་ཐུབ་སྙམ་མོད་ཀྱང་། ཁུངས་བཙུན་པོ་མིན་པའི་གཏམ་ལྟར་ན། འཆར་ལྡན་བུ་སྐྱེའི་སྲིད་ཇུས་ནན་མོའི་འོག་དུས་ཡུན་ཐུང་ཐུང་ནང་མོ་རང་བྱིས་པ་བཞིའི་ཨ་མ་རུ་གྱུར་པ་དེ་གཙོ་བོ་བུ་མོ་གསུམ་སྐྱེས་པའི་རྗེས་ཀྱི་བུ་དེར་དམིགས་པ་རེད་ཟེར། ལོ་བདུན་བརྒྱད་ཙམ་སྔོན་གྱི་ལོ་གསར་ཞིག་ལ་ངེད་བཟའ་མི་ཚོ་ཕ་ཡུལ་དུ་ལོ་གསར་བར་སོང་བ་ཡིན། ལོ་དེའི་གནམ་གང་ཉིན་ང་ཚོའི་གྲོང་ཚོ་དེར་གནམ་ས་གཡོ་འགུལ་བྱེད་པའི་རྐྱེན་ངན་གོད་ཆག་ཅིག་བྱུང་། མནའ་མ་དེའི་ཁྱོ་ག་ལས་ཁུངས་ཀྱི་སྡོད་ཤག་ཏུ་མི་ཞིག་གིས་མེ་མདས་བསྟུད་མར་ཐེངས་གཉིས་བརྒྱབ་སྟེ་བསད་རྗེས། གསོད་མཁན་རང་ཉིད་ཀྱང་རང་ཤི་བརྒྱབ་འདུག གསོད་མཁན་དེ་ཏག་ཏག་ཁོ་རང་གི་ལས་གྲོགས་ཤིག་ཡིན་པ་རེད། ཁོ་གཉིས་ཀྱི་རྩོད་གཞི་གང་ཡིན་གསལ་བོར་མི་ཤེས་རུང་།  མི་གསོད་ཀྱི་དོན་རྐྱེན་དེ་བྱུང་ཚར་བ་དངོས་གནས་རེད།  ཁྱོ་ག་དེ་མ་འདས་སྔོན་ཉིན་མར་ཕ་ཡུལ་ལ་ལོག་གྲབས་ཀྱིས་སྦག་འཁོར་ལ་ཞོན་ནས་གྲོང་བརྡལ་ཆུང་ཆུང་དེའི་བཞི་མདོ་རུ་སླེབས་སྐབས་ཕ་ཡུལ་གྱི་ཡུལ་མི་རླངས་འཁོར་ཡོད་མཁན་ཞིག་ལ་ཕྲད་པ་ན། ཁོ་པས་ལག་གི་ཅ་དངོས་སྒམ་ཆུང་ཞིག་ཡོད་པ་སྡེ་མི་ལ་བསྐུར་ཏེ་ནང་ཚང་ལ་སྟེར་བར་མངགས་ཆ་བས་རྗེས། རང་ཉིད་མགྱོགས་པོར་ལོག་ཡོང་ཞེས་བཤད་ཞོར།  སྦག་འཁོར་ལ་ཞོན་ནས་ཕྱིར་རང་གི་སྡོད་ཤག་ཏུ་ཅ་དངོས་གཏིང་བརྗེད་སོང་བ་གང་རིགས་ལེན་དུ་སོང་བ་རེད། དེ་ལྟར་ཉིན་གཅིག་སོང་གཉིས་སོང་མཐར་བོད་ལོའི་གནམ་གང་ཉིན་ལ་སླེབས་ཀྱང་། ཁོ་པ་ད་དུང་ལོག་མི་ཡོང་བར་མ་ཟད་གནས་ཚུལ་སྦྲང་སྐད་ཙམ་ཡང་གོ་ཐོས་མེད་ཕྱིར།  ཁྱིམ་མི་རྣམས་གཞི་ནས་སེམས་འཚིག་སྟེ་སྡོད་མ་ཚུགས་པར་བུ་སྤུན་གཅིག་དང་གཉེན་ཉེ་འགའ་མངགས་ནས་སྡོད་ཤག་ཏུ་འབྱོར་སྐབས་འཇིགས་ཡེར་བའི་དོན་རྐྱེན་དེ་བྱུང་བ་དང་ཕྲད།  གནས་ཚུལ་དེ་ཇི་བཞིན་ཆུང་མས་ཐོས་རྗེས།  མོ་རང་རྒྱུག་ཐེངས་གཅིག་གིས་ས་སྤྱི་ལེ་ཉི་ཤུ་ཙམ་ལ་སླེབས་མཚམས་སུ་རྗེས་སྙེག་པས་རྗེས་ཆོད་དེ་ཕྱིར་གྲོང་ཚོའི་ནང་ཁྲིད་ཡོང་བ་རེད། མཚན་མོ་དེར་གྲོང་ཚོ་གཞན་རྣམས་སྔར་མུས་བཞིན་གནམ་ཐུག་འཐུང་ཞོར་ཤོག་སྦག་བརྒྱབ་སྟེ་གནམ་གང་གི་དཔལ་ལ་རོལ་ནའང་། ང་ཚོའི་གྲོང་ཚོ་དེར་སྐྱོ་གདུང་གི་མཁའ་དབུགས་སྟུག་པོའི་ཁྲོད་དབུགས་ཀྱང་ལེན་དཀའ་བའི་ཚོར་སྣང་དང་འབྲེལ་སྐྱེས་པ་ཚོས་ཁ་ནས་མ་ཎི་བགྲང་བཞིན་འདས་པོའི་བེམ་པོ་ཁུར་ཏེ་རི་ལ་དུར་སྦས་བྱེད་དུ་སོང་། བུད་མེད་ཚོས་མིག་ཆུ་འབྱིད་ཞོར་ཁ་ལག་བཟོས་ཏེ་སྐར་མ་ས་ཕྱིར་ཡོང་གི་ཞབས་ཏོག་ལ་བྲེལ། འདས་པོའི་ཆུང་མ་གཙོས་ཨ་མ་འདུས་པའི་མོ་སྤུན་རྣམས་ངུ་ཤུམ་འཛེར་འཛེར་ཁྲོད་གནམ་གང་གི་མཚན་མོ་བཙན་གྱིས་སྐྱ་གསལ་དུ་བཏང་། རྐྱེན་ངན་བར་ཆད་དེ་བྱུང་བའི་ཉིན་རེ་གཉིས་ཀྱི་རྗེས་སུ་སྡེ་བའི་ལུགས་སྲོལ་ལྟར་འདས་མཆོད་སྒྲུབ་སྐབས་ང་རང་ཡང་ཁོ་མོའི་མིག་སྔུན་ལ་སོང་བ་ཡིན། མོ་རང་སྐྱོ་སྡུག་གི་རྒྱ་མཚོའི་འཇིངས་སུ་ལྷུང་སྟེ་སྡུག་གི་མཆི་མའང་སྐམས་འདུག་པ་མཐོང་དུས་བདག་ལ་གློ་སྙིང་བལ་བའི་ཚོར་སྣང་སྐྱེས། ལས་བསྐོས་ཀྱིས་མོ་རང་ཡང་བསྐྱར་མི་ཚེའི་ལམ་འཕྲང་ཀྱག་ཀྱོག་སྟེང་གོམ་པ་གཉིས་པ་སྤོ་རུ་བཅུག ལོ་ཡི་འཁོར་མོ་རིམ་བཞིན་འདས་ནའང་ཁྱོ་ག་གྲོངས་པའི་དྲན་སྣང་དང་སྐྱོ་གདུང་ཇེ་དྲག་ནས་ཇེ་ཐུ་རུ་ཕྱིན་ཞིང་མོ་དང་ནང་མིའི་འབྲེལ་བའང་སྔར་ལས་ཪྙོག་འཛིང་དང་ཛ་དྲག་ཏུ་གྱུར་པ་དང་བསྟུན་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་ཀྱང་མ་ལེགས་མ་བྱུང་བའི་ངན་ཁག་ཆ་ཚང་ཁོ་མོ་གཅིག་པུའི་སྟེང་དཀྲིས་ཏེ་གཏམ་གླེང་སྣ་ཚོགས་ཕུ་ཆུ་བརྡོལ་བརྡོལ་བྱུང་། དེ་བཞིན་མོའི་འཚོ་གནས་ཀྱི་དཀའ་སྡུག་ཉིན་སྦྲེལ་བསྟུད་མཐུད་ཀྱིས་ཇེ་སྡུག་ཇེ་ལོད་དུ་གྱུར་ཏེ། འཚོ་བའང་འཁྱོལ་ཐབས་བྲལ་མཐར་གྲོང་ཚོའི་ནང་གི་རྒན་རབས་པ་འགར་མོ་རང་ཁྱིམ་དེ་ནས་ལོགས་སུ་བུད་དེ་ཕྲུ་གུ་ཚོ་དང་མཉམ་དུ་འཚོ་རྒྱུའི་ཞུ་བ་བྱས་ཀྱང་ཁ་ཡ་བྱེད་མཁན་ཆེན་པོ་མ་བྱུང་། བཤད་ཚུལ་ལྟར་ན།  ལས་བྱེད་གང་ཞིག་འདས་རྗེས་རྒྱལ་ཁབ་ཀྱིས་འདས་པོའི་བྱིས་པ་ལོ་བཅོ་བརྒྱད་མ་ཟིན་སྔོན་དུ་འཚོ་བའི་ཁ་གསབ་ཉུང་ངུ་ཙམ་དང་ཡང་ཆུང་མ་དེ་ཁྱོ་ག་གཞན་དང་གཉེན་མ་བསྒྲིགས་བར་དུ་འཚོ་བའི་ཁ་གསབ་ཕྲན་བུ་ཙམ་སྟེར་བ་རེད་ཟེར། ནང་ཚང་གིས་སྒོར་མོ་ཕྲན་བུ་དེའང་ཤུལ་དུ་ལུས་པའི་མ་བུ་ཚོར་མ་སྤྲད་པར་ཁྱོ་ག་འདས་པོར་སྤུན་ཞིག་ཡོད་པ་དེའི་བྱིས་པའི་སློབ་ཡོན་ལ་བྱིན་པ་རེད་ཟེར།  དེ་ཡང་རྩོད་གཞི་མང་པོའི་ཁྲོད་ཀྱི་རྩོད་དོན་ཆུང་ཆུང་ཞིག་ཏུ་གྱུར་ཡོད་ཚོད་རེད། ནང་ཚང་དེའི་ཁྱིམ་མིའི་འབྲེལ་བ་སྡུག་ཐག་ཆོད་པའི་དུས་སུ་སླེབས་པ་ཐག་རིང་ཡུལ་གྱི་གཉེན་མིས་ཀྱང་ཐོས་ནས་གྲོང་ཚོ་དེར་ཐེངས་འགར་བལྟ་རུ་ཡོང་བ་རེད།  སྐབས་དེར་ནང་ཚང་གཞན་དུ་མག་པར་ཕྱིན་པའི་ཨ་ཕས་ཀྱང་རང་གི་བུ་མོས་སྡུག་བསྔལ་ཟས་དང་མཆི་མ་བཏུང་བ་བྱས་ནས་སྡོད་པའི་བསམ་ཡུལ་ལས་འགོངས་པའི་འཚོ་བ་སྐྱོ་མོ་རོལ་བ་ཤེས་རྗེས་བློས་མ་ཐོངས་པར།  ཐེངས་འགར་བུ་མོར་བལྟ་རུ་ཡོང་བར་མ་ཟད་ཁྱིམ་གཞི་སོ་སོར་དགར་བའི་གྲོས་མོལ་ཡང་བྱས། ཡིན་ནའང་བག་ཡུལ་གྱིས་ཡ་ལན་དང་རུང་བསྟུན་གང་ཡང་མ་བྱས་ཕྱིར།  ཨ་ཕ་འ་ཆད་འུ་ཐུག་སྟེ་ཕྱིར་ཕ་ཡུལ་དུ་མི་ལོག་ཐབས་མེད་བྱུང་། འགྲོ་ཁ་རེ་ལ་བུ་མོ་ཕྱིར་ཕ་ཡུལ་དུ་ལོག་པའི་ཞུ་བ་དང་སྦྲགས་ཕ་ཡུལ་ནས་ཁྱིམ་གཞི་གསར་འཛུགས་བྱེད་པར་ཁས་འཆེས་ཀྱང་བུ་མོ་དེར་མོས་མཐུན་བྱུང་མ་སོང་བ་རེད། རྒྱུ་མཚན་གང་ཡིན་ད་ཕན་ད་དུང་ཧ་གོ་མ་སོང་། དེ་ནས་ལོ་དུ་མའི་རྗེས་ཀྱི་སྟོན་མཇུག་ཅིག་ལ་མོ་རང་ཁྱིམ་ཚང་དེ་དང་གྲོང་ཚོ་དེ་རུ་གནས་སྡོད་མ་ཚུགས་པར་ཁ་བྲལ་ཏེ་བུད་སོང་།  མཐའ་མཇུག་མོས་རང་གི་ཤ་ལས་ཆད་པའི་ཕྲུ་གུ་རྣམས་དང་ཁྱོ་ག་འདས་པོ་འཚོ་མྱོང་བའི་གྲོང་ཚོ་དེ་རྒྱབ་ལ་བསྐྱུར་ཏེ་ཕྱོགས་སུ་འགྲོ་རྒྱུ་གདམ་ག་བྱས། ཏག་ཏག་མོ་རང་ཁ་གྱེས་པའི་སྔོན་ཉིན་མར་མི་ཁྱིམ་གཞན་ཞིག་ལ་གནས་ཚང་གཡར་ནས་མ་བུ་མཐའ་མཇུག་གི་འདུ་འཛོམས་ཐེངས་ཤིག་བྱས་པ་རེད། སྐྱོ་དུང་དུང་གི་ཐུན་རིང་མཚན་མོ་དེ་མ་བུ་ཚོའི་སྐྱོ་ཡུས་དང་ངུ་ཤུམ་ཁྲོད་ངང་གིས་འདས་པར་བྱས་ཏེ། སྨུག་ལྷོག་ལྷོག་གི་སྐྱ་རེངས་དང་པོ་ཤར་མཚམས་སུ་ཨ་མ་དང་ཕྲུ་གུ་རྣམས་ཕན་ཚུན་ལ་སེམས་འཕྲེང་དང་ཞེན་ཆགས་བཞིན་མི་འདོད་ལས་ཀྱིས་སོ་སོར་གྱེས་ཏེ། མོ་རང་ས་ཕྱོགས་ངེས་མེད་དུ་མི་ཡུལ་ལུང་པ་འཁྱམ་དགོས་བྱུང་སོང་། རྟོག་བཟོ་དང་རྫུན་བཟོ་གང་ཡང་མ་ཡིན་པའི་གཏམ་རྒྱུད་ངོ་མ་འདིར་ཉན་རྗེས་བདག་གི་མགྲིན་པ་བརྣངས་ཤིང་སྣ་ཁུང་གཟེར་ཏེ་མིག་ཆུ་ཉིལ་ལེར་ཤོར་སོང་།  དེའི་རྗེས་ཕ་ཡུལ་གྱི་ཡུལ་མི་རེ་ཟུང་སླེབས་དུས་ངས་རྒྱུན་དུ་མོའི་གནས་ཚུལ་དྲིས་པ་ཡིན། མཚམས་ཤིག་མོ་ཡང་ང་རང་སྡོད་སའི་གྲོང་ཁྱེར་གྱི་བོད་མིའི་ཟ་ཁང་ཞིག་ཏུ་ལས་ཀ་བྱེད་གི་ཡོད་པ་ཐོས་མུར།  བློ་འགོག་ཏུ་མེད་པའི་སྙིང་རྗེ་ཞིག་དང་སྦྲགས་མོའི་སྡོད་གནས་རྩད་གཅོད་རགས་ཙམ་བྱས་མོད་རྩད་ཆོད་མ་བྱུང་།  ཐེངས་ཤིག་བདག་གི་ཨ་ཕ་ཟི་ལིང་དུ་སླེབས་སྐབས་སྡེ་མི་ཚོས་བཤད་ན།  མོ་རང་སྐུ་འབུམ་གྱི་རྒྱ་སྡེ་ཞིག་ཏུ་གནས་ལ་བུད་སོང་ཟེར། བདག་གིས་འཕྲལ་མ་ཉིད་དུ་མོ་ལ་དཀོན་མཆོག་གི་སྙིང་རྗེས་གཟིགས་ཏེ་ལམ་འགྲོ་ཡོང་བར་སྨོན་ལམ་བརྒྱབ། ཡིན་ནའང་དཀོན་མཆོག་ཀྱང་མི་བསོད་ནམས་ཆེན་པོ་དག་ལ་མཉེས་པོ་བྱེད་མཁན་ཞིག་ལས་ཉམ་ཆུང་འཁོས་ཞན་དག་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་རིང་མེད་པར་སྐྱོང་མཁན་ཞིག་མ་ཡིན་པར། ཁོང་གི་བྱམས་སེམས་ཀྱི་འོད་སྣང་དེ་མོ་ལ་འཕྲོ་བའི་སྐལ་པ་མེད་ཙང་བདེ་སྐྱིད་འཚོ་བ་ནི་མོ་དང་རིང་དུ་གྱེས་སོང་། མོས་རྒྱ་སྡེ་དེ་རུ་ཡང་སྐྱིད་ཐག་ཆོད་ཀྱི་འཚོ་བ་ཞིག་གཏན་ནས་རོལ་དཀའ་ཚོད་རེད། རྗེས་སོར་ཁོ་མོས་རང་གི་བུ་མོ་གསུམ་ལས་ཆེ་བ་སྙིང་རྗེ་པོ་ཞིག་ཡོད་པ་དེའང་ཁྲིད་དེ་སྐུ་འབུམ་གྱི་རྒྱ་སྡེ་ཞིག་ཏུ་བག་མར་བརྫངས་པ་རེད་ཟེར། བུ་མོ་དེ་བྱིས་པ་སྐྱེས་རྗེས་ཀྱི་ལོ་ཞིག་ལ་ཕྱིར་ཕ་ཡུལ་དུ་ལོག་རབས་དང་མོའི་འཚོ་བ་སྐྱོ་པོ་ཡིན་རབས་མོ་ཕྱིར་གནས་ཡུལ་ལ་ལོག་ཁར་སྐྱོ་བའི་མིག་ཆུ་མང་པོ་ཤོར་ཚུལ་སོགས་ཡུལ་མིའི་གཏམ་གླེང་ལས་ཐོས་པ་ཡིན། མོས་བཙན་ཤེད་ཀྱིས་རང་གི་བུ་མོ་ཡང་རྒྱ་མི་ཞིག་ལ་བག་མར་བྱིན་པའི་དོན་དེར་སྡེ་མིས་ཁ་རྡུང་དང་འཕྱ་སྨོད་བྱེད་ཀྱིན་འདུག ཡིན་ནའང་དོན་དེའི་སྙིང་པོ་སུས་ཀྱང་རྟོགས་དཀའ་བ་ཞིག་རེད་འདོད།  གནས་ཚུལ་ཐར་ཐོར་ཞིག་ཐོས་པ་ལྟར་ན། མོ་རང་ང་ཚོའི་གྲོང་ཚོ་དང་ཁ་གྱེས་པའི་ལོ་དུ་མའི་རྗེས་སུ་ཡང་བསྐྱར་ནང་ཚང་གཞན་ཞིག་ཏུ་ཕྲུ་གུ་ཚོ་དང་ལྐོག་འཕྲད་ཐེངས་ཤིག་བྱས།  དུས་དེར་ཡང་མ་སྨད་ཚོ་ཕན་ཚུན་འཁྱུད་དེ་དྲན་སྣང་གི་མཆི་མ་མང་པོ་ཤོར་བ་རེད།  ཡིན་ཀྱང་བུ་དེ་ཨ་མར་མཇལ་བར་མ་ཡོང་བ་རེད།  སྐབས་དེར་མོའི་བྱིས་པ་རྣམས་ཀྱང་ལོ་ན་ཅུང་རྒྱས་ཡོད།  མོ་རང་དང་ཐོག་གྲོང་ཚོ་དེ་དང་ཁ་གྱེས་ནས་འགྲོ་སྐབས་མོའི་བུ་དེ་ཧ་ཅང་ལོ་ཆུང་ཡིན་ཚོད་རེད།   ཡང་བཤད་ཚུལ་གཞན་ལྟར་ན།  བུ་དེས་ནང་ཚང་གི་མི་གཞན་གྱིས་ཁོ་ཚོའི་ཨ་མ་ལ་ཕྲུ་གུ་མ་དགོས་པར་ས་གཞན་དུ་བུད་སོང་བ་རེད་སོགས་ཀྱི་སྐད་ཆ་ཐོས་རྗེས་ཨ་མར་སྡང་སེམས་སྐྱེ་བཞིན་ཡོད་པ་རེད་ཟེར།  མ་སྨད་གསོན་བྲལ་གྱི་སྡུག་བསྔལ་བཟོད་དཀའ་བས་མོ་རང་འགྲོ་ཁར་བུ་མོ་ཆེ་བ་དེའང་མོ་དང་མཉམ་དུ་ཁྲིད་སོང་བ་རེད། རྒྱ་སྡེ་དེར་སླེབས་པ་ན། རྒྱ་ཚང་གི་ཁྱོ་ག་དེར་ཡང་གཞུག་ཁྲིད་བྱིས་པ་ཡོད་ཙང་ཁོ་ཚོ་མཉམ་སྡོད་ཀྱི་འཚོ་བ་རོལ་དཀའ་བས་བུ་མོ་དེ་རྒྱ་མིའི་ནང་ཚང་གཞན་ཞིག་ཏུ་བག་མར་མི་སྟེར་ཀ་མེད་བྱུང་སོང་བ་རེད། བདག་གི་བསམ་པར་མོས་རང་གི་བུ་མོ་རང་དང་ས་ཐག་ཉེ་སར་བླངས་ན་སེམས་པ་ཅུང་སྐྱིད་བདེ་བྱུང་བ་ཨེ་ཡིན་ནམ་སྙམ།  ཁོ་མོའི་ཕྲུ་གུ་རྣམས་ཕ་འཛོམས་མ་འཛོམས་ཡིན་དུས་སུ་རེ་རེ་བཞིན་སློབ་གྲྭར་བསྐྱལ་འདུག མ་ཟད་མོའི་བུ་མོ་ཞིག་གིས་རྫོང་མི་རིགས་སློབ་འབྲིང་འགྲིམ་གྱིན་ཡོད་པ་རེད།  དང་ཐོག་བུ་མོ་དེ་རྒྱུགས་འཕྲོད་དེ་རྫོང་ཐོག་ཏུ་འགྲོ་སྐབས་སྒྱུག་པོ་དང་མནའ་མ་གཉི་ག་བུ་མོ་སྐྱེལ་མ་བྱེད་རྒྱུར་ཁ་རྩོད་བྱས་མཐར་ཕྲུ་གུ་ཚོའི་ཨ་མས་ཕམ་ཁ་ཉོས་ནས་ངུ་བཞིན་ནང་ཚང་དུ་ལོག་པ་རེད་ཟེར།  སྣང་ཚུལ་དེ་བུ་མོ་དེའི་སློབ་འབྲིང་སྐབས་ཀྱི་སློབ་གྲོགས་ཤིག་གིས་མཐོང་བ་རེད། ཕྲུ་གུ་ཚོའི་ཕ་འདས་རྗེས་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་ནང་ཚང་གི་ཡོང་སྒོའི་རྩ་བ་ཆད་སྟེང་ནང་མིའི་འགལ་བ་སྔར་ལས་ཇེ་དྲག་ཏུ་སོང་ཕྱིན།  ཕྲུ་གུ་ཚང་མ་སློབ་གྲྭ་རུ་སྡོད་མ་ཚུགས་པར་འཕྲོ་རིམ་འཕྲོར་ཕྱིར་ཕ་ཡུལ་དུ་ལོག་སྟེ་སོ་ནམ་པ་རྐྱང་དུ་གྱུར་པ་རེད། ཨ་མ་ས་ཆ་དེར་ཁ་བྲལ་ཏེ་སོང་རྗེས་དྭ་ཕྲུག་རྣམས་སྤོ་བོ་དང་རྨོ་བོ་རྣམ་གཉིས་ཀྱིས་བསྐྱངས་པ་རེད།  ལོ་ཟླ་རིམ་བཞིན་འདས་ནས་མོའི་ཕྲུ་གུ་རྣམས་ཀྱང་འཚར་ལོངས་བྱུང་སྟེ་འཇིག་རྟེན་མཐུན་འཇུག་གི་འགྲོ་སྟངས་བསྒྲུབས།  ཁོ་མོར་བུ་མོ་ཆུང་བ་ཞིག་ཡོད་པ་དེ་ང་ཚོའི་གྲོང་ཚོའི་ཉེ་འདབས་ཀྱི་སྡེ་བ་ཞིག་ཏུ་བག་མར་བྱིན་ཡོད་པ་རེད།  བུ་མོ་དེར་བྱིས་པ་སྐྱེ་སྐབས་བདེ་བླག་ངང་སྐྱེ་མ་ཐུབ་ཕྱིར་སྨན་ཁང་དུ་སྡོད་དགོས་བྱུང་སོང་།  སྐབས་དེར་མོ་རང་ཡང་ས་ཐག་རྒྱང་རིང་ནས་རང་གི་བུ་མོར་བལྟ་རུ་ཡོང་ཡོད་པ་རེད།  རྩོད་གཞི་གང་རུང་ཞིག་གིས་ཕྱིར་གནས་ཡུལ་གྱི་མི་དང་འཁོན་འགྲས་བྱུང་རྗེས་རླུང་དྲག་པོ་ལངས་ཏེ་བུ་མོ་སྨན་ཁང་དུ་སྡོད་དུ་མ་བཅུག་པར་རེ་ཞིག་ཁྲིད་སོང་བ་རེད། དོན་དེར་དེ་སྔོན་མོའི་གྲོགས་མོ་ཡག་ཤོས་ཡིན་ཟེར་མཁན་ཞིག་གིས་ཀྱང་ཡུགས་ས་མ་དེ་སྨྱོས་འདུག ཨེན་ཙམ་གྱིས་རང་གི་བུ་མོའི་ཚེ་སྲོག་ལའང་གནོད་སྐྱོན་ཐེབས་སུ་བཅུག་ཟེར།  ཡིན་ཀྱང་བདག་གི་ཡིད་ལ་མོའི་ཡ་ང་ཞིང་ཡིད་སྐྱོ་བའི་གནས་ཚུལ་དག་ཏུར་རེ་ཤར་ཏེ་ངག་ལས། མོ་རང་མ་སྨྱོས་པ་དངོས་འབྲེལ་ཁྱད་མཚར་པོ་རེད་ཅེས་ཐལ།    འཕྲོས་གཏམ།  ང་ཚོའི་ལུང་པ་དེར་ཁྱོ་ག་གང་ཞིག་ནད་དང་རྐྱེན་ངན་བར་ཆད་སོགས་ཀྱིས་ཚེ་ལས་འདས་པ་ན། དེ་ནི་ཕལ་ཆེར་ཆུང་མ་རྣམས་ཀྱིས་བསད་པ་ལྟར།  བུད་མེད་དེ་དག་འདྲེ་མོ་དང་གདོན་མོ། གསོན་འདྲེ་རུ་བལྟ་བ་རེད། ཡུགས་སར་གྱུར་རྗེས་ཀྱི་བུད་མེད་རྣམས་ཁྱོན་ནས་མི་གྲལ་དུ་བརྩི་ཡི་མེད།  ཁོ་མོ་ཚོའི་ལྭ་བ་དང་ཅ་དངོས་གང་རུང་གདང་དུ་བཀལ་སའི་འོག་ཏུ་འགྲོ་བར་དོགས་པ། མི་ཞིག་ན་བ་དང་ཡང་ན་བང་ནང་སྡོད་སྐབས་བུད་མེད་དེ་རིགས་ཁྱིམ་དུ་བསུ་བར་མི་དགའ་བ། གཉེན་སྟོན་ཆང་སའི་སྐབས་སུ་བུད་མེད་དེ་རིགས་བག་གསར་གྱི་སྔོན་བསུ་མཁན་གྲས་སུ་གཏན་ནས་མི་འདེམས་པ། སྐྱེས་པ་ལྟ་ཞོག་སྐྱེས་མའི་སྐྲ་སླས་པ་དང་ཡང་ན་མགོར་རེག་ན་མི་གཞན་གྱིས་འཛེམ་དོགས་བྱེད་པ། བུད་མེད་དེའི་རིགས་མདའ་འཕེན་འགྲན་བསྡུར་སྐབས་མདའ་པ་ཚོའི་ཐག་ཉེར་བཏུད་མི་རུང་བ། རྨི་ལམ་ནང་བུད་མེད་དེ་རིགས་རྨིས་ཚེ་ཐན་ལྟས་སུ་བརྩི་བ། ལོ་ཆུང་དུས་སུ་ཡུགས་སར་གྱུར་ནའང་ཁྱོ་ག་ཪྙེད་ཁག་པ། ཐ་ན་ཁོ་མོ་ཚོས་བཟོས་པའི་ཟས་སོགས་ཟ་དུས་ཀྱང་གྲིབ་ཕོག་དོགས་ནས་བྲེད་ཤ་ལངས་པ། མི་དྲག་དཔོན་པོ་བླ་མ་སོགས་ལ་ཁ་ལག་བཟོ་རྒྱུ་དང་ཞབས་ཏོག་བསྒྲུབ་རྒྱུའི་གོ་སྐབས་ཕལ་ཆེར་ཁོ་མོ་ཚོའི་མི་ཚེ་ཧྲིལ་པོར་རག་དཀའ་བ་རེད།  ཡུལ་མི་རྣམས་ཀྱིས་བུད་མེད་དེ་རིགས་ལ་ལྟ་སྟངས་འཛིན་ཚུལ་ཐད་འབྲེལ་ཡོད་དཔེ་གསོན་ཞིག་གླེང་ན།  བདག་གི་བུ་མོ་དཀར་རྒྱན་ཕ་ཡུལ་དུ་སྡོད་སྐབས།  ཁོ་མོར་གྲོང་ཚོའི་ནང་རྩེ་གྲོགས་བུ་མོ་ཡག་ཤོས་ཤིག་འདུག བུ་མོ་དེའི་ཨ་མྱེས་ནི་མོའི་ཨ་ཡེ་ལོ་ན་གཞོན་དུས་སུ་ཆང་དུག་ཕོག་སྟེ་རྐྱེན་ངན་དུ་ཤོར་བ་རེད། དེ་བས་གྲོང་ཚོ་དེའི་མི་ཚང་གཞན་དག་ཁོ་མོ་ཚང་ལ་འབྲེལ་འདྲིས་བྱེད་པར་མི་དགའ་བར་མ་ཟད། མོ་ལ་ཡུགས་ས་མ་དང་འདྲེ་མོ་ཞེས་ལྐོག་ལབ་དིར་རེར་རྒྱག་གི་ཡོད་པ་རེད། རྐྱེན་དེའི་དབང་གིས་ང་རང་བྱིས་པ་ཡིན་དུས་ཁོ་མོར་འབྲེལ་འདྲིས་བྱེད་པར་དངོས་གནས་ཞེད་སྣང་སྐྱེས་མྱོང་།  ཁོར་ཡུག་དང་སྲོལ་རྒྱུན་གང་ཞིག་ཆུ་ལོག་བརྡོལ་བ་ལྟར་ཤུགས་དྲག་པས་ན། རང་རྐྱ་མི་འཕེར་བའི་མི་ཞིག་ཡིན་ཚེ་ཕྱོགས་ངེས་མེད་དུ་བསྒྱུར་རྒྱུ་ནི་ཧ་ཅང་ལས་སླ་མོ་ཞིག་རེད། བདག་གི་བུ་མོ་ད་དུང་ལོ་ཆུང་བསམ་མེད་ཡིན་གཤིས་ནང་མིས་བཀག་ཀྱང་མི་ཐུབ་པར་ཁྱིམ་ཚང་དེའི་རྒྱུན་མགྲོན་དུ་གྱུར་ཡོད་པར་མ་ཟད།  ནམ་སྐྱ་མོ་ལངས་དུས་ནས་ཁྱིམ་ཚང་དེར་ལྐོག་འགྲོ་བྱེད་རྒྱུའི་སྲོལ་ཞིག་ཀྱང་ཆགས་འདུག་པ་རེད།  ཨ་ནེ་དེས་ནང་ཚང་དེར་བ་སྒོང་གཅིག་ལས་མེད་ནའང་མོའི་ཚ་མོ་དང་བདག་གི་བུ་མོར་བགོས་ཏེ་སྟེར་བ་རེད། དེ་བས་བདག་ཀྱང་ངོ་གནོངས་ཏེ་མོ་རང་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་ཀྱི་ཅ་དངོས་ཙག་ཙིག་ཙམ་བསྐུར་པ་ན།  མོ་རང་དགའ་ཚོར་ཆེན་པོ་སྐྱེ་ཡོད་པ་རེད། འོན་ཀྱང་བདག་ལ་ཨ་ནེ་རྒན་མོ་ཞིག་ཡོད་པ་དེས་རྒྱུན་དུ་བུ་མོ་ཁྱིམ་ཚང་དེར་འགྲོ་བར་ཐེ་ཇུས་བྱེད་ཀྱིན་འདུག མ་ཟད་བདག་གི་ཨ་ནེ་རྒན་མོས་ཁྱོ་ག་འདས་པའི་བུད་མེད་དེ་དང་ཁ་སྤྲོད་དུ་འགྲོ་སྐབས་ཐེངས་འགར་སྡིགས་མོ་ཡང་བྱས་ཚོད་རེད།   ཐེངས་ཤིག་བུ་མོས་ཨ་ནེ་དེའི་མགོ་རས་དཀྲིས་ཏེ་ཁོ་ཚོ་དང་མཉམ་དུ་འགྲོ་སྐབས། བདག་གི་ཨ་ནེ་རྒན་མོས་མཐོང་མ་ཐག་ཤད་ལེར་སོང་ནས་མགོ་དཀྲིས་བཙན་གྱིས་ཕྲོགས་ཏེ་ཐང་ལ་གཡུགས་རྗེས། བདག་གི་ཕ་རྒན་གྱི་མིང་ནས་བོས་ཏེ་བུ་མོར་ལྟ་སྐྱོང་ཡག་པོ་མི་བྱེད་པར་གང་སར་འཁྱམ་ནས་འགྲོ་གི་འདུག་ཟེར་ཏེ་སྐད་ཅོར་རྒྱག་ཞོར། བུ་མོ་ནང་ཚང་དེར་སོང་ན་གྲིབ་ཕོག་འགྲོ་རྗེས་ཕྱོགས་གཏོང་མི་ཆོག་པའི་གཤེ་གཤེའང་བཏང་བ་རེད།  དེའི་རྗེས་ཨ་ནེ་དེས་བདག་གི་བུ་མོར་འབྲེལ་འདྲིས་བྱེད་པར་ཡང་སྐྲག་སྣང་སྐྱེ་གི་འདུགདེ་ནི་ཁོར་ཡུག་ཅིག་དང་སྲོལ་རྒྱུན་ཞིག་གིས་ཁྱོ་ག་འདས་པའི་ཉམ་ཆུང་འཁོས་ཞན་གྱི་བུད་མེད་ཡུགས་ས་དག་ལ་སྤྲད་པའི་ཐོབ་ཐང་རེད། ཁོ་མོ་ཚོས་མི་གྲལ་ནས་ཕུད་པའི་སྐྱོ་སྣང་སྟེང་ད་དུང་ཁྱོ་ག་འདས་པའི་དྲན་གདུང་དང་ཁྱིམ་འཁོས་སྐྱོང་བའི་དཀའ་སྡུག དྭ་ཕྲུག་སྙོར་བའི་འགན་འཁྲི་སོགས་ལྷུར་ལེན་བྱེད་དགོས་པས་ན།  མི་སར་རང་འཇོག་བྱེད་མཁས་ཀྱི་མི་ཞིག་ཡིན་ཚེ།  ཐུགས་རེ་ཐག་ཆད་ཅིང་སྡུག་བསྔལ་གྱི་འོབས་སུ་ཚུད་པའི་མོ་ཧྲེང་ཁེར་རྐྱང་ཡུགས་ས་མ་རེ་གཉིས་ཁོར་ཡུག་དེ་ལས་འཚོ་བ་འཁྱོལ་དཀའ་བས་གཞན་ཡུལ་ལུང་པ་འགྲིམ་པར་ཁག་མེད་པ་དང་། ཁོ་མོ་ཚོའི་དཀའ་སྡུག་གི་གནས་བབ་དང་སྐྱོ་སྡུག་གི་ཚོར་སྣང་ལ་བསམ་བློ་གཟབ་གཟབ་གཏོང་དགོས་རྒྱུ་རེད་སྙམ།  བུད་མེད་སུ་ཞིག་ཡིན་རུང་རང་ཉིད་ཁེར་རྐྱང་དང་ཡུགས་ས་རུ་འགྱུར་འདོད་མཁན་གཅིག་ཀྱང་ཡོད་པ་མ་རེད། ཡུགས་སར་གྱུར་ཏེ་ཁེར་རྐྱང་དུ་ལུས་པ་དེ་ཕལ་ཆེར་བུད་མེད་ཅིག་ལ་མཚོན་ན་རང་སེམས་ལ་རྟེན་གཞི་མེད་སོང་བའི་ལྟ་སྟངས་འཛིན་གི་འདུག་པ་རེད།  སྐྱེས་པ་ཚོ་སྐྱུར་དད་དང་དུ་དད་ཆེ་བ།  བུད་མེད་བཞིན་ཟླ་མཚན་འབབ་རྒྱུ་མེད་པ།  བཤད་ཕོད་པ་དང་ངུ་སྐྱེན་པ་མིན་པར་སྡུག་ཐམས་ཅད་ཁོག་ཏུ་འཇུག་པ།  ཚོས་ལེན་རྫས་ཕྲ་ཡང་བུད་མེད་དང་མི་འདྲ་བ་སོགས་ཀྱི་དབང་གིས་བུད་མེད་ལས་ཚེ་ཐག་ཅུང་ཐུང་ནའང་།  གནས་ལུགས་དེ་མ་ཤེས་པའམ་ཡང་ན་སྣང་མེད་དུ་གཡུགས་ཏེ་སྐྱོན་ཡོད་ཚད་བུད་མེད་སྟེང་ཁག་དཀྲིས་ན་ག་ལ་འགྲིག བསམ་བློའི་འཁྱེར་སོ་ཐལ་ཆ་ཆེ་བ་འདིས་བུད་མེད་མང་པོ་ཞིག་སྡུག་ལ་སྦྱོར་གི་ཡོད་པ་རེད།  བདག་གི་ཨ་མ་འདས་པོ་ཕ་རྒན་ལས་ལོ་བཅུ་སྐོར་གཅིག་གིས་ཆུང་ནའང་མོས་རྒྱུན་དུ་བུད་མེད་ཀྱིས་ཁྱོ་གའི་སྔུན་མ་ཆོད་པར་ཡུགས་སར་གྱུར་ན་ཡག་པོ་ཡོང་གི་མ་རེད། ཐ་ན་གྲོང་མི་ཚོས་ཀྱང་བརྩི་འཇོག་དང་གོང་བཀུར་གང་ཡང་མི་བྱེད་པའི་ཁར།  མི་གྲལ་དུ་མེད་པའི་ལྟ་སྟངས་འཛིན་གི་རེད་ཅེས་ཞེད་སྣང་ཚ་པོ་དང་བཅས་རང་ཉིད་ཁྱོ་གའི་སྔུན་ཆོད་ཕྱིར་དཀོན་མཆོག་ལ་གསོལ་བ་ཕུར་ཚུགས་སུ་འདེབས་པ་རེད།  ཨ་མའི་སྐད་ཆ་དག་ཉན་ལོབས་སུ་སོང་གཤིས།  བདག་ཀྱང་ཆུང་དུས་ནས་གྲོང་ཚོ་གང་རུང་ཞིག་ཏུ་བུད་མེད་ཡུགས་སར་གྱུར་འདུག་པ་ཐོས་སྐབས་སྐྲག་སྣང་སྐྱི་གཡའ་བ་སྐྱེས་མྱོང་།    ཉིན་ཞིག་ངས།  སྐྱེས་པ“ཡུགས་ཕོ”ལ་འཛེམ་དོགས་བྱེད་དགོས་སམ་ཞེས་ཨ་ཕར་སྐད་ཆ་དྲིས་པ་ན།  ཨ་ཕས་དེ་ལ་འཛེམ་རྒྱུ་ཅི་ཡོད། གྲོང་ཚོའི་ནང་གི་ཡུགས་ཕོ་དེ་ཡང་བསྐྱར་གཉེན་སྒྲིག་བྱས་རྗེས་སྤྲུལ་སྐུ་ཞིག་ཀྱང་འཁྲུངས་འདུག་པ་མ་རེད་དམ་ཟེར།   2006.10.01ཉིན་གྲུབ།      

འདོགས་ཆ་དང་བུད་མེད་ཀྱི་འབྲེལ་བ།  

  ཨ་མདོའི་རོང་ཕྱོགས་སུ་བུ་མོ་ཞིག་ལོ་བཅུ་དྲུག་བཅུ་བདུན་ལ་སླེབས་ནས་སྐྲ་ཕབ་ཀྱི་མཛད་སྒོ་བསྡུས་རྗེས་མི་དར་མར་གྱུར་པའི་མཚོན་རྟགས་སུ་སྐྲ་ལུང་འདོགས་པ་རེད། སྐྲ་ལུང་ནི་ཁྱོ་གའི“རྣམ་ཤེས”དང་སྟོབས་འབྱོར་མཚོན་བྱེད་ཀྱི་རྟགས་མཚན་དུ་འདོད་པ་རེད།  སྐྲ་ཕབ་ཚར་རྗེས་ད་གཟོད་བུ་མོ་གང་དེ་གནས་ལ་བསྐྱལ་ཆོག་ཅིང་། གཉེན་སྒྲིག་ཆང་ས་བརྒྱབ་རྗེས་སྐྲ་ལུང་དེ་ཁོ་མོ་ཚོའི་གྲིབ་མ་བཞིན་ནམ་ཡང་རང་ལུས་དང་ཁ་འབྲལ་མི་ཆོག་པ་རེད། བུད་མེད་ཚོས་བོད་ལྭ་གྱོན་རྗེས་རྒྱབ་སྟོང་དུ་བསྐྱུར་ནས་སྐྲ་ལུང་མ་བཏགས་པ་ཡིན་ན་གཞན་གྱིས་ཡུགས་སར་གྱུར་ཡོད་མེད་ལ་དོགས་པ་ཟ་བ་རེད།   སྲོལ་རྒྱུན་དེའི་རྐྱེན་གྱིས་བུད་མེད་རྣམས་སྐྲ་ལུང་དང་ཁ་འབྲལ་དུས་ཞེད་སྣང་ཚ་པོ་སྐྱེ་གི་ཡོད་པ་རེད།  བདག་གི་ཨ་མ་ཡུན་རིང་ན་ཞིང་ལུས་མཚག་ཞན་པས་སྐྲ་ལུང་འདོགས་པར་སྟབས་མི་བདེ་བ་རེད། ངས་སྐྲ་ལུང་ལེན་པའི་སྐད་ཆ་བརྗོད་སྐབས་མོ་རང་བསམ་ཚུལ་དེར་མོས་མཐུན་ཆེན་པོ་འདུག ཡིན་ནའང་ཞེད་སྣང་ཡ་མེད་ཅིག་ཀྱང་སྐྱེ་བཞིན་ཡོད།  ཕྱིས་སུ་ཨ་མའི་ན་ཚ་ཇེ་སྡུག་ཇེ་ལོད་དུ་སོང་བ་དང་བསྟུན་མཚམས་ཤིག་སྐྲ་ལུང་ཡང་ཐེག་དཀའ་བར་གྱུར།  དེ་བཞིན་ཨ་མས་སྐྲ་ལུང་རེས་ལེན་རེས་འདོགས་ཀྱི་གོ་རིམ་རིང་མོ་ཞིག་བརྒྱུད་མཐར་ངང་གིས་གོམས་ལོབས་སུ་སོང་། ཡིན་ནའང་རང་གི་ཁྱོ་ག་གསོན་བཞིན་དུ་སྐྲ་ལུང་བླངས་པར་མོ་རང་བདེ་གི་མི་འདུག སྐབས་དེར་ཨ་ཕས་ཀྱང་ཨ་མར་སྐྲ་ལུང་བླངས་ཆོག་པའི་གནང་བ་སྩལ། ཞིང་གྲོང་གི་བུད་མེད་ཅིག་ལ་མཚོན་ན། གཞན་གྱི་སྐུལ་འདེད་དང་རང་ལ་སྤོབས་ཤུགས་ཅུང་ཙམ་མེད་ཚེ། ཡུལ་སྲོལ་གོམས་འདྲིས་དེ་ལས་ཐོལ་བརྒལ་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མིན་པར་མཐོང་། ལོ་བཅུ་ལྷག་གི་སྔོན་ཞིག་ལ་ང་རང་ལྷ་སར་འབྱོར་སྐབས་ཏག་ཏག་དེ་གའི་བོད་མི་སྤུན་ཟླ་རྣམས་ཞོ་སྟོན་ལ་རོལ་གྱིན་པའི་སྒང་རེད།  དེ་བས་ང་རང་ཡང་ནོར་བུ་གླིང་ག་རུ་སོང་ནས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་སྐོར་ཞིག་དང་མཉམ་དུ་སྤྲོ་འཛོམས་བྱས་པ་ཡིན། སྐབས་དེར་ངས་ལྷ་སའི་གྱོན་ཆས་ཕུ་མེད་པང་གདན་མེད་པ་ཞིག་གྱོན་འདུག་པ་བུད་མེད་ལས་བྱེད་རེ་འགས་མཐོང་རྗེས།  ཁྱོད་རང་ཆང་ས་བརྒྱབ་འདུག་གམ་ཞེས་དྲིས་བྱུང་། ངས་ང་རང་ཆང་ས་བརྒྱབ་འདུག་པར་མ་ཟད་ཕྲུ་གུའང་ཡོད་པའི་གནས་ཚུལ་གསལ་བོར་ལབ། ཁོ་མོ་ཚོ་ཡ་མཚར་བཞིན་འོ་ན་ཁྱོད་ཀྱིས་པང་གདན་མི་རྒྱག་པ་ཅི་ཡིན་ཞེས་དྲིས། ངས་ང་ཚོ་ཨ་མདོར་མཚོན་ན་དབུས་གཙང་གི་གྱོན་ཆས་ཕུ་མེད་འདི་དར་ནས་ལོ་མང་པོ་འགོར་མེད་ཅིང་།  གྱོན་ཆས་འདིའི་གྱོན་སྲོལ་ཡང་གསལ་བོར་ཤེས་ཀྱིན་མེད་ལ། ང་རང་པང་གདན་རྒྱག་པར་མི་ལོབས་པས་མ་བརྒྱབ་པ་ཡིན་ཞེས་ལན་བཏབ་པ་ན། ཁོ་མོ་ཚོས་ཡིད་སྨོན་དང་བཅས་སྐྱིད་པ་ལ་ཨང་ཟེར།   ངས་ཁྱོད་ཚོ་པང་གདན་ལ་དགའ་པོ་མེད་ན་མ་རྒྱག་དང་ཞེས་པས། ཁོ་མོ་ཚོས་གཉེན་བསྒྲིགས་རྗེས་པང་གདན་མ་བརྒྱབ་པ་ཡིན་ན། མི་གཞན་གྱིས་ཡུགས་སར་བུད་ཡོད་མེད་ལ་དོགས་པ་སྐྱེ་ངེས་རེད་ཟེར། བཤད་པ་ལྟར་ན། པང་གདན་ནི་སྐྱེས་པའི་བླ་སྲོག་མཚོན་བྱེད་དུ་བརྩི་ཡི་ཡོད་པ་རེད། དེ་ཕལ་ཆེར་ང་ཚོ་ཨ་མདོའི་རོང་ཕྱོགས་ཀྱི་བུད་མེད་ཀྱི་སྐྲ་ལུང་དང་ཆ་འདྲ་བོ་འདུག ངས་པང་གདན་བརྒྱབ་མེད་པ་མཐོང་སྐབས་ཁོ་མོ་ཚོས་རྦད་དེ་ཡིད་སྨོན་འཆོར་གྱིན་པའི་སྣང་ཚུལ་དེར་གཞིགས་ན། བུད་མེད་ཚོ་པང་གདན་རྒྱག་རྒྱུར་དགའ་བ་མ་ཡིན་པར། རང་ཉིད་གཉེན་བསྒྲིགས་ཚར་བ་དང་ཡུགས་སར་གྱུར་མེད་པ་སོགས་ཀྱི་མཚོན་བྱེད་ཙམ་རེད།   ཁོ་མོ་ཚོས་པང་གདན་རྒྱག་རྒྱུ་དེ་འགན་ཁུར་ཞིག་ཏུ་བརྩི་བ་ལས་རྒྱན་ཆས་ཤིག་ཏུ་བརྩི་ཡི་མེད་པ་རེད། མང་བཟའ་པད་དཀར་ལགས་ཀྱི་བརྩམས་ཆོས་ལས་བུད་མེད་ཀྱི་འདོགས་ཆ་མཚོན་རྟགས་རང་བཞིན་དུ་གྱུར་འདུག་པའི་སྐོར་གླེང་བ་གཤམ་གསལ་ལྟར། སྐྱེས་པ་ཚོར་མཚོན་ན།  བུད་མེད་ལ་བསམ་བློ་ཡོད་པ་ལས་བུད་མེད་རྣམས་གསེར་དངུལ་གྱི་རྒྱན་ཆ་འདོགས་པ་དང་རྣམ་པ་ཇེ་མཛེས་སུ་གཏོང་བའི་སྒང་དུས་ཚོད་འདའ་བར་བློ་མོས་ཡོད་ཀྱི་འདུག ལོ་རྒྱུས་སྒང་བོད་ཀྱི་བུད་མེད་རྣམས་རྒྱུ་ནོར་དང་སྐྱེས་པའི་རྣམ་ཤེས་བཅོལ་ཡུལ་གྱི་མདོ་འཛིན་པར་གྱུར་ཡོད་ཚུལ་བཤད་ཀྱི་ཡོད་པ་དང་། གཉེན་བསྒྲིགས་རྗེས་དབུས་གཙང་དུ་པང་གདན་རྒྱག་པ་དང་ཁམས་ཁུལ་དུ་མགོར་སྤོས་ཤེལ་ལྔ་འདོགས་པ།  ཨ་མདོར་དུང་རའམ་དམར་གདན།  སྐྲ་ལུང་འདོགས་པ་སོགས་ཏེ།  འདི་དག་གིས་བུད་མེད་དེར་བདག་པོ་ཡོད་ཟིན་པ་མཚོན་གྱིན་ཡོད་པས།  སྐབས་དེ་ཤེད་ནས་ཁོ་མོ་ཚོས་རྒྱན་ཆ་འདི་དག་ཁྱད་དུ་འཕགས་པར་ངོས་འཛིན་གྱིས་རང་ཉིད་ཀྱི་རྣམ་ཤེས་སམ་བླ་སྲོག་བོར་ཡོད་པའི་ཁར།   མཚོན་བྱེད་རང་བཞིན་དུ་གྱུར་པའི་རྒྱན་ཆ་འདི་དག་གཉེན་བསྒྲིགས་རྗེས་ཀྱི་བུད་མེད་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་ལྕགས་སྒྲོག་ཏུའང་གྱུར་ཡོད་པ་རེད་ཅེས་བརྗོད་འདུག་པ་དངོས་གནས་རང་རེད། ལོ་མང་པོའི་སྔོན་ཞིག་ལ་ལས་ཀའི་ཆེད་དུ་གཉེན་བསྒྲིགས་ཟིན་པའི་ཁ་ཆེའི་བུད་མེད་གཉིས་དང་མཉམ་དུ་གྲོང་ཁྱེར་ག་གེ་མོ་ཞིག་ཏུ་སོང་བ་ཡིན།  བུད་མེད་དེ་གཉིས་ཀྱིས་གཞི་རིམ་གྱི་རྫོང་ཞིག་གི་རིག་རྩལ་ལས་ཁུངས་སུ་ལས་ཀ་གཉེར་གྱི་ཡོད་པ་རེད།  ང་ཚོ་ཟླ་གཅིག་ལྷག་རིང་ལ་ཕན་ཚུན་ཁ་བརྡ་འབྲེལ་འདྲིས་བྱས་པ་ལས།  ཁོ་མོ་གཉིས་ཀྱིས་ཁ་ཆེའི་བུད་མེད་ལ་གོ་ས་མེད་པར་འཁང་ར་དང་ལྷག་པར་དུ་གཉེན་བསྒྲིགས་རྗེས་བུད་མེད་རྣམས་ཀྱིས་ཞྭ་རས་ནག་པོ་གྱོན་དགོས་པའི་སྲོལ་དེར་གཏན་ནས་དགའ་གི་མེད་པ་ཤེས།  དེའི་ཁྲོད་ཀྱི་བུད་མེད་ཅིག་གིས།  མོས་ཁྱོ་ག་དང་ཁྱིམ་མིས་མི་མཐོང་སར་ཞྭ་རས་གཡུགས་ཏེ་རྒྱ་སྲང་ལ་གང་འདོད་དུ་ཉུལ་བ་ཡིན།  ཁྱོ་གའི་མཐོང་ལམ་དང་ཡང་ཁྱོ་གའི་ཁྱིམ་མི་དང་འཕྲད་པར་འགྲོ་དུས་ཞྭ་རས་ངེས་པར་དུ་གྱོན་དགོས་པ་རེད་ཟེར།  མོས་བཤད་ན།   དེ་ནི་སེམས་པ་ཧ་ཅང་མི་སྐྱིད་པའི་དོན་དག་ཅིག་རེད་ཟེར།  ཡིན་ནའང་སྲོལ་དེ་བཟློག་པའི་སྤོབས་པ་མེད་ཚོད་རེད།  ཁོ་མོ་ཚོ་དང་ཁ་བརྡ་འབྲེལ་འདྲིས་མ་བྱས་སྔོན་ལ་བདག་གི་སེམས་པར་ཁ་ཆེའི་བུད་མེད་རྣམས་ཁྱོ་གའི་སྒྲིག་སྲོལ་བརྩི་སྲུང་དང་སྲོལ་རྒྱུན་གྱི་བཀག་སྡོམ་ལ་རྒྱབ་འགལ་མི་བྱེད་པར་འདོད་ཡོད། ཐེངས་དེར་ངས་ད་གཟོད་དེ་འདྲ་མིན་པ་གསལ་བོར་ཤེས་ཤིང་།  སྲོལ་དེས་ཁོ་མོ་ཚོའི་སེམས་པ་སྡུག་གིས་མནར་བཞིན་པ་རྟོགས།  དེ་ཡང་ལོས་ཡིན་ཏེ།  བུད་མེད་ལ་ལན་བུ་སྐྲ་ལས་མཛེས་པའི་མགོ་རྒྱན་གང་ཙམ་ཡོད།  རང་ཉིད་བུད་མེད་ཅིག་ཡིན་པའི་ཆ་ནས།   བུད་མེད་ཀྱི་མཛེས་པ་འཇོམས་བྱེད་ཀྱི་གྱོན་ཆས་གང་ལའང་དགའ་པོ་གཏན་ནས་མེད།ཕ་ཡུལ་རྒྱབ་ལ་བསྐྱུར་པའི་ཟླ་གཅིག་ལྷག་གི་རིང་ལ་ཁོ་མོ་གཉིས་སྲོལ་རྒྱུན་གྱི་བཀག་རྒྱ་ལས་རྣམ་པར་འགོངས་ཏེ་སེམས་ལྷོད་བག་དལ་གྱིས་སྤྲོ་སྐྱིད་ལོངས་སུ་སྤྱོད་པ་མཐོང་དུས།  སྲོལ་རྒྱུན་གྱི་བཀག་རྒྱ་དམ་པོས་ཀྱང་བུད་མེད་ཀྱི་ལུས་ངག་ཡིད་གསུམ་གཅུན་ཐུབ་མེད་པ་ཚོར།  ཁོ་མོ་གཉིས་རི་དྭགས་ཪྙི་ལས་ཤོར་བ་དང་འདྲ་བ་ནི།  དུས་རྒྱུན་འཚོ་བའི་ཁྲོད་བུད་མེད་ལ་བཀག་རྒྱ་མང་བའི་རྐྱེན་ཨེ་ཡིན་ནམ་སྙམ།  སྤྱིར་དེ་ནི་མི་སྒེར་གྱི་དོན་དག་ཅིག་ཡིན་པས་གླེང་དགོས་དོན་མེད་ནའང་། འདི་ནས་ངས་བཤད་འདོད་པ་ནི། མིའི་ལྷན་སྐྱེས་སུ་གྲུབ་པའི་འབྱུང་པ་གང་ཞིག་བཙན་དང་དབང་གིས་བཅོམ་བསམ་པ་དེ་ནི་མིའི་རང་གཤིས་ལ་གསལ་ཆ་མེད་པའི་རྟགས་རེད་ཟེར་བ་ཡིན།  ཁྱོ་གའི་ཆེད་དུ་གྱོན་ཆས་གང་རུང་མི་འདོད་བཙན་གྱིས་གྱོན་དགོས་པའི་སྲོལ་རྒྱུན་འདི་ལ།  བུད་མེད་རྣམས་ཀྱིས་ལྐོག་ཏུ་མི་འདོད་པའི་སུན་སྣང་གི་རང་མདངས་སྟོན་གྱིན་པ་གོང་གི་དཔེ་དེ་དག་ལས་གསལ་རྗེན་དུ་བུད་འདུག མི་ནི་སྒེར་སེམས་ཅན་དང་རང་ཉིད་གཙོ་བོར་འཛིན་པའི་སྲོག་ཆགས་ཤིག་ཡིན་ལ། བུད་མེད་ཀྱང་དེ་ལས་འདའ་ཐབས་མེད་དོ།།   2007/02/11ཉིན་གྲུབ།      
1 2

    ངོས་ཞོལ་མ།
རྩོམ་གསར།
བླ་མ་དག་མ་ཡིན་ན་ལ་རྒྱ་མེད།
[2010-9-8]
པེ་ཅིན་ནས་ལྷ་ས་དྲན་ཚུལ།
[2010-9-8]
དེ་རིང་ང་འབའ་ཐང་དུ་ཐོན་ཡོད།
[2010-9-8]
དགེ་ཆོས་ཀྱིས་འཁོར་བ་གླེང་བ། ཁག་དང་པོ།
[2010-9-8]
ཇོ་མོ་ཚོ། ཞབས་བྲོ་འཁྲབ་རོགས།
[2010-9-8]
ཁ་ཕོ་ཙམ་གྱིས་དུས་འདའ་མཁན།
[2010-9-8]
ལྷད་མེད་གྲོགས་ཀྱི་བརྩེ་བ་ཡིད་དུ་འོང་།
[2010-9-8]
འབུལ་ལོ་བརྒལ་བརྟག་སྨྲ་བའི་སྡེ་རྣམས་ལ།
[2010-9-7]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2419]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2182]
<<རྟུལ་ཕོད>>ཆ་ཚང་།
[1476]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1434]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1345]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1265]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1252]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1247]
友情链接: 青海汽车网