མེས་རྒྱལ། 1.རང་གི་རྒྱལ་ཁབ། དོགས་ཟོན་ཆེར་བསྐྱེད་ཀྱིས་མེས་རྒྱལ་སྲུང་སྐྱོབ་བྱེད་ལྟ་བུ།(རྒྱ་བོད་མིང་མཛོད་ཆེན་མོའི་འགྲེལ)
2.རང་གི་རྒྱལ་ཁབ་ཀྱི་གུས་ཤིང་གཅེས་པའི་འབོད་མིང་།(དག་ཡིག་གསར་བསྒྲིགས་ཀྱི་འགྲེལ)
3. ལོ་རྒྱུས་འཕེར་འགྱུར་ཁྲོད་མེས་པོས་རིམ་གྱིས་སྒེར་བཟུང་དང་བདག་བཞེས་གནང་ལ། དེ་རིང་བར་རིགས་རྒྱུད་དེའི་ཤ་རྩ་ཁྲག་རྒྱུན་མ་ཆད་པར་གཏན་ཆགས་འཚོ་སྡོད་བགྱིས་ཡོད་པའི་མངའ་ཁོངས།(དྲ་ཐོག་པེ་ཏུའུ་ཡི་འགྲེལ)
དེ་སྐད་སློབ་ཆུང་གི་དུས་ཤིག་ནས་བཟུང“མེས་རྒྱལ་ལ་དགའ་ཞེན་བྱེད་དགོས”ཞེས་པའི་ཞག་ཁུ་སྣུམ་བག་ཙིག་གེ་བ་དེ་གདུ་ལྷོག་རྒྱག་གིན་ཀླད་རྐོང་རུས་པའི་མཁྲེགས་སུ་བླུགས་ཤིང་བླུགས་པས་ན། དུས་ཡུན་རིང་མོ་ཞིག་གི་རིང་བྱིས་བློའི་ལྡེབས་ལ་བརྐོས་ཡོད་པའི“རྒྱལ་ས་པེ་ཅིན”དང“གནམ་བདེ་སྒོ་མོ་ཆེ”“ སྐར་ལྔའི་དར་དམར”དང “མི་དམངས་དཔའ་བོའི་རྡོ་རིང”སོགས་རགས་པའི་གཟུགས་དབྱིབས་ཀྱི་འདྲ་རིས་དག་མཐོང་འོང་ཚེ་སེམས་ལ་སྨྲ་མི་ཤེས་པའི་དགའ་ཚོར་གཡའ་འཕྲུག་ལྟ་བུ་ཞིག་ཟ་ཡོང་། ད་དུང“ཤར་ཕྱོགས་དམར། ཉི་མ་ཤར” “པེ་ཅིན་གྱི་གསེར་རི་ནས”“སྤྱི་ཚོགས་རིང་ལུགས་བཟང”སོགས་གླུ་དབྱངས་དག་གློག་དུང་དང་སྒྲ་སྡུད་འཁོར་ལོ་ནས་མཆེད་ཡོང་ཚེ་བརྗོད་དུ་མི་བཏུབ་པའི་གུས་དད་ཅིག་གིས་ཤ་ཟིང་སྤུ་ཞོགས་རྒྱག་ཏུ་འཇུག ད་དུང“མེ་གོ་བཙན་རྒྱལ་རིང་ལུགས”དང “དབྱིན་ཇི་མ་རྩ་རིང་ལུགས”“གོ་མེན་ཏང་ལོག་སྤྱོད་ཤོག་ཁག” “ལེན་པའོ་དང་མི་བཞི་ཚོགས་ཁག”སོགས“མ་རུངས་དགྲ་གཤེད”ཀྱི་མིང་ཐོས་ཡོང་ཚེ་གར་ཡོང་མི་ཤེས་པའི་ཤ་འཁོན་ཉི་ཚེ་བ་ཞིག་གིས་ལྟོ་བ་དབུགས་ཀྱིས་སྦུད་ཡོང་། ཡ་ཁོག་མེ་ཡིས་སྦར་ཡོང་། སྐབས་འདིར་གལ་ཏེ་དར་ཆས་དམར་ཁྲིད་རྒྱག་མཁས་པའི་རླབས་ཆེན་གཙོ་འཛིན་གྱིས་རྒྱོབས་ཟེར་ན་ཨ་ཕའི་མགོར་རྒྱག་སྲིད་ལ། རྒྱུགས་ཟེར་ན་དམྱལ་བའི་འཁྲང་ཡིན་རུང་ནེམ་ནུར་ཅི་ཡང་ཡོད་མི་དཔེ། འོན་ཏེ་རླབས་ཆེན་གཙོ་འཛིན་གྱིས“དམྱལ་བ”ཁས་མི་ལེན་པས་ང་ཚོ“རིག་གནས་གསར་བརྗེ”ཡི་དམྱལ་བའི་མེ་མུར་དུ་མཆོང་སྟེ“གྲལ་རིམ་འཐབ་རྩོད”གྱི་ཁུ་ཚུར་རྣོ་ལྕགས་འདྲ་བ་དེས། སྙིང་རྗེ་དང་ཡ་ང་སྤུ་ཙམ་མེད་པར་ལྷ་འདྲེ་གདོན་བགེགས་དང་གྲལ་རིམ་དགྲ་བོ་ཡི་མགོ་དང་ལུས་ལ་བར་མཚམས་མེད་པར་གཞུས་ཏེ། ཡང་དག་པའི་འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་གྱི་གསར་བརྗེའི་རྒྱལ་ཁ“མི་དམངས་གུང་ཧྲེ”སྲ་བརྟན་ནས་སྲ་བརྟན་དང་སྟོབས་ལྡན་ནས་སྟོབས་ལྡན་དུ་གཏོང་ངེས……
ལོ་དང་ཟླ་བའི་ཧྲམ་ཧྲམ་ཁྲུལ་ཁྲུལ་གྱི་འཐིག་ཆུ་ཕྲ་མོས་ཨ་འཐས་སེམས་ཀྱི་རྡོ་གཅལ་རིང་མོ་བཤལ་ཞིང་བརྡར་དེ་ཡོང་ན། རིག་པའི་ཕྲ་ཕུང་གི་རྩ་ཁ་རྩེ་མོ་བག་ཙམ་བག་ཙམ་ཕྱེ་སྟེ་ཡོང་ལ། ད་དུང་ཡང་བག་ཆགས་སྦུབས་ཀྱི་བུས་པ་རློན་ནུ་དེས་མཚན་ཡེལ་དུ་ངུ་ཁུན་འཁོར་མོ་གཏོང་། 《དག་ཡིག་གསར་བསྒྲིགས》 དང 《རྒྱ་བོད་མིང་མཛོད་ཆེན་མོ》སོགས་ཀྱིས“མེས་རྒྱལ”ལ་འགྲེལ་རྒྱག་དུས་བོར་བཞག་པའི “མེས་པོ”ཞེས་པའི་ཐ་སྙད་དེས་ཀྱང་། གྱོ་ཐོག་སྔོན་མོ་གང་ཞིག་གི་སྤེན་འདབ་ནས་སེང་ལྡེང་གི་དུང་མོ་ཆེ་སྐོར་འབུད་བྱེད་ལ་གངས་གསེབ་རི་རྒོད་གང་ཞིག་གི་ནུབ་རླུང་ནས་མི་རྐང་གི་གླིང་བུས་ཙག་རྒྱང་འབུད། དེ་ནི་ཅིའི་ཕྱིར་ཡིན་ནམ། དེ་ནི་ཅི་ཞིག་ཡིན་ནམ།
སློབ་གཉེར་གྱི་ཕྱིར། ལས་ཐོབ་ཀྱི་ཕྱིར། དཔོན་ས་ཡི་ཕྱིར། ཕོགས་དངུལ་སྣོན་འཕར་གྱི་ཕྱིར། བྱ་བ་ལེགས་སྡོམ་གྱི་ཕྱིར། མགོ་ཁྲིད་ཀྱི་འཛུམ་ཆུང་དཀར་ལི་རེ་ཁུགས་པའི་ཕྱིར། ལས་གྲོགས་ལས་ཁ་གསེག་གཅམ་སྐད་རེ་ཐོབ་པའི་ཕྱིར། བདག་གིས་དེ་རིང་བར་རིགས་ཐ་ཐད་པའི་རེའུ་མིག་བརྒྱ་ཕྲག་སྐོར་དུ་ལོངས་པ་སྐོང་འབྲི་བྱས་ཏེ་ཡོང་བ་ཡིན། དེ་ཡང་སྒྱུ་མའི་རྐན་དྲ་ལྟ་བུའི་རེའུ་མིག་དེ་དག་གི་འཕྲང་སྒོ་གཙོ་བོ་ནི“ཆབ་སྲིད་བཤེར་རྩིས”སམ“ཆབ་སྲིད་བསམ་བློའམ”“ཆབ་སྲིད་དཔྱད་མོད” དམ“ཆབ་སྲིད་གོ་རྟོགས” སོགས་བྲི་བར་བྱེད་དགོས་པའི་སྟོང་ཆ་གཉན་གྱི་སྒུག་ལམ་འདྲ་བ་དེ་རེད། ལར་རྫུན་སྨྲ་མཁན་ནི་མི་ཡི་ཐ་ཆད་ཐུང་གྲས་ཡིན་རུང་། ལོ་ངོ་དུ་མའི་རིང་བདག་གིས་ཁ་སྟབས་ངག་འགྲོས་ནས་གདོང་འབག་ལུས་ཚུགས་བར་འགྱུར་བ་སྤུ་ཉག་ཙམ་མེད་པར། བློ་སྟོབས་ཆེན་པོས་ངང་སྨྱུ་གུ་སག་སག་སྒུལ་གྱིན“མེས་རྒྱལ་ལ་དགའ་ཞེན་ཆེ། ཏང་ལ་བློ་དཀར། མའོ་ཙེ་ཏུང་དགོངས་པ་དང་མར་ལེ་རིང་ལུགས་ལ་དུས་རྟག་ཏུ་སློབ་སྦྱོང་ཧུར་ཐག་བྱས་པ་ཡིན”སོགས་གཤོབ་རྒན་སྲིད་པའི་རི་རྒན་གྱིས་ཀྱང་མི་ཐེག་པ་གཏམ་བཞག་པ་ཡིན། དེ་རིང་ཞིབ་འདང་ཕྱིར་ལ་བསྐོར་ན་དེ་དག་གི་ཁྲོད་ནས་གཅིག་ལ་ང་རང་དངོས་ནས་དགའ་ཆོག་ཆོག་ཏུ་འདུག དེ་བས་རྫུན་དུ་ཡང་འགྲོ་མི་སྲིད། དེ་ནི་དེ་རིང་འདིར་གླེང་གིན་པའི“མེས་རྒྱལ”ཟེར་བའི་ཐ་སྙད་འདི་དང་ཐ་སྙད་འདིའི་མཚོན་དོན་མ་ལུས་ཡིན། དེ་ནི་ཙིག་སྐྱག་ཟངས་ང་གང་གི་ནང་དུ་ལྡེ་གུ་ཐིགས་པ་གཅིག་ལྷུང་བ་ཡིན་ཞེས་བཤད་ན་མི་ཆོག་རྒྱུ་ཡོད་དམ།
དེ་ལྟ་ན་བདག་གིས་དེ་རིང་ནས་རང་ཉིད་གཏོགས་པའི་རྒྱལ་ཁབ་དང་རང་ཉིད་དགའ་སའི་མེས་རྒྱལ་སོ་སོར་ཕྲལ་ཏེ་དགར་བཞག་པ་ཡིན། མར་ཁེ་སིས “རྒྱལ་ཁབ”ནི་དྲག་ཤེད་ཀྱི་འཕྲུལ་འཁོར་ཆེན་པོ་ཞིག་སྟེ། དེ་ཡང་གྲལ་རིམ་ཞིག་གིས་གྲལ་རིམ་གཞན་ཞིག་ལ་རྩ་འཛུགས་ཡོད་པའི་ངང་དམ་དྲག་གཏོང་བའི་དྲག་ཤེད་ཅིག་ཡིན་པར་འདོད། ཨིན་ཀུ་སིས“རྒྱལ་ཁབ”ནི་དཔལ་འབྱོར་སྟེང་དབང་སྒྱུར་གོ་ཐོབ་ཡོད་པའི་གྲལ་རིམ་ཞིག་གིས་གྲལ་རིམ་གཞན་ཞིག་ལ་དབང་སྒྱུར་བྱེད་པའི་ཆབ་སྲིད་དབང་ཆའི་སྒྲིག་གཞི་ཞིག་ཡིན་ཟེར། གང་ལྟར་བདག་གིས་རང་གི་གོ་བ་ལོན་སྟོབས་ལྟར་བལྟས་ན། རང་གི་ཁྱིམ་ཚང་དུད་ཐོ། སྡོད་དམངས་ཐོབ་ཐང་ལག་ཡིག སློབ་མཐར་ཕྱིན་པའི་དཔང་ཡིག གཉེན་སྒྲིག་དཔང་ཡིག སྡོད་ཁང་གི་ཁེ་དབང་ཡི་གེ། སྨན་བཅོས་བདེ་སྲུང་འཛིན་ཡིག ཟླ་ཕོགས་དངུལ་བྱང་སོགས་འགྲོ་འདུག་འཆག་ཉལ་གྱི་ཁག་ཐག་དཔང་ཡིག་གང་ལ་བལྟས་ན་ཡང་། རང་ཉིད་ནི་མི་གྲངས་དུང་ཕྱུར་བཅུ་གསུམ་ལས་བརྒྱ་ཆའི་གོ་བདུན་ཡན་ཟིན་པའི་རྒྱ་ནག་མི་རིགས་ཀྱིས་གཙོ་བོར་གྲུབ་པའི་རྒྱལ་ཁབ——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་འབངས་རྐང་ཐུར་གཅིག་ཡིན་པ་བསྙོན་དུ་མི་འདུག དེ་བས་དེ་རིང་བར་སྐར་གང་ཙམ་གྱི་མི་སྒེར་གྱི་འགྲོ་གྲོན་ཚུན་ཆོད་ལས་ཆག་མེད་ཆད་མེད་ངང་རྒྱལ་ཁབ་ཅེས་པའི་སྤྱི་མཚན་རགས་པ་འདི་ལ་ཁྲལ་བོགས་མཇལ་ཏེ་འོང་བ་ཡིན་ལ་དེ་ནི་ངའི་འོས་འགན་ཡང་ཡིན། དེ་བཞིན་དུ་ངའི་འགྲོ་བདེ་འདུག་བདེ་དང་ན་ཚ་སྐྱིད་སྡུག་ལ་རོགས་སྐྱོར་དང་སེམས་འཁུར་བྱེད་དགོས་པ་ཡང་རྒྱལ་ཁབ་འདིའི་གཡོལ་དུ་མེད་དུ་འོས་འགན་རེད། འདི་ནི་རུ་སོས(卢梭)གསུང་བའི《སྤྱི་ཚོགས་གན་འཆིང་རྣམ་བཤད》ཀྱི་སྙིང་དོན་གཙོ་བོའི་གྲོས་ཤིག་ཀྱང་རེད། དེ་བས་རྒྱལ་ཁབ་ནས་འཚོ་བའི་བེད་གླ་རིན་མེད་དུ་བླངས་སོང་སྙམ་སྟེ་མི་རྣམས་ངོ་གནོང་དགོས་དོན་མེད་ལ། དེ་བཞིན་ཆབ་འབངས་ཀྱི་ལག་ནས་ཁྲལ་བོགས་ལེན་རྐྱང་བྱས་སོང་སྙམ་སྟེ་རྒྱལ་ཁབ་ཀྱང་དོགས་མི་བདེ་དོན་ཡོད་མི་སྲིད། མདོར་ན་འདི་ནི་རྒྱལ་ཁབ་དང་མི་བུ་སྟེ་ཕན་ཚུན་གཞོག་གཉིས་ཀྱི་ཁེ་ཕན་གོང་བུ་གཅིག་ཏུ་དྲིལ་བ་ཙམ་རེད། ཡང་ན་དམངས་གཙོ་དང་རང་དབང་གི་རྒྱལ་ཁབ་ཅེས་པའི་ཆེས་རྩ་བར་གྱུར་བའི་སྤྱི་ཚོགས་རྟེན་གཞི་ཡང་རེད།
དངོས་པོའི་འཚོ་བ་སྐྱེལ་སའི་རྒྱལ་ཁབ་དེ་གཏན་ལ་ཕབས་རྗེས་ངས་རང་ཉིད་ཀྱི་བསམ་བློའི་མེས་རྒྱལ་དེ་གང་ན་ཡོད་པར་བསམ་བློ་གཏོང་བ་ཡིན། མེས་རྒྱལ་དང་རྒྱལ་ཁབ་ཀྱི་རྩ་བའི་དབྱེ་ཁྱད་འབྱེད་དུས་ཨུན་ཀུ་སིས(恩格斯) “མེས་རྒྱལ་ནི་ས་ཁོངས་དང་རིག་གནས། ལོ་རྒྱུས་དང་ཆོས་ལུགས་གཅིག་པའི་འཚོ་སྡོད་ཡུལ་གྱིས་ཐག་གིས་གཅོད། ད་དུང་ལན་རེར་མི་རིགས་དང་མྱི་རྒྱུད་སོགས་ཀྱིས་ཀྱང་བཤད་ལ་དེ་ནི་བརྩེ་དུང་གིས་ཡོངས་སུ་ཕྱུག་ཡོད་པ་ཞིག་རེད” ཟེར།
འོ་ན་ངའི་དེ་ལྟའི་མེས་རྒྱལ་དེ་གང་དུ་ཡོད་ན།
སྲིད་པ་དུང་གི་ཁྱུང་སྒོང་ནས་སྨོན་པའི་མི་ཕོ་ལུམ་ལུམ། ཡར་ལུང་ཡུམ་བུ་བླ་སྒང་ནས་རྗེ་གཅིག་གཉའ་ཁྲི་བཙན་པོ། ཞང་ཞུང་གཟི་རྡོ་ཁྲ་མོ་ནས་གཉན་པོ་གསང་བ་མཆོད་པ། གཤེན་ཡུལ་འོལ་མོ་ལུང་རིང་ནས་བོན་སྟོན་གཤེན་རབ་མི་བོ། དེས་པའི་མེས་དབོན་རྣམ་གསུམ་ནས་མཛངས་པའི་མཁན་སློབ་ཆོས་གསུམ། ཨ་ནུའི་གཅེས་སྲོག་ཀ་མད་ནས་ཡི་གེ་བཅག་པའི་རྡོ་རིང་། བསམ་ཡས་གཙུག་ལག་རལ་པོ་ནས་ཕོ་བྲང་རྡོ་བའི་རྐས་རྙིང་། འུ་དམ་བཙན་པོའི་མནོ་བསམ་ནས་ལྐོག་མདའི་མུན་ཁྲོད་རྐན་སྒྲ། གུ་གེའི་མཁར་ཆག་གྱང་ཧྲལ་ནས་ཙོང་ཁའི་ཇོ་སྲས་ངག་རྒྱུན། དགའ་ལྡན་རྡུལ་སྐྱའི་སྟོང་འཇགས་ནས་ལིང་ཇིའི་ས་པཎ་བང་སོ། “འཆལ་པོ”དྭངས་བཟང་དབང་བོ་ནས“སྨྱོ་འབོག”དགེ་འདུན་ཆོས་འཕེལ། “ཁྲི་བདུན་ཡི་གེའི” འོ་དོད་ནས་ཏི་སེའི་རྒྱབ་ཀྱི་བྱང་སེམས། ལངས་ཚོའི་རྦབ་ཆུའི་མཆོང་སྟོབས་ནས་གནམ་ས་གོ་རུ་འབྱེད་པ……
ཇོ་མོ་བླ་རི་ནས་མདོ་ལ་རིང་མོའི་བར་ཁྱབ་པ་འདི་དག རྨ་འབྲིའི་མགོ་ཁུངས་ནས་ཁྲི་ཤོར་རྒྱལ་མོའི་བར་བརྡལ་བ་འདི་དག ལོ་རྒྱུས་ཀྱི་གསང་བ་ནས་རྒྱུ་འབྲས་ཀྱི་བག་ལ་ཞ་བ་འདི་དག དམར་ནག་ཁྲག་གི་ཀླུང་རྒྱུན་ལ་བྲག་ཆ་རུ་འཁོར་ཡོད་པའི་ངའི་མེས་རྒྱལ་གྱི་གླུ་སྒྲ་མ་ཡིན་ནམ། རུས་རྐང་ཨ་དཀར་རྡོ་བའི་རི་མོ་རུ་བརྐོས་ཡོད་པའི་ངའི་མེས་རྒྱལ་གྱི་ས་བཀྲ་མ་ཡིན་ནམ།
དེ་རིང་བདག་སྲིད་པའི་ཟེ་བར་འགྱིང་སྟེ་སྐད་ཤུགས་ཆེན་པོས་འདི་ལྟར་སྒྲོག་འདོད---ང་རང་མེས་རྒྱལ་ལ་དགའ་ཞེན་ཆེ། ང་རང་ཤ་ཁྲག་རུས་པའི་གཏིང་ནས་རང་གི་མེས་རྒྱལ་ལ་དགའ་ཞེན་ཆེ།
2010.8.31
ངོས་གཉིས་མ་ཌ་མ་རུ། ཁ་ཕྱིར་འཁོར་སྟ་མ་སྟེའུ། དགྲ་ལ་ཝ་མོའི་གྲ་ལོ་འཇམ་ལེ། གྲོགས་ལ་སྒང་གི་སྤུ་ཐུར་ཟིང་ངེ། འདི་ནི་གེ་སར་རྒྱལ་པོའི་སྒྲུང་ནང་གི་བྱད་དང་བྱུར་གྱི་སྣ་འདྲེན། གྱོད་དང་ཁ་མཆུའི་གཡབ་མོ། ཆུ་སྣ་ནང་དུ་འདྲེན་མཁན། ཕ་ཇུས་རླུང་ལ་བསྐུར་མཁན།གླིང་མ་བཞི་དཔོན་པོ་ཁྲོ་ཐུང་གི་བཀྲ་ལག་ཚ་བའི་མི་ཚེ་དང་འབུར་དོད་གཤིས་ཀའི་བརྐོ་བཟོ་རེད།
འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བོད་ཀྱི་ལྷ་སྲུང་གཞི་བདག་ཚོགས་ཀྱི་ཀུན་འདུས་ཤོག་དྲིལ་རིང་མོ་དེ་ཐར་རེ་གཅད་ན། མཆེ་གཙིགས་སྡེར་མོ་བགྲད་པའི། ཞལ་མང་ཕྱག་མང་འཛིང་བའི། ལྗགས་རྐྱོང་སྤྱན་མིག་བགྲད་བའི། མཚོན་གདངས་རུས་རྒྱན་གསོལ་བའི། ཉི་ཟླའི་ཆ་ལིང་རྡེབ་པའི། རླུང་ནག་བེར་དུ་བགོ་བའི། མེ་དམར་དར་དུ་འཕྱར་བའི། རྒྱ་མཚོ་ཧུབ་ཀྱིས་འདྲེན་པའི་མཐུ་བོ་ཆེ་དེ་དག་གི་བྱ་བ་སྤྱོད་པ་དང་ཕྱག་ལེན་བཅོ་ཀ། ཏག་ཏག་ཨ་ཁུ་ཁྲོ་ཐུང་དང་དཔར་ཁུང་གཅིག་ལ་བཏབ་པའི་སཱཙྪ་ཞིག་དང་གཉིས་སུ་མ་མཆིས།
ཉིན་འགའི་སྔོན་ཡུལ་མི་ཞིག་ལ་ཕ་ཡུལ་གྱི་རི་ཆེན་འགར“གཏེར”འབུལ་དགོས་པའི་རིམ་གྲོ་ཞིག་བབ།(འདིར་བཤད་པའི“གཏེར”ཞེས་པ་ནི་ས་ལ་བཅུད་འཕེལ་ཞིང་ཡུལ་ལ་གཡང་འགུག་པར་སྨོན་པའི་ཆོས་ལུགས་ཀྱི་ཆོ་ག་རིགས་ཤིག་ལ་གོ་དགོས། དེ་ཡང་ནང་དུ་འབྲུ་སྣ་དང་རིན་པོ་ཆེའི་རིགས་ཀྱི་རྫས་བསྒྲུབ་ཅིང་དེ་འབྲེལ་གསོལ་སྨོན་སྔགས་ཀྱི་རྒྱས་བཏབས་ཡོད་པའི་རས་ཁུག་མཐོ་གང་ཙམ་པ་ཞིག་རི་ངོས་སུ་ས་འདོམ་ཙམ་དྲུས་པའི་གཏིང་དུ་འབུལ་དགོས་པ་ཞིག་ཡིན་འདུག) དེར་ཁོ་བོང་སྟག་ས་ཆའི་རི་གནས་པ་ཅན་དུ་སྐད་པའི་བཀྲ་ཤིས་འབྱུང་གནས་དང་རི་རྒྱལ་ལྷུན་པོ་སོགས་སུ“གཏེར”འབུལ་དུ་འགྲོ་དུས། ཡུལ་དེའི་ས་བདག་གནས་བདག་སོགས་ཀྱི་འཕྲོ་ཟློག་ལ་སྐྲག་སྟེ་དེ་གའི་རྒན་པོ་ཚོས་དང་ལེན་བྱེད་མ་ནུས་ཟེར། དེར་ངའི་ཡིད་ལ་ཐེམ་ཆེན་རྫོང་ཁུངས་མུ་རིའི་ཡུལ་ལུང་འཁོར་ཡོང་།
འདས་པའི་ལོ་བཅུ་ཁ་ཞིག་གི་རིང་ལ། རྡོ་སོལ་གྱི་གཏེར་ཁ(ཉེ་བའི་ཆར་“འཁྱགས་སོལ”[ “可燃冰” ]ཟེར་བའི་གཏེར་ཁ་འཛམ་བུ་གླིང་ན་དཀོན་པ་ཞིག་རྙེད་ཡོད་པས་ཕ་ཡུལ་འཆོར་བའི་ཉེན་ཁ་དེ་ལས་ཆེ་བ་ཡོང་རྒྱུར་གདོན་མི་ཟ)བར་མེད་དུ་བརྐོ་བའི“འཕེལ་རྒྱས”ཀྱི་ཚ་རླབས་ཁྲོད་མུ་རི་མར་ཁུའི་མཚོ་མོ་དེའི་རང་བྱུང་བཀོད་པ་ཉམས་དགའ་བ་དེ། དམའ་ས་གཞིའི་རི་ཆུ་ནགས་མ་ནས་མཐོ་ནམ་མཁའི་ཉི་ཟླ་རླུང་སྤྲིན་བར་འབག་བཙོག་དང་བརྙོག་མར་བཏང་སྟེ། མི་ཕྱུགས་རི་སྐྱེས་ཀུན་གྱི་འཚོ་གནས་ལ་ཆག་ཆེ་ཉམ་ང་ཚབས་ཆེན་བཟོས་ཡོད་པ་རེད། འོན་ཏེ་དེ་དུས་བོང་སྟག་གི་ཡུལ་ལྷ་གཞི་བདག་གང་ཞིག་གིས། “མི་ལ་ཇི་ལྟར་སྙིང་ཡོད་ན། ས་ལ་དེ་ལྟར་གཏེར་ཡོད”དུ་རློམ་པའི་ཧྭ་ཞ་མི་རིགས་ལ་འཕྲོ་ཟློག་ལྟ་ཞོག་ཐ་ན་མི་དགའ་བའི་རྟགས་སུ་རྟུག་དྲི་ཁ་མོ་ཞིག་བཏང་མྱོང་བའི་ལོ་རྒྱུས་ཡང་ཐོས་མ་མྱོང་།
འདི་ཉིད་ཁ་ཕྱིར་འཁོར་ཏེ་ངའི་ཡུལ་མི་དེའི“གཏེར་ཁུག”མཛུབ་ཤུབ་འདྲ་བ་ཞིག་ཀྱང་མི་འཇུ་བའི་འཇིགས་ཟིལ་ཟོལ་མ་དེ་དང་གཤིབ་བསྡུབ་ཅིག་བྱས་ན་དོན་ག་རེ་མཐོང་ཡོང་། དེ་ནི་ཕ་ཡུལ་ལམ་བོད་ཀྱི་ལྷ་འདྲེ་མཐུ་བོ་ཆེ་འདི་དག་ནི། རང་ཉིད་མགོན་དང་སྐྱབས་སུ་འཛིན་མཁན་རི་དམངས་གཉོམ་ཆུང་དག་གི་སྔོན་ནས་ཁམས་གསུམ་དབང་དུ་སྡུད་པའི་དྲག་ཤེད་དང་འབྱུང་བཞི་གར་དུ་སྒྱུར་བའི་སྒྱུ་འཕྲུལ་གྱིས་འགྱིང་འགྲོས་འཁྱུག་རྩེན་བྱེད་མཁན་ཞིག་རེད་མ་གཏོགས། མགོ་བོ་རྡུང་བྱེད་ཐོ་བ་དང་མཇུག་མ་འབྲེག་བྱེད་ཟོར་བ་འཛིན་པའི་དབང་སྒྱུར་མཁན་གྱི་ཚན་རིག་སྐད་པའི་གཏོར་བཤིག་དང་སྤེལ་རྒྱས་སྐད་པའི་འཇོམས་བརླགས་ཀྱི་མདུན་ནས་དབུགས་ཀྱི་ལྒང་བུ་ཁབ་ཀྱིས་གཙགས་པ་ལྟར་ཞུམ་སྟེ་སྡོད་མཁན་ཞིག་མ་རེད་ཟེར་བའི་སྐད་ཆ་བདག་ལ་མེད……
(ངལ་གསོ་བའི་གླུ)
ལྷ་ཅི་མཆོད་ཨ་ཕོ་མི་བུ་མཆོད།
སྐྱབས་སུ་རེ་རང་སེམས་རིག་པ་རེ།
ལར་འདི་བས་བསྟོད་རྒྱུ་བདག་ལ་མེད།
ཕོ་ཁྲོ་ཐུང་འདྲ་བའི་ཡུལ་ལྷའི་དཔུང་།
ཝ་སྡར་ཐུང་འདྲ་བའི་གཞི་བདག་ཚོགས།
བསང་མ་ཕུད་བསམ་པ་གཅིག་ཀྱང་མེད།
སྐྱེམས་མ་མཆོད་བསམ་པ་གཉིས་ཀྱང་མེད།
སྐྱབས་མ་རེ་བསམ་པ་དེ་བས་མེད།
ཕྱག་མ་འཚལ་ཟེར་བའང་ག་ལ་ཡོད།
སོས་དལ་དུས་རྒྱགས་རྒྱུ་འགྲང་རྒྱུ་མེད།
ལས་བྲེལ་དུས་རིག་རྒྱུ་འབྱུང་རྒྱུ་མེད།
གླུ་ཧ་ར་ཧུར་ཐུང་རྣ་བར་གཙེ།
སྔགས་ལྡབ་ལྡིབ་ཟློ་བ་སྙིང་གི་སྡུག
ངོ་རོག་ལུ་བཟའ་མིའི་ནང་ལ་རྩུབ།
གདོང་ཀ་ལུ་དགྲ་བོའི་ཐབ་རྩར་འཇམ།
རོགས་དགའ་མར་རྭ་རྩེ་སྔོ་ཡུག་ཅན།
ཁྲམ་བྱི་ཕོར་གཞང་ཁ་ཐུར་ལུག་མ།
སེམས་ཨ་ཐང་དགུ་ཐང་ཆད་འཕྲོ་ལ།
ལྷ་འདི་འདྲ་གྲོགས་སུ་བསྡོངས་པ་ལས།
རྟ་འདོ་ཆུང་ལྕག་གིས་བསྐུལ་བསྐུལ་ལ།
རླུང་གྲང་རེག་པང་དུ་བླངས་བླངས་ལ།
ས་བྱང་ལམ་ཁེར་འཁྱར་ཨ་རེ་སྤྲོ།
ལམ་སྐྱ་མོ་གོང་ཁ་བག་རེ་བྲོ།
སེམས་ཁྲ་མོ་མགོ་ཁུངས་གུ་རེ་ཡངས།
གླུ་གོ་ན་སྙིང་གི་གཞི་ལ་དྲོངས།
གཏམ་མ་གོ་རྣ་རྒྱབ་རླུང་དུ་སྐུར།
2009.10
ཡི་གེའི་མར་མེ་ཉེར་གཅིག
སྐྱེ་རྒུ་མདོའི་ས་ཡོམ་ལ།
ཉི་ཟླའི་ཆ་ལིང་སྐག་སྐག་རྡེབ་པ་འདྲ།
གནམ་སའི་སྦུག་ཆལ་སྦུབ་སྦུབ་རྡུང་བ་འདྲ།
དགུ་ཚིགས་ལྕགས་རི་མཁའ་ནས་འཐོར་བ་འདྲ།
མེ་རི་མི་ཡི་གྲོང་དུ་རྒྱུག་པ་འདྲ།
སྤྲིན་པ་བྱིའུའི་མགོ་ཙམ་མེད་ས་ནས།
ཐོག་གི་སྟ་གྲི་ལྷུང་འདི་ཨ་ཙ་མ།
དཀར་མོ་ཞོ་རུ་ཆགས་པའི་ཕ་ས་འདི།
དམར་པོ་ཁྲག་ཏུ་སྲུབ་འདི་ཀྱེ་མ་ཧུད།
སྐྱ་རངས་གོས་དཀར་གོང་བ་ཁྲག་གིས་བརླན།
སྤང་གཞུང་སོས་ཀྱི་ལྭ་བས་ངུ་ཤུམ་རྒྱག
འཚོ་བའི་གྲུ་བོ་གབ་པའི་རྡོ་ལ་བརྡབ།
རེ་དང་འདུན་པའི་ཁུར་མོང་རླུང་ལ་འཐོར།
ཡོམ་ཡོམ་ཤིགས་ཤིགས་འགུལ་བའི་རི་བོ་འདི།
ལྟེ་ཁྲག་མཚལ་ཀ་བསྐུ་ས་མ་ཡིན་ནམ།
འདར་འདར་ཆེམ་ཆེམ་གཡོ་བའི་གཙང་པོ་འདི།
རུས་ལ་ཨ་ཡིག་འབབ་ས་མ་ཡིན་ནམ།
རྡོ་བའི་གདུང་མ་སྐད་ཅིག་ཐུར་དུ་ཞོམ།
སྲོག་གི་བུམ་ཆུ་རྡུལ་གྱི་གཏིང་དུ་གཏོར།
ཚོམས་ཀྱི་ཀ་ཆེན་རྨང་ནས་མགོ་མཇུག་བསྒྱུར།
མི་ཚེའི་གཞུང་ཤིང་སྐེད་ནས་ཧྲིག་གེར་བཅག
མིག་གི་རྣོ་ལ་རྡུལ་གྱི་སྙིགས་མ་ལྷུང་།
འོད་ཀྱི་ཁ་དོག་མུན་པའི་འོབ་ཏུ་རུབ།
ཞི་བའི་གདོང་ལ་འཆི་བདག་སྔངས་ཤ་འཁོར།
འཛུམ་གྱི་རུ་མོ་མི་ཡུལ་དྲན་ཤིང་ཙམ།
ཨ་མ་ཟེར་གྱིན་མགྲིན་ལ་ཆུ་བུར་བརྡོལ།
གཅེས་ཕྲུག་འབོད་ཀྱིན་མིག་ལ་ཁྲག་རིས་ཆགས།
ཤི་གསོན་མ་བུའི་སོ་ལ་ཁ་འཐམས་པའི།
བརྩེ་བའི་གཟེར་གྱིས་སུ་ཞིག་ཚལ་བར་གཤགས།
ཨ་མ་རིག་རྒྱུ་མེད་པ་གང་དུ་སོང་།
ཁང་པ་ཐང་དུ་ཉལ་བ་འདི་ཅི་གོ།
ང་ཡི་སྙིང་ཆུང་འགས་ལ་ཐུག་འདི་ཅི།
ཨ་ཕ་ཁྱོད་ཀྱིས་ང་རང་མི་གློད་རོགས།
སྐྲ་རྒྱན་གཡུ་ཆུང་རྡུལ་གྱི་སྙིགས་ནས་རྙེད།
འདོགས་པའི་མི་དེ་མདང་གི་རྨི་ལམ་འདྲ།
དུང་བ་མི་ཤིགས་རྡོ་རྗེའི་མདུད་པ་དེ།
དབྱངས་སུ་ཡལ་བའི་འཇའ་རིས་ཡིན་ནམ་ཅི།
སྒེའུ་བསྒྲིབ་པའི་མུན་པ་སུ་ཡིས་འཐེན།
སྒོ་མོ་གཅོད་པའི་ཕ་བོང་གང་ནས་འགྲིལ།
དྲོད་ཀྱི་ཁང་བུ་བྱེ་མའི་རླུང་དུ་སྤུར།
ཁྱིམ་གྱི་དགའ་དགོད་བྲག་ཅའི་སྣང་བར་སིམ།
ཤག་ཤག་རླུང་བུས་སློག་པའི་དེབ་ཆུང་དེས།
ཐལ་བའི་རླུང་ན་ཡི་གེའི་ངུད་མོ་སྒྲོག
འཕྲོ་རུ་ལུས་པའི་སྦྱོང་གཞིའི་ཤོག་ལྟེབ་ན།
ཞོགས་པའི་ཉི་འོད་རྐང་གཅིག་ངུ་ཞིང་ཁུན།
ཀ་ཁའི་གསེར་ཁུ་སྙིང་ལ་བཞུ་བའི་མི།
ཡ་རབས་འོད་ཀྱི་རྒྱ་མཐོངས་ཕྱེ་བའི་མི།
སྤྱན་ལ་བྱང་སེམས་རི་མོ་འཁྱིལ་བའི་མི།
གློ་བུར་ཆད་པའི་སྐར་མདའ་གང་ཞིག་ཡིན།
ལུག་ཆུང་བེའུ་རྩེ་བའི་ནེའུ་གསིང་ལ།
ལྒོ་བུར་ཤན་གྲི་དངོ་མར་གཡུག་འདི་ཅི།
མར་རྩམ་གཤགས་པའི་སྒྲོལ་མའི་ལྷ་ཁང་ལ།
གློ་བུར་ཤ་ཆེན་དམར་རླངས་འཐུལ་འདི་ཅི།
བདག་པོ་བོར་བའི་ཁྱི་གུ་རྒྱ་བོ་དེས།
སྣ་ཡིས་སྣོམ་སྣོམ་གཞུག་གུས་གཡོབ་གཡོབ་བྱེད།
ས་ཡི་གཏིང་ན་རྣམ་ཤེས་མར་མེའི་རྐང་།
ད་དུང་ལྷེམ་ལྷེམ་ཕྱི་རུ་འཕྲོའམ་ཅི།
སྤུ་གྲ་ཆག་པའི་ཞི་མི་སྐྱ་རིལ་བ།
ས་ཡི་སེར་གར་ཅེར་རེར་སྡོད་པ་དེ།
འོ་མ་སྟེར་བའི་བདག་པོ་ཆུང་ཆུང་དེས།
ད་དུང་གཅེས་པའི་ངག་གིས་འབོད་དམ་ཅི།
མཆོད་མེའི་རླབས་དང་མ་ཎིའི་མགུར་དབྱངས་ནས།
རྣམ་ཤེས་བུ་ཡུག་འཚུབ་འཁོར་གྱི་ལི་བ།
སེམས་ཉིད་ངལ་གསོ་ཞི་བའི་ཞིང་ཁམས་སུ།
བྱ་བརྒྱ་འུར་རྡོས་དཀྲོག་ལྟར་འཕུར་བར་སྨོན།
ལྷ་ལྡན་དབུས་ནས་རྨ་འབྲུའི་གཞུང་ལག་ཀུན།
རྨ་རྒྱུད་གངས་ནས་གཡེར་མོ་ཐང་གི་བར།
གཞིས་བྱེས་བོད་ཡུལ་གྲལ་མཚེས་ལུང་པ་ཡོངས།
ཁྱོད་ཀྱི་ཕྱིར་དུ་རྔུལ་ཁྲག་གཅིག་ཏུ་འདོན།
ནམ་མཁའ་གཤོག་སྒྲས་བཀང་སྟེ་འདི་རུ་སླེབས།
ས་གཞི་རྡོག་སྒྲས་སྒུལ་གྱིན་འདི་རུ་སླེབས།
རྐང་ཕྲེང་ཐྲིག་ཐྲིག་དཔུང་གདང་ཤིགས་ཤིགས་ཀྱི།
སྲོག་སྤུན་ཁྱོད་ཀྱི་མིང་ལ་ཅི་གོ་ཟེར།
ཉིན་ལ་མཚན་སྦྲེལ་ཁྱོད་རང་སྐྱོབ་ལ་བྲེལ།
གཉིད་བཅག་ཟས་བསྐྱིད་ཁྱོད་རང་འཚོལ་བར་རྒྱུག
ལྟོགས་སྐོམ་ངལ་དུབ་བཟོད་པའི་ཕོ་ཉ་ཁྱོད།
མེ་ཏོག་ཕོགས་པའི་ལྷ་སྐལ་ཨེ་ཡིན་ནམ།
མདོ་དབུས་ས་སྒང་སྲིད་ཀྱི་ཟེ་བར་བརྗིད།
བོད་གྲོང་སྐྱེ་དགུ་ནག་ཐིགས་སྲན་ཙམ་འདིས།
གོ་ལ་རིལ་མོའི་དབང་རྩ་ཡོངས་སྤྲུགས་འདི།
བྱམས་གདུང་མ་བུ་ངོ་འཕྲོད་མ་ཡིན་ནམ།
སང་གི་ཉི་མའི་འོད་ན་འཚེར་བའི་གངས།
གངས་ཀྱི་ཤོད་ན་ལྟེམ་པའི་བོད་ཀྱི་གྲོང་།
འགྲོ་མིའི་སྲོག་གི་སྒྲོན་བུར་སྲ་ཆགས་པའི།
མཆི་མའི་མུ་ཏིག་རྡོག་གཅིག་མ་ཡིན་ནམ།
2010.4.15
(གོང་གི་འཕྲོ)བཅུ་གསུམ། ད་དུང་གཞན་དག
སྡོམ་རྩིས་ལྟར་ན་སྤྱི་ལོ2010ནས་བཟུང་འཛམ་གླིང་དུ་ས་ཡོམ་རྒྱུག་རྒྱུ་སྔར་བས་མང་དུ་བྱིན་ཡོད་ཟེར། ད་དུང་སྤྱི་ལོ2000ནས2009ཡི་བར་འཛམ་གླིང་ཡོངས་ནས་ས་ཡོམ་གྱི་རྐྱེན་ངན་དུ་ཞ་བའི་མི་གྲངས་ཁྲི45.3དུ་བུད་ཟིན་ཟེར། དབྱེ་ཞིབ་བྱས་པ་ལྟར་ན་མི་མང་པོ་འདི་ལྟར་ལྷན་ཅིག་ཤི་བར་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ས་ཡོམ་རང་སྟེང་ན་མེད་ལ་འཛུགས་སྐྲུན་དང་ཨར་ལས་ཀྱི་སྟེང་ན་ཡོད་ཟེར། དེ་ཡང་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་ཁྱིམ་གཞིར་འབོད་པའི་སྡོད་ཁང་དག་ནི་ཐད་ཀར་འཇིགས་སུ་རུང་བའི་མི་གསོད་ལག་ཆར་གྱུར་ཡོད་ཟེར་བ་དེ་རེད།
ད་ལོའི་ཟླ1ཚེས12ཉིན་བྱང་ཨ་མེ་རི་ཀའི་ཧེ་ཏི་རྒྱལ་ཁབ་ལ་རིམ་པ7.3ཅན་གྱི་ས་ཡོམ་བྱུང་སྟེ་མི་གྲངས་ཁྲི23གྱི་སྲོག་ཤོར་བ་རེད། ཟླ2པའི་ཚེས27ཉིན་ཡང་བྱང་ཨ་རིའི་ཀྲི་ལི་རྒྱལ་ཁབ་ལ་རིམ་པ8.8ཅན་གྱི་ས་ཡོམ་ཆེན་པོ་བྱུང་རུང་ཁྱོན་བསྡོམ་མི་གྲངས1000མ་གཏོགས་རྐྱེན་ངན་དུ་མ་ཤོར་ཟེར། ཧེ་བག་འདི་ནི་འཛུགས་སྐྲུན་དག་ས་ཡོམ་འགོག་པའི་ཚད་ཐིགས་ལྟར་ལས་ཡོད་མེད་ལས་བྱུང་བར་ཁ་ཚོན་བཅད་དེ་སྨྲོས་འདུག
དེར་བདག་གིས་འདྲི་བར་འདོད་པ་ནི། ན་ནིང་ཝུན་ཁྲོན་གྱི་དམར་པོ་ཁྲག་གི་བསླབ་བྱ་ཡོད་བཞིན་དུ་ཡུལ་ཤུལ་སྐྱེ་རྒུའི་སྡོད་ཁང་དག ནང་སྒོས་སུ་སློབ་གྲྭའི་ཁང་པ་དག་ཅིའི་ཕྱིར་རྒྱལ་ཁབ་ཀྱི་ཐག་བཅད་ལྟར་རིམ་པ7--8ཀྱི་ས་ཡོམ་འགོག་ཐུབ་པའི་ཚད་ཐིགས་སུ་སྲ་བརྟན་དང་ཡང་ན་བསྐྱར་ལས་མ་བྱས་པ་རེད། ད་ཐེངས་ཀྱི་ས་ཡོམ་ཁྲོད་སྲིད་གཞུང་སོགས་སྲིད་འཛིན་སྡེ་ཁག་གི་ཁང་པ་འབོར་ཆེན་འགྱེལ་བ་དང་ཡང་ན་སྲིད་འཛིན་དཔོན་རིགས་མང་པོ་གཞུང་ལས་བསྒྲུབ་ས་ནས་འདས་པར་གྱུར་བའི་སྐད་ཆ་གོ་རྒྱུ་ཤིན་ཏུ་ཉུང་ལ། དེ་ལས་ལྡོག་སྟེ་སློབ་གྲྭའི་ཁང་པ་དག་ནི་དགེ་སློབ་མང་པོའི་གཅེས་པའི་ཚེ་སྲོག་དང་ལྷན་དུ་རང་འཐག་བར་དུ་ནས་ཁྲ་བླུགས་པ་བཞིན་སྐྱ་ཐོལ་ཐོལ་དུ་ཁྲིལ་བྱུང་འདུག དོན་འདི་གཉིས་གཤིབ་བསྡུར་ཞིག་བྱས་ན་ང་ཚོས་ག་རེ་མཐོང་སྲིད། ང་ཚོས་མཐོང་མི་ཉན་པ་ག་རེ་མཐོང་སྲིད།
མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཟེར་བ་ལྟར་གནས་སྐབས་མང་པོར་མི་རྣམས་རང་བྱུང་གོད་ཆག་གི་མདུན་ནས་ཁུ་སིམ་མེར་སྡོད་དགོས་པ་རེད། དེ་ལྟ་མོད་ཀྱི་སྡོད་ཁང་ལས་དུས་འཛུགས་སྐྲུན་རྒྱུ་ཆའི་བཟང་ངན་ཚད་ཐིགས། ཨར་ལས་རུ་ཁག་གི་ལག་རྩལ་ཆེད་ལས་ཐོབ་ཐང་། སྡོད་ཁང་ལས་པའི་བྱ་བའི་མགོ་མཇུག་བར་གསུམ་གྱི་ལྟ་རྟོགས། སྡོད་ཁང་འགྲུབ་རྗེས་ཀྱི་རྒྱུ་སྤུས་གཏན་འབེབས་སོགས་ཀྱི་ལས་ཀའི་གོ་རིམ་ཁྲོད་དུ་འབྲེལ་ཡོད་དཔོན་རིགས་དང་ལས་ཁུངས་ཀྱིས་འགན་ཁུར་ཡོད་དམ་མེད། དཔོན་རིགས་དེ་དག་དང་ལས་མི་དེ་དག་གིས་རྒྱལ་ཁབ་ཀྱིས་ཉེ་བའི་ཆར་ཐག་བཅད་པའི་སྡོད་ཁང་གི་རྒྱུ་བ་ཁག་ཐག་བྱེད་པའི་སྒྲིག་སྲོལ་ལམ་ལུགས་དོན་འབེབས་དང་སྲུང་བརྩི་བྱས་ཡོད་དམ་མེད། འདིའི་བར་ན་ཁྲིམས་འགལ་ལུགས་འགལ་གྱི། གསིག་རྔན་ལྐོག་ཚོང་གི། རྒྱུ་འབྲས་སྣོག་བསིབ་ཀྱི། ནུས་མེད་འཇོན་ཆུང་གི། སྣང་མེད་དོགས་མེད་ཀྱི། འགྲོ་ཐུབ་འདུག་ཐུབ་ཀྱི་བྱ་བ་ལས་སྟངས་དང་སྐད་ཆ་ཤོད་ཚུལ་ཡོད་དམ་མེད། འོ་ན་ཚབས་ཆེ་བའི་འཐུས་ཤོར་འདི་དག་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་སྲིད་འཛིན་སྒྲིག་སྲོལ་གྱི་ཐག་གཅོད་ཡོད་དམ་མེད། འདི་ནི་བདག་གིས་བལྟས་ན་རྐྱེན་ངན་དུ་ཞ་བའི་ཚེ་སྲོག་སྟོང་ཕྲག་གཉིས་ལྷག་གི་ཚབ་ཏུ་སྤྱི་འབངས་སུས་ཀྱང་འདྲི་རུ་རུང་བའི་དྲི་ཚིག་ཅིག་རེད་སྙམ་ལ། དེ་བས་ཀྱང་འབྲེལ་ཡོད་སྲིད་གཞུང་མགྲིན་ཚབ་པས་གཏན་ནས་གཡོལ་ས་མི་འགྲོ་བར་གསལ་ཁ་བཀྲོལ་དགོས་ལ་འབྲེལ་བ་ཞིབ་མོ་རྒྱག་པའི་དོན་ཞིག་རེད་སྙམ།
གསོན་པའི་མིས་བྱ་བ་འདི་དག་ལེགས་པོར་མ་འཁྱོངས་ན་ཤི་བའི་མི་བདེ་བར་གཟིམ་མི་ཐུབ་ལ། ནམ་ཡོང་ཆ་མེད་ཀྱི་རང་བྱུང་གོད་ཆག་འདི་འདྲར་རྗེས་ཕྱོགས་ཅི་ནུས་ཀྱིས་གཡོལ་བའམ་སྔོན་འགོག་བྱེད་པའི་བྱ་བར་ཡང་ཁག་ཐག་ཡོད་མི་སྲིད། ད་དུང་རིགས་སོ་སོའི་མི་དམངས་ཡོངས་ནས་སྟོབས་ཤུགས་ཆིག་ཏུ་སྒྲིལ་ཏེ་ཕུལ་བའི་རྒུད་སྐྱོབ་དམངས་སྒོར་དུང་ཕྱུར75(སྤྱི་ལོ2010ལོའི་ཟླ4པའི་ཚེས26ཉིན་བར་དམངས་སྒོར་དུང་ཕྱུར45 དང་། དུང་ཕྱུར30ཡི་རིན་གྱི་དངོས་ཆས་ཚགས་སུ་ཆུད་ཡོད་ཟེར)ཡང་བཀོད་སྤྱོད་ཀྱི་ལམ་བར་ནས་རྐུན་པོའི་ཁུག་མར་རེ་འགའ་མི་ལྷུང་བའི་ངེས་པ་ཡང་ཡོད་པ་མ་རེད།
བཅུ་བཞི། མཇུག་གི་སྐད་ཆ།
སྤྱིར་བདག་གི་སྐད་ཆ་འདི་དག་ནི་མ་གཞི་ནས་ས་ཡོམ་འདི་བཞིན་མགོ་ཆད་མཇུག་ལྡུམ་དུ་གྱུར་ཏེ་ངོས་ཧྲིལ་པོ་ཞིག་འགྲུབ་མེད་རུང་། གདུང་ཡུས་ཤིག་རུས་པའི་གསིང་ནས་གས་ཡོང་བ་གཞིར་བཞག་སྟེང་། ཡི་གེ་འཚོ་རྫི་བྱེད་མཁན་ཞིག་གི་ནུས་ཚོད་ཀྱིས་ཧྲིག་བཅག་གི་སྐྱེ་རྒུ་འདི་སླར་འཚེམ་ཞིང་བཟོ་བར་དྲས་ཧྲིག་ཁབ་སྣེ་ཙམ་སྦྱོར་བ་ཡིན། (རྩོམ་ཐུང་འདི་ཚན་པ་བཅུ་བཞིར་དབྱེ་དོན་ཡང་རིགས་རྒྱུད་འདིའམ་མིའི་རིགས་ཀྱི་ཡ་ང་བའི་ཚེས་བཞིའི་ཉིན་མོ་འདིར་དྲན་གསོ་བྱེད་པས་ཡིན)
མཇུག་མཐར་རྒྱའི་སྙན་ངག་པ་ཨེ་ཆུན་གྱི“ངའི་མིག་ནང་ཅིའི་ཕྱིར་དུས་རྒྱུན་མཆི་མས་བཀང་། དེ་ང་ས་གཞི་འདི་ལ་དགའ་ཞིང་དུང་བས་ཡིན”ཞེས་པའི་ཚིག་རྐང་འདིས་རྩོམ་ཐུང་འདི་མཇུག་སྒྲིལ་བར་བྱེད།(རྫོགས།)
2010·4
(གོང་གི་འཕྲོ)བཅུ་གཅིག གོ་རེ་གཅིག གོ་རེ་གཉིས།
རེབ་གོང་གསང་སྒྲོག་ས་ཁུལ་གྱི་མང་ཚོགས་ཀྱིས་ས་ཡོམ་གནོད་འཚེ་ཐེབས་སར་རང་གི་ཁྱིམ་ཚང་གིས་བསྲེག་པའི་གོ་རེ་ཆེ་མ་ཆུང་གསུམ་ཞལ་འདེབས་སུ་འབུལ་གྱིན་འདུག དེར་བགྲེས་པོ་ཞིག་གིས“ང་ཚོས་རང་རང་གི་ཚགས་ཚོད་ཀྱིས་གོ་རེ་གཅིག་གཉིས་རེ་ཡིན་རུང་ས་དེ་གའི་མང་ཚོགས་ལ་ཕུལ་བ་ཡིན”ཟེར། རེད། གོ་རེ་གཅིག གོ་རེ་གཉིས། བོད་མི་ས་ཡ་དྲུག་པོས་གོ་རེ་གཅིག་རེ་གཉིས་རེ་སྐྱེལ་རྒྱུ་ན་དེའི་སྟོབས་ཤུགས་ནི་ཧ་ལས་པ་དགོས་པ་ཞིག་རེད། གོ་རེ་བཟའ་བཏུང་རེད། གོ་རེ་མི་སེམས་རེད། གོ་རེ་ཨར་འདམ་གྱིས་མནན་ཞིང་རྣོ་ལྕགས་ཀྱིས་འཚུར་བའི་ཡུལ་མི་དག་གི་སྲོག་གི་རྒྱུན་འཚོ་བའི་རྟེན་རེད། གྲང་ངར་གྱིས་གཅུན་ལ་མུན་ནག་གིས་བཏུམས་པའི་སྐྱེ་རྒུ་མདོའི་མགོ་ཐོག་ལ་འཆར་བའི་ཉི་མ་རེ་རེ་རེད། ཟླ་བ་རེ་རེ་རེད། ཆོས་ལུགས་པས“བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། དགེ་སྡུག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ”ཟེར། ཁྱིམ་པ་བས“རྒྱ་མཚོའི་ནང་ལ་དཀར་ཐིགས། ཚེ་འབར་ནང་ལ་སྣུམ་ཐིགས་ཟེར།”ཟེར། གང་ཡིན་ཡང་ཡོད་པས་བརྒྱ་འབུལ་སྟོང་འབུལ་དང་མེད་པས་མེ་ཏོག་མཆོད་འབུལ་བྱེད་པའི་དུས་འདིར་འུ་ཚོས་སྤར་ཁ་མི་འཁུམ་པར། སེམས་ཁ་མི་ལྷོད་པར་རང་གི་སྤུན་ཟླ་འདི་དག་ལ་དངོས་དངུལ་བསམ་བློ་གང་ཆ་ནས་རོགས་རམ་གཞོགས་སྐྱོར་བྱེད་རྒྱུ་ནི་འོས་བབས་ཀྱི་འགན་འཁྲི་དང་གཡོལ་མེད་ཀྱི་དོ་ཁུར་རང་རེད།
འུ་ཚོས་ལག་གདང་སྦྲེལ་ལ་སྐྱེ་རྒུ་མདོར་གོ་རེ་སྐྱེལ་ཡ། བཏུང་ཆུ་སྐྱེལ་ཡ། ལྷག་བསམ་དང་གཞན་ཕན་སྐྱེལ་ཡ། ད་དུང་སང་གི་རེ་བ་དང་གནངས་ཀྱི་འདུན་པ་སྐྱེལ་ཡ།
བཅུ་གཉིས། ཁ་བ་འདི། ཁ་བ་འདི།
ཟླ་བཞི་པའི་ཚེས་ཉེར་གཅིག་ཉིན་ཁ་བ་བབས། གཤིན་པོའི་བདུན་ཚིགས་གཅིག་འཁོར་བའི་ཉིན་ཁ་བ་བབས། སའི་རྒྱ་ཁྱོན་གྱི་སྐྱེ་བོ་དུང་ཕྱུར་གྱིས་འདས་པོར་མྱ་ངན་ཞུ་བའི་ཉིན་ཁ་བ་བབས། ཁ་བས་མདོ་ཁམས་ཡུལ་ལུང་དཀར་བོང་བོང་དུ་བསྒྱུར། ཁ་བས་མི་སེམས་ཀྱི་དབུས་མཐའ་དཀར་བོང་བོང་དུ་བསྒྱུར། རེངས་པར་གྱུར་བའི་མཆི་མ་དཀར་པོ་འདིས། སོབ་སོབ་ཞི་བའི་མཆི་མ་ནེམ་པོ་འདིས། རྣམ་ཤེས་སྟོང་ཕྲག་གི་བར་དོའི་ལམ་བུ་བངས་སོང་། ས་གཞི་རི་རབ་ཀྱི་རྡུལ་སྙིགས་བངས་སོང་། སྤང་ཐང་ནགས་མ་ཡི་རྩད་པ་བངས་སོང་། ལྷ་ཡུལ་གྱི་སྤྲིན་པ་དཀར་པོའི་སྐས་གདང་་བངས་སོང་། མི་ཡུལ་གྱི་མ་ཎིའི་འགུག་དབྱངས་རིང་མོ་བངས་སོང་།
ངའི་ཕུ་ནུ། ངའི་གཉེན་ཉེ། དེ་རིང་ཁྱོད་ཀྱིས་ངའི་སེམས་པའི་ཁ་བའི་ཁྲོད་དུ་ཞབས་རྗེས་འཇོག་གིན་གནས་གང་ཞིག་ལ་བུད་སོང་། དེ་རིང་ཁྱོད་ཀྱིས་ངའི་སེམས་པའི་ཁ་བའི་ཁྲོད་དུ་རྡོག་སྒྲ་ཐྲིག་ཐྲིག་འཇོག་གིན་ལམ་གང་ཞིག་ལ་ཆས་སོང་།(མུ་འགོད)
(གོང་གི་འཕྲོ་མ)དགུ། ཐེ་ཝན་པ་ཨ་ཧྥུ།
ས་ཡོམ་ཆེན་པོ་འདིའི་ཁྲོད་དུ་ལོ་ན་བཞི་བཅུ་ཙམ་གྱི་རྒྱ་རིགས་སྐྱེས་པ་ཞིག་འདས་གྲོངས་སུ་གྱུར་འདུག ཁོའི་མིང་ལ་ཨ་ཧྥུ་ཟེར། ཕ་ཡུལ་ཐེ་ཝན་གླིང་ཕྲན་གྱི་རེད། ཁོ་རང་བརྗེད་དུ་མི་བཏུབ་པར་འདིར་གླེང་དོན་ནི། ཁོས་གཞེས་ནིང་ལོར་དཔའ་ཁས་ལེན་བགྱིས་ཏེ་ཝུན་ཁྲོན་གནོད་ཐེབས་ས་ཁུལ་དུ་སོང་སྟེ་ས་དེའི་མང་ཚོགས་ལ་རོགས་རམ་བྱས་འདུག་ལ། ཟླ་འདིའི་ཚེས་བརྒྱད་ཉིན་ཡང་རང་གི་རེ་ཞུ་ལྟར་མཚོ་སྔོན་ཡུལ་ཤུལ་སྐྱེ་རྒུ་གྲོང་ཚོར་ཡོང་སྟེ་དྭ་ཕྲུག་སློབ་གྲའི་དགེ་རྒན་བྱས་འདུག འོན་ཏེ་ཁོ་རང་ཡོང་བའི་ཉིན་དྲུག་པར་ས་ཡོམ་བྱུང་ལ། ཁོ་རང་མ་གཞི་སྒོ་ཕྱིར་ཐར་ཐོན་ཡོད་རུང་དགེ་རྒན་གཞན་པ་དང་སློབ་མ་ཚོ་སྐྱོབ་ཆེད་ཕྱིར་འདར་ཡོམ་ཁྲོད་ཀྱི་སློབ་ཁང་དུ་བརྒྱུག མཐར་ཨར་འདམ་གྱི་གདུང་མ་བརྡུབ་འོག་ཏུ་ནས་སྲོག་ཤོར་འདུག ཁོའི་གཞན་ཕན་དང་ལྷག་བསམ་གྱིས་བྲིས་ཤིང་བྲི་བར་རྩོམ་པའི་མི་ཚེའི་ཕུགས་རེ་ཡང་བོད་ས་མཐའི་ལུང་ཕུག་འདི་ནས་གཏན་དུ་ཆད་པར་གྱུར་སོང་བ་རེད།
ཁོ་རང་རུས་ཐལ་སྤར་མོ་གང་དུ་གྱུར་ཏེ་ཕྱིར་ཕ་ཡུལ་གྱི་པང་དུ་ལོག་དུས། ཁོའི་ཕ་མ་་གཉིས་ཀྱིས་ག་རེ་གསུང་སྲིད། ཁོའི་གཉེན་མི་དང་སྡེ་བས་ག་རེ་གསུང་སྲིད། ཁོའི་མེས་རྒྱལ་དང་མི་རིགས་ཀྱིས་ག་རེ་གསུང་སྲིད། བདག་གིས་སྨྲ་བར་སྤོབས་པ་ནི་ཤེས་རིག་དང་བརྩེ་ཞེན་ཁྱབ་པའི་སྤྱི་ཚོགས་ཤིག་ནས། ཁོ་ལ་འཁང་ར་བྱེད་མཁན་ཡོད་མི་སྲིད་ལ། ཁོ་ལ་ལེ་ཁག་དཀྲི་མཁན་ཡོད་མི་སྲིད། ཁོ་ནི་ངོམ་དུ་རུང་བའི་ཐེ་ཝན་གླིང་ཕྲན་གྱི་བུ་ཕོ་ཞིག་ཡིན་པས། ཁོ་ནི་བསྔགས་པར་འོས་པའི་དུས་རབས་ཀྱི་དཔའ་བོ་ཞིག་ཡིན་པས།
“མི་ལ་ལ་གསོན་ཡོད་རུང་ཁོ་སྔར་ནས་ཤི་ཟིན། མི་ལ་ལ་ཤི་སོང་རུང་ཁོ་ད་དུང་གསོན་ཡོད།” ཙང་ཁེ་ཅའི་སྙན་ཚིག་འདི་བདག་གིས་ཨ་ཧྥུ་ལགས་ཀྱི་སྤུར་རྡོའི་བྱང་བུར་བཀལ་བའི་མེ་ཏོག་གི་ཕྲེང་བ་དཀར་པོ་ཡིན།
བཅུ། ཁ་ཆེའི་ལུག་ཤ
ཡང་ན“བོད་ཀྱི་མ་བསད་ཆོས་དང་། ཁ་ཆེའི་མང་བསད་ཆོས” ལྟ་བུའི་དམངས་ཁྲོད་བག་ཆགས་སམ། ཡང་ན་ཨ་ཧྥུ་གེན་གྱི་བྷ་མེ་གཡང་སྟོན་སྐུ་བཅོམ་པའི་ས་རྡུལ་གྱིས་སམ། ཡང་ན“9.11” ལས་ཐོག་ཁང་མདའ་མོ་སྤུན་གཉིས་མ་མིང་གི་ལྷག་མར་བཏང་བས་སམ། གང་ལྟར་བདག་གིས་ད་རེག་བར་ཁ་ཆེ་པའམ་མོ་སུ་ལེན་པར་ཁ་དོག་གི་མིག་གིས་བལྟས་པ་མི་ཉུང་།
འོན་ཏེ་ཁ་སང་གི་བརྙན་ངོས་ཤིག་གིས་ང་རང་རེ་ཞིག་ཧད་སེར་བཏང་། དེ་ཡང་ཁ་ཆེ་པ་ཕོ་མོ་བདུན་གྱིས་སྒོར་ཁྲི་བཅུ་ཡི་ལུག་ཤ་ཉོས་ཏེ་ཐད་ཀར་གནོད་ཐེབས་ས་ཁུལ་དུ་སོང་ཞིང་། དེ་ག་ཉིད་དུ་ཇ་ཐབ་བརྒྱབ་སྟེ་ལུག་ཤ་འཚོད་དེ་མང་ཚོགས་ལ་ཟས་ཀྱི་རོགས་རམ་ཅི་ནུས་བྱེད་ཀྱིན་འདུག དེ་མིན་ཟི་ལིང་ཏུང་ཀོན་གྱི་ཁ་ཆེ་པ་དག་གིས་ཀྱང་རང་འགུལ་སྒོས་དངོས་དངུལ་འབོར་ཆེན་སྐྱེ་རྒུར་སྐྱེལ་དང་སྐྱེལ་གྱིན་འདུག དེར་ངས་ནང་སེམས་ནས་གོ་ས་བརྗེ་རེས་ཤིག་བྱས་ཏེ་གལ་སྲིད་ཁ་ཆེའི་ས་ཆ་ཞིག་ལ་འདི་ལྟའི་གནོད་པ་ཐེབས་རྒྱུ་ན་འུ་ཚོ་བོད་དག་ཁོང་ཚོར་རོགས་དན་བྱེད་དུ་འགྲོ་སྲིད་དམ། འུ་ཚོས་ཆོས་ལུགས་ཀྱི་འཐེན་འཁྱེར་ལྟ་བ་རེངས་པོ་རེ་སྲུང་སྟེ་མ་མཐོང་མ་ཐོས་ཁུལ་དུ་མི་སྡོད་པའི་ངེས་པ་ཅི་ཡང་མེད་སྙམ།
དོན་འདི་དག་གིས་ང་ཚོ་དང་ང་ཚོའི་ཆོས་ལུགས་བག་ཆགས་ལ་ཅི་ཞིག་གླེང་གིན་ཡོད་དམ། ཡང་ན་མི་རིགས་ཞེས་པའི་མི་ལོ་ཁྲི་སྟོང་གི་མཚན་གཞི་མཁྲེགས་པོ་འདི་ལ་ཟུར་ངོས་གཞན་ཞིག་ནས་ཅི་ཞིག་རྗོད་ཀྱིན་ཡོད་དམ། ཡང་ན་ཐེངས་འདིའི་གོད་ཆག་གིས་འུ་ཚོའི་འཇིག་རྟེན་ལྟ་བ་དང་གོང་ཐང་གཅོད་ལུགས་ལ་འགྱུར་བ་གང་ཞིག་འབྱུང་དུ་འཇུག་སྲིད་དམ། འོན་ཏེ་འགྱུར་བ་གང་འདྲ་བྱུང་ན་ཡང་མིའི་རིགས་ཀྱི་ཀུན་ཁྱབ་རིན་ཐང་གི་ངོས་ནས་ཚེ་སྲོག་མཐའ་དག་ལ་གཅེས་བརྩི་དང་འཚོ་བ་ཡོད་ཚད་ལ་རང་དབང་སྟེར་བའི་སྙིང་དོན་དམ་པ་དང་མ་འགལ་ན་དེ་ནི་མིའི་རིགས་ཧྲིལ་པོས་འཚོལ་སྙེག་དང་རེ་ལྟོས་འཆའ་སའི་མཐར་ཐུག་རིན་ཐང་མ་ཡིན་ནམ།(མུ་འགོད)
(གོང་གི་འཕྲོ་མ།)བདུན། ལྗང་སེར་དཀར་དམར།
སྐྱེ་རྒུའི་ཤའུའི་ངོས་སུ་མེ་མདག་ལྷུང་དུས། སྐྱེ་རྒུའི་མིག་གི་རྣོ་ལ་ས་རྡུལ་འབབ་དུས། སྐྱེ་རྒུའི་ཐོས་པ་འུར་ཆོམ་གྱིས་འགས་དུས། སྐྱེ་རྒུའི་སྒལ་ཚིགས་ལ་རྡོ་བ་འཕུད་དུས། སྐྱེ་རྒུའི་དབུགས་ཀྱི་འབྱིན་རྔུབ་ས་རྡུལ་གྱིས་འགག་དུས། སུ་ཞིག་གིས་ས་ཆེན་གོམ་པས་གཞལ་ཏེ་ཐོན་བྱུང་། སུ་ཞིག་གིས་གྲང་ངར་ལྭ་བར་གྱོན་ཏེ་ཐོན་བྱུང་། སུ་ཞིག་གིས་སྨག་གི་ལམ་བུ་ཐར་དུ་གཅད་དེ་ཐོན་བྱུང་། ཡང་སུ་ཞིག་གིས་ཚེ་སྲོག་གཏའ་མར་བཞག་སྟེ་གཤིན་རྗེའི་མཆེ་བར་ལ་ལག་པ་བསྲིངས་བྱུང་། བར་དོའི་འཕྲང་ལམ་དུ་གོམ་ཕྱེད་བོར་བྱུང་། དེ་ནི་ང་ཚོའི་གཅེས་སུ་འོས་པའི་མི་དག་རེད། དེ་ནི་ང་ཚོའི་སྤུན་ཟླ་མི་རིགས་ཀྱི་བརྩེ་གདུང་རེད། གཟན་ཤམ་དམར་པོ་ཅན་གྱི་སེར་མོ་པ། ལྭ་བ་ལྗང་གུ་ཅན་གྱི་དམག་མི། སེར་པོ་ཅན་གྱི་ཉེན་འགོག་པ། དཀར་པོ་ཅན་གྱི་སྨན་པ། ཁ་དོག་འདི་དག་གིས་སྐྱེ་རྒུའི་སྐྱ་མདོག་གི་ས་གཞིར་ཚོན་རིས་བགོ་ཡིན་ཡོད། ཁ་དོག་འདི་དག་གིས་སྐྱེ་རྒུའི་ཚེ་སྲོག་གི་ཚ་གདུང་ལ་བསིལ་གྲིབ་བྱུག་གིན་ཡོད།
བརྒྱད། ཤ་ཡི་སྦུ་གུ
ཟླ་བཞི་པའི་ཚེས་བཅུ་དགུའི་དགུང་མོར་མཚོ་སྔོན་བརྙན་འཕྲིན་ཁང་དང་ཧུའུ་ནན་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་ཟི་ལིང་ནས་རྒུད་སྐྱོབ་སྦྱིན་དངུལ་བསྡུ་བའི་དགུང་ཚོགས་བསྡུས་ལ། དེར་རྒྱ་ནག་གི་གླུ་བ་གླུ་མ་སྐད་གྲགས་ཅན་གང་མང་ཕེབས་འདུག བོད་ཀྱི་ཡང་བགྲང་དུ་འོས་པའི་གླུ་བ་གླུ་མ་འགའ་ཤས་ཐོན་འདུག ངས་བཤད་འདོད་པ་ནི་འུ་ཚོ་བོད་ཀྱི་གླུ་བ་གླུ་མ་དག་ཡིན། ངས་བཤད་འདོད་པ་ནི་འུ་ཚོ་བོད་ཀྱི་གླུ་བ་གླུ་མ་དག་གི་ལུས་ཀྱི་ལྭ་དང་ངོ་ཡི་སྐག་ཡིན། ངས་བཤད་འདོད་པ་ནི་འུ་ཚོ་བོད་ཀྱི་གླུ་བ་གླུ་མ་ཚོའི་ནང་སེམས་སྟོང་བ་ནས་ཕྱི་ཤུན་རྫིག་པོའི་བར་ཐག་ཡིན། ང་ལ་འདི་འདྲའི་འཁང་ར་ཞིག་གང་ནས་ཡོང་། ང་ལ་འདི་འདྲའི་ཁག་དཀྲི་ཞིག་གང་ནས་ཡོང་།
དགུང་སྔོན་པོས་མཆི་མ་གཏོར་གྱིན། མཐོ་རི་བོས་མགོ་བོ་གུད་དེ། ས་དོག་མོས་ངག་སྒོ་བསྡམ་ནས། ཆུ་གཙང་མོས་ངུད་མོ་སྒྲོག་གིན། འཛམ་གླིང་གོ་ལ་ཁྱོན་གྱིས་རྐྱེན་ངན་དུ་ཞ་བའི་ཡུལ་སྐྱེ་རྒུའི་ནང་མི་སྤུན་ཟླ་སྟོང་ཕྲག་གི་ཤི་གསོན་ཆག་འཇིག་ལ་མྱ་ངན་ཚད་མེད་བྱེད་དུས། སྐྱོ་གདུང་ཚད་མེད་བྱེད་དུས། སྡུག་བསྔལ་ཚད་མེད་བྱེད་དུས། ང་ཚོའི་གླུ་བ་གླུ་མ་འདི་དག་ལ་ཅི་བྱུང་སོང་། ཁོ་ཚོ་དེ་རིང་རྩེ་དགའ་དགོད་གསུམ་གྱི་སྟོན་མོར་ཕེབས་པ་ཡིན་ནམ། ཁོ་ཚོ་དེ་རིང་ཆང་གཞས་བྲོ་གསུམ་གྱི་ཁྲོམ་ལ་ཕེབས་པ་ཡིན་ནམ། ཉི་མ་ལྷ་མོའི་ལྭ་ཁྲ་སྲམ་ཁ་ཅན། ཡ་དུང་གི་སྟོད་གོས་དམར་ཙག་གེ་བ། གཡུང་དྲུང་རྒྱལ་གྱི་ངག་ནས་ཐོན་པའི་བཀྲ་ཤིས་བདེ་ལེགས་ཞུ་བའི་གླུ་ཚིག དབང་མོ་ཡི་རི་བྱ་ཞིག་དང་འདྲ་བའི་ཆ་ལུགས། ད་དུང་ཁོ་ཚོའི་ངོ་ཡི་སྐག་རྩི་དང་མགོ་སྐྲ་སི་ལི་མ། གནག་ཏུ་བྲིས་པའི་རྫི་མ་དང་དམར་དུ་ཕབ་པའི་མཆུ་སྒྲོས། ཁོ་ཚོར་དོན་དམ་ག་རེ་བྱུང་སོང་བ་རེད། འུ་ཚོས་དོ་ནུབ་ཡང་བསྐྱར་རྒྱ་རིགས་བློ་མཐུན་ཚོའི་མདུན་ནས་རང་གི་ཤེས་མེད་མགོ་ཡངས་ཀྱི་ཕྱིར་ངོ་ཚ་ཉོས་ཏེ་ནག་རོག་གེར་སྡོད་དགོས་བྱུང་སོང་། རང་གི་ཨ་གསར་ཅོལ་ཆུང་གི་ཕྱིར་དུ་ཡང་བསྐྱར་ཡི་མུག་སྐྱེས་ཏེ་སྐྱོ་ལྷང་ངེར་ཡིབ་དགོས་བྱུང་སོང་། དོན་འདིའི་ང་ཚོའི་གླུ་ལེན་སྒྱུ་རྩལ་པར་ཁེས་འཆེས་པའི་ཕོ་མོ་འདི་དག་གི་ཅི་ཞིག་མཚོན་གྱིན་ཡོད་དམ།
མ་མཐར་ཡང་ནང་མི་འཆི་བའི་དུས་སུ་ཤོམ་མི་བྱེད་པ་དང་བཀྲ་ཤིས་བདེ་ལེགས་མི་ཞུ་བའི་བཅོས་མིན་སེམས་བྱུང་མེད་རུང་དེ་ཙམ་གྱི་གོམས་སྲོལ་དུ་བསྟུན་དགོས་པ་ཡང་མི་ཤེས་ན། ངས་ཁོ་ཚོའི་ཚུལ་དང་ཚུགས་ཀ་འདི་དག་ལ་ཅི་ལྟར་གུ་ཡངས་གཏོང་རྒྱུའི་རྒྱུ་མཚན་ཞིག་གནས་སྐབས་དྲན་མི་ཡོང་། དངོས་ནས་དྲན་མི་ཡོང་།
གང་ལྟར་ཡང་འདི་ལྟ་བུའི་བོད་ཀྱི་གླུ་བ་གླུ་མ་དག་ནི། འདི་ལྟ་བུའི་བོད་ཀྱི་རིག་གནས་སྒྱུ་རྩལ་གཉེར་ཁུལ་བྱེད་པ་རྣམས་ནི། གཞན་ཞིག་ཆང་གིས་ར་བད་དུས་གླུ་དབྱངས་ལེན་སྤྱད་ཤ་ཡི་སྦུ་གུ་ཙམ་ལས། ནང་མི་སྡུག་གིས་ཞེ་སྨྲེང་དུས་བསམ་བློ་གཏོང་མཁན་ཤེས་རབས་ཀྱི་ཕུང་བོ་ཞིག་མིན་པ་དེའོ། (མུ་འགོད)
ལྔ། ཕོ་ཉའི་འཕུར་ཁྱུ།
དེ་རིང་བར་བདག་གི་མནོག་ཆུང་བློ་ཡི་བག་ཆགས་སུ། བོད་སྐད་རླུང་བརྙན་འཕྲིན་གྱི་གསར་འགྱུར་རྒྱང་བསྲིངས་དང་བརྙན་སྒྲོན་ནི་ཕལ་ཆེར་སྒྱུར་རྩོམ་ཀློག་འདོན་གྱི་སྟབས་བདེའི་བསྐྱར་དཔར་ལས་རིགས་ཤིག་ཏུ་འཛིན་པ་ཡིན། ད་རེག་བར་ཆེས་བལྟས་པ་ཉུང་བའི་བོད་ཀྱི་རླུང་བརྙན་འཕྲིན་ལེ་ཚན་ཡང་བོད་སྐད་གསར་འགྱུར་ཡིན་རྒྱུ་རེད། འོན་ཏེ་ད་རེས་ཀྱི་ས་ཡོམ་གནས་ཚུལ་ཐད་གཏོང་རྒྱང་སྒྲོག་འདིས། དེ་སྔོན་བོད་སྐད་གསར་འགྱུར་ལ་བཟུང་བའི་ངའི་བློ་ཁ་སྟུག་པོ་དེའི་ཁ་ཕྱོགས་ཡོངས་སུ་དཀྱུས་སོང་།
ས་ཡོམ་བྱུང་བའི་ཕྱི་ཉིན་ཏེ་ཚེས་བཅོ་ལྔ་ཉིན་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གསར་ཤོག་པ་ལྷ་རྒྱལ་བཀྲ་ཤིས་ཀྱིས་སྐྱེ་རྒུ་མདོ་ནས་གསར་འགྱུར་དང་པོ་སྒྲོག་བྱུང་ལ།(བདག་གིས་འདིའི་སྔོན་ལ་ཐེངས་འདིའི་ས་ཡོམ་ཕྱོགས་ཀྱི་བོད་སྐད་གསར་འགྱུར་ཞིག་གོ་མ་བྱུང)དེར་མཐུད་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་ཀྱང་ཁྱོན་ཡོངས་དང་འཐུས་ཚང་བ། ལས་མྱུར་ལ་གནད་ཆུམས་པའི་ངང་ཐེངས་འདིའི་ས་ཡོམ་གྱི་གསར་འགྱུར་ཁག་ས་ཡོམ་གྱི་ཕྱི་ནང་ཀུན་དང་འབྲེལ་བ་ཡོད་པའི་བོད་ས་ཕྱོགས་སོ་སོ་དང་སྡེ་ཁག་སོ་སོ་ནས་གཅིག་མཇུག་གཉིས་མཐུད་སྒོས་བརྙན་སྒྲོན་བྱས་ཡོང་བ་རེད། འདི་ལྟ་བུའི་གསར་འགྱུར་བརྒྱུད་སྒྲོག་གིས་ད་གཟོད་ཐེངས་འདིའི་རྒུད་སྐྱོབ་ལས་ཀའི་འཕེལ་རིམ་ལ་གཞོགས་འདེགས་ཤུགས་ཆེན་བྱས་སོང་ལ། འདི་ལྟ་བུའི་གསར་ཤོག་ལས་མི་ཡོད་པས་ད་གཟོད་བོད་སྐྱ་སེར་ཕོ་མོ་ཁྲི་སྟོང་གི་སྲོག་གི་ཉེན་བརྡ་རི་ཆུ་ཁྲི་སྟོང་གི་ཕྱི་རོལ་ཏུ་སྐྱེལ་ཐུབ་པ་བྱུང་བ་རེད།
བོད་ཉན་མཁན་ནམ་ལྟ་མཁན་ཞིག་ཡིན་པའི་ཆ་ནས། བདག་གིས་འདི་ནས་བོད་ཀྱི་རླུང་བརྙན་སྡེ་ཁག་གི་གཞོན་སྐྱེས་འདི་དག་ལ་ཤ་རུས་པའི་གཏིང་ནས་རྗེས་སུ་ཡི་རངས་སྒོམ་པ་ཡིན། སླད་མར་ཁྱོད་ཚོས་ཉེན་ཁའི་གནས་ནས་བྲིས་པའི་ཡི་གེ་དང་། བརྗོད་པའི་སྐད་ཆ། སོང་བའི་ལམ་དང་བསྡད་པའི་གནས། དེ་བས་ཀྱང་གཞན་གྱིས་རྟོགས་དཀའ་བའི་རང་ཉིད་གཅིག་པུའི་ན་ཟུག་དང་ཁེར་རྐྱང་། ད་དུང་བརྙན་ཆས་དང་སྐད་སྦུག་གི་རྒྱབ་ནས་ཁུ་སིམ་མེར་གཏོར་བའི་མཆི་མ་དག ཁྱོད་ཚོའི་ལང་ཚོའི་དོན་སྙིང་དང་མི་ཚེའི་དན་དཔང་མ་ཡིན་ནམ། རང་གི་ཕ་ཡུལ་དང་ཕུ་ནུ། རྒྱ་ཆེ་བའི་རྩྭ་ཐང་གི་མཉེས་གཤིན་ལ་དྲིན་གཟོ་ཐེངས་གཅིག་བྱས་པ་མ་ཡིན་ནམ།
མཇུག་མཐར། བོད་ཀྱི་གསར་འགྱུར་ལས་རིགས་འདི་མུ་མཐུད་དུ་ངེས་པ་དོན་གྱི་མི་སེར་གྱི་སྐྱིད་སྡུག་གླེང་བར་སྤོབས་པའི་དུས་རབས་ཀྱི་སྒེའུ་ཁུང་དང་། སྤྱི་ཚོགས་ཀྱི་མེ་ལོང་། རྒྱུ་འབྲས་ཀྱི་རྒྱ་མིག་ཏུ་འགྱུར་བར་སྙིང་ནས་སྨོན་ཞིང་འདུན།
དྲུག ཁྲུང་ཁྲུང་དཀར་མོ།
སྒུལ་སྐྱོབ་སྦྲ་གུར་ཞིག་ན་ལོ་བཅུ་ཁ་ཙམ་གྱི་བུ་ཆུང་ཚེ་རིང་དོན་གྲུབ་ཀྱིས་མཐའ་འཁོར་གྱི་རྨས་མ་དག་ལ་ཆུ་སྐྱེལ་བ་སོགས་རང་གིས་འཇོན་པའི་དང་བླངས་ཞབས་ཞུའི་ལས་ཀ་དག་ཚེགས་ཡང་ངང་བསྒྲུབ་ཀྱིན་འདུག ཁོའི་ཁོམ་ལོང་མེད་པའི་གོམ་ཆུང་ཐག་ཐག་གི་སྒྲ་དང་གདོང་ལ་འཁོར་བའི་སླད་མེད་ཀྱི་རྣམ་འགྱུར་གྱིས་ཁྱིམ་ཧྲིལ་པོར་རེ་བ་དང་ཡིད་ཆེས་ཀྱི་རླུང་བུ་ཞིག་ངང་གིས་སྐྱེལ་ཡོང་། དེར་གསར་འགོད་པས་བཅར་འདྲི་ཐུང་ཐུང་བྱས་རྗེས་ཁོར་གླུ་དབྱངས་ཤིག་ལེན་པའི་རེ་བ་བཏོན་ལ། ཁོས་ཚམ་ཚོམ་མེད་པར་མགྲིན་པ་གསིང་སྟེ“བྱ་དེ་ཁྲུང་ཁྲུང་དཀར་མོ”ཞེས་ཚངས་མགུར་གྱི་གླུ་དབྱངས་དེ་བླངས་བྱུང་། འོན་ཀྱང་གླུ་དབྱངས་བླངས་ཏེ“ཐག་རིང་རྒྱང་ལ་མི་འགྲོ། ལི་ཐང་བསྐོར་ནས་ཕྱིར་ཡོང་།”ཞེས་པའི་མཚམས་དེར་ཐོན་དུས་ཁོའི་མིག་ཆུ་གློ་བུར་དུ་རགས་ཁ་ཤོར་བ་ལྟར་ཤམ་ཤམ་བཞུར་ཡོང་ལ། དེ་སྔོན་ཨུ་ཚུགས་ཆུང་ཆུང་གིས་བསྲན་ཡོད་པའི་སེམས་ཀྱི་ན་ཟུག་ཡོད་ཚད་ལྷག་ལུས་མེད་པར་ངོ་གདོང་ཆུང་ཆུང་དེར་ལུད་བྱུང……།
ས་ཡོམ་འདིས་ཁོའི་ནང་མི་དང་གཉེན་ཉེ་ག་ཙམ་ཤི་གསོན་ཁ་བྲལ་དུ་བཏང་ཡོད། ཁོའི་དགེ་རྒན་དང་སློབ་གྲོགས་ག་ཙམ་ས་ཡི་གཏིང་རིམ་དུ་བརྡབ་སོང་། ཁོའི་བྱིས་དུས་ཀྱི་རྨི་ལམ་ག་ཙམ་ཐལ་བའི་རྡུལ་དུ་བརླག་སོང་། ཁོའི་སློབ་ར་ཡི་མཚར་སྣང་ག་ཙམ་རྩ་བ་དྲུང་ནས་བཅོམ་སོང་། རྨ་ཁ་འདི་དག་དེ་རིང་འུ་ཚོས་ཡང་བསྐྱར་དམར་བཤུ་རྒྱག་ག་ལ་ཕོད། འུ་ཚོས་ཡིད་ལ་གཅགས་དགོས་པ་ནི་མི་བུ་ཆུང་ཆུང་འདིའི་གནག་སྣུམ་དྭངས་གཙང་གི་མིག་ཟུང་ལས་མངོན་པའི། མི་རིགས་འདིའི་ཆག་འཇིག་གི་འགག་སྒོར་ཐོན་དུས་ཀྱི་སྡུག་བསྲན་དང་དཔའ་སྤོབས་དེ་རེད།
“ཐག་རིང་རྒྱང་ལ་མི་འགྲོ། ལི་ཐང་བསྐོར་ནས་སླེབས་ཡོང་།” རེད་ཨང་། ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དྭངས་པའི་ཉིན་མོ་དེ་རུ། སྤྲིན་ལས་གྲུ་ཆར་འཇོ་ལ་གསིང་ལ་གཡང་དཀར་འཁོར་བའི་དུས་ཚིགས་དེ་རུ། འུ་ཚོས་སླར་ཡང་ལྷ་བྱ་ཁྲུང་ཁྲུང་དཀར་མོའི་མཉེན་འཇམ་གྱི་གཤོག་རྩེ་གཡོར་ལ་ལྟེ་ཁྲག་དྲོན་མོ་གཏོར་སའི་ཕ་ས་ཕ་ཡུལ་གྱི་ཕང་བར་ཕྱིར་ལོག་ཆོག སླར་ཡང་སྐྱེ་དགུ་མདོའི་ཕ་གཞིས་སྨུག་པོ་སྐལ་བཟང་མེ་ཏོག་གི་བསུང་ངད་ཁྲོད་དུ་ཉི་མའི་ས་བོན་བཞིན་གཏོར་ཆོག གསོམ་ཕྲུག་གི་ཚུ་གུ་བཞིན་བཏབ་ཆོག སླར་ཡང་ཨ་ལ་ཐ་ལའི་གཞས་དབྱངས་དང་བསྟུན་ཏེ་ཕུ་རུང་རིང་པོས་ཞོགས་རྩྭའི་ངོགས་ཀྱི་ཆུ་ཟིལ་བྱབ་སྟེ་འགྲོ་ཆོག སླར་ཡང་རྟ་མཆོག་གི་བང་ཁ་གློད་དེ་ཡང་ཟོར་གྱི་སྐྱ་རྩལ་ངོམ་གྱིན་གསིང་ཁུགས་ཀྱི་ཁ་བཏགས་མེ་ཏོག་བཞིན་བཏུ་ཡིན་སོང་ཆོག སླར་ཡང་ཁ་སང་བསྒྲུབ་མ་ཚར་བ་ཡོད་ཚད་ཀྱི་སྣེ་མཐུད་དེ་བསྒྲུབ་ཆོག…… (མུ་འགོད)