ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> ཟིན་བྲིས་རྐང་འཛིན་པའི་སྡེ།

རྣོ་སྦྲེང་།  1986.10.19འཁྱམ་པོ་ཟུར་ཁ་ཅན་ཞིག་གི་སྐྱེ་བ་བླངས་པ་ནས་བཟུང་རང་གི་དཔྱོད་ཤེས་ཀྱི་སྟོབས་དང་ཤེས་རབ་ཀྱི་རྩལ། དོགས་སློང་གི་རྣོ་ངར་སོགས་ལ་བསྟེན་ནས། རྩོམ་ལུས་སྣ་མང་གི་རྩལ་བསྟན་ཏེ་རྩོམ་ཡིག་འགའ་རེ་བྲིས་མྱོང་ཞིང་། སྐྱེས་བུ་སྒེར་གྱི་ལྟ་གྲུབ་རེ་ཟུང་གིས་མང་ཤོས་ཤིག་ཁ་གདངས་མིག་ཅེར་དང་། ཧ་ལས་ཧང་སང་གི་གནས་སུ་བསྐྱལ་མྱོང་། ཀློག་པ་པོ་དག་ལ་བཤད་འདོད་པའི་སྐད་ཆ། ང་ནི་ཁྱོད་མ་ཡིན་པས། ང་ཁྱོད་དང་ཡོངས་སུ་མཐུན་དགོས་པའི་བདེན་པ་དང་གཏན་ཚིགས་སུ་ལ་ཡང་འདྲེན་རྒྱུ་མེད།                                                                

ཁྱོད་ཚོས་བསང་མཆོད་འདོན་རོགས།  

                                                        ______དྲ་རྩོམ་དང་བརྡ་འཕྲིན་རེ་ཟུང་ལ་བལྟས་རྗེས།      བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན་ཟེར་བ་བཞིན། དམངས་གཙོ་ལ་དམངས་གཙོའི་ཁྱད་ཆོས་ཡོད་པ་ཇི་བཞིན་དམངས་གཙོའི་ཞན་ཆ་རེ་ཟུང་ཡང་མེད་པ་ག་ལ་ཡིན། དེ་བཞིན་དུ་རིག་རྩལ་བསྐྱར་དར་དང་ལྔ་བཞིའི་ལས་འགུལ་ལ་སོ་སོའི་དགེ་མཚན་བླ་ལྷག་གིས་འཕགས་པ་དང་དུས་མཚུངས་སུ་ཞན་ཆ་རེ་ཟུང་ཡང་ལར་ནས་མེད་པ་ཞིག་ག་ལ་ཡིན་སྲིད། གནད་ཀ་འདི་དཔེ་ཆ་རེ་ཟུང་བཀླགས་མྱོང་ཡོད་མཁན་དང་བསམ་གཞིགས་ཕྲན་ཙམ་བཏང་མྱོང་ཡོད་མཁན། དཔྱོད་ཤེས་ཀྱི་བརྡ་རྟགས་ཅུང་ཡོད་མཁན་ཞིག་ཡིན་ཚེ་ཧ་གོ་ཡོད་པ་རེད། མདུད་གྲོལ་ཡོད་པ་རེད།       འོ་སྐོལ་བོད་འདི་མ་གཞི་ནས་འདི་འདྲ་ཞིག་རེད་དེ། དཀར་པོ་དུང་མིན་ན་ནག་པོ་སོ་ཡིན་དགོས་1པའི་བག་ཆགས་རྙིང་རུལ་ཞིག་གི་ལག་ཟུང་གིས་ནམ་ཡང་རྒྱབ་གཏད་ནས་གཏོང་གི་མེད་པས། ཏག་ཏག་ཆེས་ཧ་མི་གོ་ས་འདི་ན་ཡོད། ང་ཚོས་འགྲོ་བ་མིའི་རིགས་ཀྱི་རྟོགས་སད་ཀྱི་གོ་རིམ་དང་བྱུང་འཕེལ་ལ་ཕྱིར་མིག་མི་བལྟ་ན། ང་ཚོས་འོས་འཕྲོད་ཀྱི་གནས་བབ་ལ་ལྷན་སྦྱོར་གྱིས་དབྱེ་ཞིབ་རགས་ཙམ་བཏང་སྟེ་སྐད་ཆ་བཤད་ན་ཁྱེད་ཚོར་མི་འཐད་ན་བྱེ་བྲག་ལ་བབ་སྟེ། གནས་ལུགས་སམ་ལྟ་ཚུལ་བཤད་ཆོག་གི་རེད་མོད། རང་གིས་ཅི་ཞིག་ཧ་གོ་ཡོད་མདོག་གིས་བར་སྣང་ནས་བསྡད་དེ་སྐད་ཆ་རེ་ཟུང་གཅིན་གཏོང་གཏོང་བྱེད་པ་འདི་70རྗེས་ཀྱི་རྩོམ་པ་པོ་དག་གི་ལས་སྲོལ་ཡིན་ནམ། གང་ལྟར་80རྗེས་ཀྱི་ང་དང་ང་ལྟ་བུའི་སྣང་ངོར་ཁོང་དགོད་ཅིག་གི་ངོ་བོར་སིམ་འགྲོ     ལྷན་རྒྱས་མཚམས་འདིར་ཁྲོ་བ་མ་གནང་རོགས། དགོངས་དག་གི་ཨ་རག་རེ་བཞེས་དང་། སྐད་ཆ་འདི་དག་ནི་ལྟ་ཚུལ་ཞིག་གི་ངོས་ནས་བཤད་པ་ལས་གསེག་འདྲི་བའི་ཕྱིར་བཤད་པ་མིན། རློམ་ན་དེར་མཐུན་ལུགས་མཐུན་གྱི་ལན་ཁ་ཤོག་དང་ཡང་མཐུན་སྒོས་མཐུན་གྱི་ཡང་ལན་ཡོད་ནི་རེད། མ་འཐད་མ་རློམ་ལོས་ཀྱང་ཆོག་སྟེ་ང་རང་ངོས་ནས་ཨ་ན་རོ་ཨོ་ཡིན།      གཞན་མནའ་མ་ཁོག་གྱིམ་ཚོས་ཨ་ནེ་ཚོར་ངོ་སོ་འཛིན་པ་ཇི་བཞིན་རྩོམ་སྟེགས་སྟེང་གི་ན་གཞོན་ཁོག་གྱིམ་སྐོར་ཞིག་གིས་བླ་གྲྭའི་སྡེ་ལ་ངོ་འཛིན་པའི་མཐོང་སྣེ་གསར་བ་སྟེ། རི་རྩེ་ནས་རླུང་རྟ་རེ་སྤུར་སྟེ་གནའ་བོའི་ལྷ་ཁང་འདུ་ཁང་ལ་མིག་བཤེར་བྱེད་པའི་འདྲ་པར་གྱི་གཤམ་དུ། ང་ཚོ་ཡབ་ཆོས་ལ་དད་པའི་མེ་ཏོག་འབུལ་བཞིན་ཡུམ་སྐད་ཀྱི་ལམ་ནས་རྩོམ་འབྲི་མཁན་ཡིན་པས་ཆོས་ལུགས་ལ་དགག་རྒྱག་མཁན་དང་རྙིང་ཞེན་ལ་དམོད་པ་བོར་མཁན་ཚོར་ཉེ་སར་བཏུད་ས་མེད་ཟེར། ༼ཚིག་ཇི་བཞིན་མིན་ཀྱང་ནང་དོན་འདི་རེད༽ ཀྱེ། འཁོར་ལོ་ཉུང་ངུ་ཙམ་ལས་མ་འཁོར་བར་ཁྱེད་ཚོས་བརྗེད་སོང་ངམ། ལྕགས་ཁེམ་འཁྱེར་ནས་བསང་ཁྲི་བཞིག་མཁན་སྟེ་རིག་གསར་གྱི་སྦྱོར་བ་ངོ་མ་རྩོམ་མཁན་ཁྱེད་ཚོའི་གྲས་ན་མེད་དམ། ཞོགས་དུང་གི་དཔེ་ཆ་སྐྱབས་འགྲོ་དང་ལྟུང་བཤགས་ཀྱི་དཔེ་ཆ་འཇོག་སའི་དཔེ་སྒྲོམ་དུ་འཇུག་པའི་གྲྭ་བ་དག་ལ་ཁྱི་མོ་དང་ཁོག་སྨད་རུལ་ཏེ་འབུ་སྲིན་གྱིས་བསྐོར་བའི་ཁྱི་མོ་རེད་ཅེས་བསྐུར་བ་འདེབས་མཁན་དེ་ཡང་ཁྱོད་ཚོའི་གྲས་ན་མེད་དམ། ང་ཚོ་ལ་ཆོས་ལུགས་དགག་རྒྱག་མཁན་དང་རྙིང་གཏོར་མཁན་ཞེས་བཏགས་མིང་ཅི་འདྲའི་མོད་ན་ཡང་། ང་ཚོ་ལྷོད་ལ་བབ་སྟེ། ང་ཚོ་ལྷུན་ནེར་བསྡད་དེ་ཧ་ཅང་བརྩི་བཀུར་ཡོད་པའི་སྒོ་ནས་ཕན་ཚུན་ལ་ཁ་བརྡ་བྱས་མྱོང་ཡོད་པ་ལས། གྱང་ཁའི་རྩྭ་དང་རི་མགོའི་དར་ལྕོག་གི་སྦྱོར་བ་ལྷུར་བླངས་ཏེ་དགེ་འདུན་པ་ཡིན་ཟེར་མཁན་དེ་ཚོར་བསྐུར་བ་བཏབ་མེད། ང་ཚོས་བག་ཆགས་ཀྱི་དོན་དག་ཅི་འདྲའི་མང་པོ་བཤད་རུང་། ང་ཚོས་ཆོས་ལུགས་ཀྱི་གནད་དོན་ག་འདྲའི་མོད་པོ་གླེང་རུང་། ལྕགས་ཁེམ་དང་སྟ་རེ་བཟུང་མྱོང་མེད།  གོང་གི་སྐད་ཆ་འདིས་ཁྱོད་ཚོ་ལ་འགྱོད་བཤགས་སྙིང་སྟོབས་བྲལ་བ་མཚོན་པ་རེད། འགྱོད་བཤགས་ལ་གཡོལ་བ་མཚོན་པ་རེད།   ད་ནི་སྤྱང་རྟུག་2འཕེན་མཚམས་འཇོག་རོགས།  རྐང་བས་བྲིས་པ་དག་ལག་པས་བསུབ་ཚར་གི་མ་རེད། ཐོག་མར་བླ་གྲྭའི་རིག་གནས་མིག་ལ་མ་སོང་བར་སྨྱོ་རྟགས་མང་དུ་བསྟན། བར་དུ་ཞོགས་དུང་གི་གནས་ལུགས་ཕྲག་པ་དོག་མོས་མ་ཐེག་པར་ཕྱིར་ཕྱོགས་གཅིག་ནས་བླ་གྲྭ་ཚོར་ངོ་བཟུང་སྟེ་རྒྱབ་རྟོན་བཅོལ་བའི་ན་གཞོན་ཚུགས་ཐུབ་མེད་པ་ཁྱོད་ཚོ་ཨྰ། ད་ནས་བཟུང་ཁྱོད་ཚོས་བསང་ཁྲི་ཞིག་རོའི་སྔུན་ནས་བསང་མཆོད་འདོན་རོགས། ཁྱོད་ཚོའི་སྐད་ཆ་ལྟར་བཤད་ན། ༼ཁྱི་མོ་ཁོག་རུལ་འབུས་ཟ་མཁན༽དག་ལ་ཁ་ཡག་ངོ་དགའ་བྱས་ཏེ་སྨོན་ལམ་སྣ་ལྔ་དབྱངས་རྟ་ལ་གྱེར་རོགས། ད་དུང་གསལ་འདེབས་རྒྱུ་ཞིག་ལ་ལབ་རྒྱག་དུས་སེམས་ཆུང་བྱོས། ཞལ་དྲོ།                                                                                                      2010.8.16ཟི་ལིང་གི་ཞོགས་ཀར། 1བདུད་ལྷ་རྒྱལ་གྱི་སྐད་ཆ་ཞིག 2ལབ་རྒྱབ་པའི་དོན་ནོ།

འགྱོད་བཤགས་སྙིང་སྟོབས།  

                                   འོས་སྦྱོར་རྩོམ་ཡིག   རྩོམ་པ་པོ། གཞི་རིམ་པ།   འགྱོད་བཤགས་ཞེས་པ་ནི་སྔར་བྱས་ཀྱི་ཉེས་པར་འགྱོད་སེམས་ཀྱིས་བཤགས་པ་སྟེ་ལོག་ལྟ་སོགས་མི་དགེའི་ལས་ལ་བག་མེད་དུ་སྤྱད་པའི་བྱས་བསགས་ཀྱི་འབྲས་བུར་སྙིང་ནས་འཇིགས་སྟེ་གཉེན་པོ་སྟོབས་བཞིའི་སྒོ་ནས་ལྟུང་དང་སྡུག་པ་འཆགས་པ་ནང་བསྟན་ཆོས་ལུགས་ཀྱི་འགྱོད་བཤགས་སྙིང་སྟོབས་དང་། སློབ་གསོ་དང་སྤྱི་ཚོགས་གླེང་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གོམས་གཤིས་ངེས་ཅན་ཞིག་དང་སྲོལ་རྒྱུན་རིམ་ཆགས་ཀྱི་འདུ་ཤེས་ཤིག་ལས་འདའ་འགོངས་ཤོར་པའི་བྱ་ལས་ལ་སྙིང་ནས་འགྱོད་དེ་བྱས་བཤགས་ཕྱི་སྡོམ་བྱེད་པ་ནི་མི་བུའི་སྤྱིར་བཏང་གི་ཀུན་སྤྱོད་ངོས་ཀྱི་འགྱོད་བཤགས་སྙིང་སྟོབས་སོགས་སུ་བཤད་ཀྱང་མི་ཆོག་པ་མེད་པ་འདྲ། མི་བུ་རེ་རེའི་གདོད་གཤིས་ན་གཡོ་བཅོས་དང་ཟོལ་རྫུས། ཕྱོགས་རུས་དང་ངན་འཁྱོག ཁ་རྒྱལ་མགོ་རྒྱལ་དང་ཁྲལ་མངོན་སླ་སྒྲུབ་སོགས་ཀྱི་འདུ་ཤེས་བསྟར་ཆགས་སུ་ཡོད་པས་མཚམས་ལ་རེར་ཀུན་སྤྱོད་ཀྱི་རྩ་བའི་ཚད་ཤིང་བློ་སྟོབས་འགྱུར་མེད་དང་རང་གཅུན་རང་སྡོམ། གཡོ་མེད་ཟོལ་བྲལ་དང་ནན་ཏུར་དཔྱོད་ཤེས་ལས་འགལ་བའི་དུས་ཀྱང་མེད་པ་མི་སྲིད་པས། དེ་དུས་རང་སྐྱོན་ངོས་ཟིན་དང་ཕྱི་སྡོམ་གཏན་སྤང་། གཞན་མིའི་རང་བཀུར་དང་རང་བརྩིའི་འདུ་ཤེས་ལ་གོང་བཀུར་ཐོབ་པ་སོགས་ཀྱི་ཆེད་དུ་འགྱོད་བཤགས་སྙིང་སྟོབས་འདི་ཅིས་ཀྱང་བསྟེན་དགོས་ཚོད་ཡིན་འདུག འགྱོད་བཤགས་བྱེད་པ་ནི་རང་སྐྱོན་ངོས་ཟིན་དང་གཞན་ལ་གདེང་འཇོག་བྱེད་པའི་རྩ་བའི་མཚོན་ཚུལ་ཞིག་ཡིན་པ་མ་ཟད་མི་ཞིག་བདེན་པར་སྙེག་པའི་གོ་རིམ་ཞིག་དང་ཡང་དག་གི་ཁ་ཕྱོགས་འཚོལ་བའི་བརྒྱུད་ རིམ་གལ་ཆེན་ཞིག་ཀྱང་ཡིན་ཏེ། བདེན་པ་དང་མཛེས་པའི་ངོ་བོ་ནི་ནམ་ཡང་འཚོལ་སྙེག་དང་ནོར་འཕྱུགས།བཅོས་བསྒྱུར་གྱི་ཀློང་རིམ་ཞིག་ནས་རྙེད་དགོས་པ་དང་། འཕེལ་མེད་རང་སོར་གནས་པ་ཞིག་ནི་ནམ་ཡང་མི་དམིགས་པས་ཕྱིར་རོ།།     འགྱོད་བཤགས་མི་བྱེད་པ་དང་འགྱོད་བཤགས་ཀྱི་སྙིང་སྟོབས་མེད་པ་དག་ནི་ཡུལ་དུས་གང་དུ་ཕྱིན་པ་དང་སྒེར་གཞུང་སུ་ཞིག་ཡིན་ཡང་འཇིགས་རུང་གི་བྱེད་པོ་ཞིག་ཡིན་པ་གདོན་མི་ཟ་སྟེ། འགྱོད་བཤགས་མི་བྱེད་པས་ངེས་དོན་གྱི་སྡར་མ་ཞིག་དང་གཡོ་ཅན་ཞིག  ཡོ་ཅན་ཞིག  འཁྱོག་པོ་ཞིག་དང་ཟོལ་ཅན་ཞིག་ཡིན་པ་མངོན་སུམ་དུ་བསྟན་ཡོད་པ་མ་ཟད་སྦུབས་སུ་ངོ་བོ་སྒེར་སྡེམ་ཅན་དང་བྱེད་ལས་གཞན་གཅོད་ཅན་ཞིག་ཡིན་པའང་གོ་བར་ནུས་པས་བདེན་པ་དང་རང་དབང་གི་ས་བཅུ་ལམ་ལྔ་འཐོབ་པར་ནམ་ཡང་རེ་བ་བྱེད་རྒྱུ་མེད་དོ་སྙམ།       འདས་མ་ད་གསུམ་གྱི་ལོ་རྒྱུས་ཀྱི་ཤོག་ལྷེ་ངོས་སུ་འགྱོད་བཤགས་སྙིང་སྟོབས་ལ་བརྟེན་ནས་མི་བུའི་རིན་ཐང་དང་འཇིག་རྟེན་གོང་ཐང་བླ་རུ་བཀུར་བའི་མི་བུ་མེད་པ་མིན་ཏེ། རྗེ་བཙུན་མི་ལ་རས་པས་མི་རྟ་སོ་ལྔ་བསད་པ་དང་སྟོན་ཐོག་སེར་རྡུང་གི་རང་ལས་ལ་གདུང་སེམས་སྐྱེས་པ་དང་འགྱོད་བཤགས་སྙིང་སྟོབས་ཀྱིས་ ཀུན་ནས་བསླངས་ཏེ་མི་ཚེའི་རིན་ཐང་མངོན་པར་བྱས་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཞེ་གཉིས་པ་པི་ཨེར་ཁེ་ལིན་ཏུན་གྱིས་རང་དང་ཕོ་བྲང་དཀར་པོའི་ནང་གི་དངོས་སྦྱོང་སློབ་མ་མོ་ཉི་ཁ་ལའེ་ཝུན་སེ་ཅི་གཉིས་ཀྱི་བར་བྱུང་བའི་འཆལ་སྤྱོད་དོན་རྐྱེན་ལ་ཨ་རིའི་སྒེར་གཞུང་ཀུན་གྱིས་གླེང་ཕྱོགས་བཟོ་བ་དང་འཕེན་གཏུག་བྱེད་སྐབས། འགྱོད་བཤགས་སྙིང་སྟོབས་ལ་བརྟེན་ནས་ཝ་མོ་རྒྱང་བྲོས་དང་བྱི་བ་ཁུང་འཛུལ། མང་དོར་གཅིག་ཆོད་ཀྱི་བརྟུལ་ཞུགས་ཀུན་ནས་སྤངས་ཏེ་ཡོངས་ཁྱབ་ཀྱིས་རང་སྐྱོན་ངོས་ལེན་དང་འགྱོད་བཤགས་བྱས་པ་ནི་དེ་གར་ཡོད་པའི་གཏམ་བརྗོད་རང་དབང་དང་དེའི་ནུས་པ་སོགས་རང་དབང་གི་མཁའ་དབུགས་དེ་དག་རེ་ཞིག་མ་བཤད་དང་། སྒེར་པ་རང་ངོས་ནས་ནམ་ཡང་འགྱོད་བཤགས་སྙིང་སྟོབས་དགོས་པ་དང་བློ་གཤོགས་ཡངས་པོ་ཡིན་འོས་པའི་མིག་དཔེ་ཞིག་ཀྱང་བསྟན་ཡོད་པ་རེད།      དེ་བཞིན་དུ། དཔེ་ཁྲིད་མི་སྐྱོང་གི་བྱ་བ་གཉེར་བའི་ང་ཚོ་དགེ་རྒན་ཞིག་ལ་མཚོན་ན་ཉིན་གཅིག་གི་སློབ་ཐུན་དང་ཐུན་གཅིག་གི་དཔེ་ཁྲིད་ཙམ་པོ་ལས་ཀྱང་དུས་རྒྱུན་གྱི་ཀུན་སྤྱོད་མ་ལག་དང་འདུ་ཤེས་འཇོག་སྟངས། བདེན་ལུགས་འཚོལ་དཔྱོད། དཀའ་སྤྱད་སྡུག་རུས། འགྱོད་བཤགས་སྙིང་སྟོབས་སོགས་དཔེ་ངོས་ཀྱི་རི་མོ་ཙམ་དུ་མ་བཞག་པར་ལག་ལེན་དང་ཐད་མཐོང་གི་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་སློབ་མའི་རྒྱུད་ལ་སྦྱོར་བ་ ཤིན་ཏུ་གལ་ཆེན་ཡིན་པས། ཐོག་མར་བྱ་བ་ཙག་ཙིག་གི་ཐད་ནས་འགོ་བརྩམས་ཏེ་སློབ་མའི་མདུན་དུ་རང་སྐྱོན་ངོས་ལེན་དང་འགྱོད་བཤགས་སྙིང་སྟོབས་བསྟེན་རྒྱུ་འདི་ཧ་ཅང་གལ་ཆེན་ཞིག་ཏུ་མཐོང་། ཁོ་བོས་རང་དང་། རང་དང་འདྲ་བའི་གཞི་རིམ་གྱི་དགེ་རྒན་མང་པོར་ཟོལ་བཅོས་དང་ཕྱི་གཙོའི་བྱ་བ་གཉེར་སྟངས་ཤུགས་ཆེན་དུ་ཡོད་པ་མ་ཟད་རང་ཉིད་དང་སློབ་མའི་དབར་དུ་ནང་ཡང་མཐོ་དམའ་དང་བཟང་ངན། ཡག་བཙོག་དང་ཡར་མར་གྱི་འདུ་ཤེས་ཡོད་པ་ཅན་མ་གཏོགས་ཕན་ཚུན་འདྲ་མཉམ་དང་ཕར་ཚུར་ལ་བལྟ་ཐུབ་མཁན་གྱི་དགེ་རྒན་ཉུང་ཤས་ཡིན་པ་ཤེས་ཡོད་མོད། ཁ་མང་གང་ལ་མཐུན་དེ་བདེན་པ་སྙམ་ནས་ཕན་ཚུན་འདྲ་མཉམ་དུ་བལྟ་མི་དགོས་པ་དང་དགེ་རྒན་གྱིས་སློབ་མའི་མདུན་དུ་རང་སྐྱོན་སྦུབས་སྲུང་དང་འགྱོད་བཤགས་བྱ་མི་དགོས་པའི་གཏན་ཚིགས་ཤིག་ཅི་ལྟར་འཚོལ། དེ་བས། ཉི་ཤར་སྤར་མོས་མི་ཁེབས་རུང་ཤེས་ཡོན་དང་ཀུན་སྤྱོད་ཀྱི་ཆ་གང་ནས་ཀྱང་ཨུ་ཚུགས་དང་སླ་བཅོས། ཡིབ་འགེབ་དང་གཡག་རྣ་ཁུ་ཚུར་བྱེད་པ་ནི་ས་ཆོད་ཅི་ཡང་མེད་པའི་གྲོག་མའི་གོམ་འགྲོས་ཤིག་གམ་སྒེར་སྡེམ་འབུར་འཇོམས་ཀྱི་བྱ་ཐབས་ཤིག་ལས་མ་འདས་པས་སློབ་མའི་མདུན་དུ་རང་སྐྱོན་ངོས་ལེན་དང་འགྱོད་བཤགས་བྱེད་པ་ནི་སློབ་མ་མི་སར་འཇོག་པའི་རྣམ་དབྱེ་བྱེ་བྲག་ཅིག་དང་དཀྱེལ་ཡངས་སྒོམ་སྟངས་ཤིག་ཀྱང་ཡིན་ནོ་སྙམ།    

DVགློག་བརྙན་རྩྭ་ཐང་གི་ཁྲག་ཐིགས་དང་འབྲེལ་བའི་གཏམ་ཐོར་བུ།  

           ----རང་གི་ཚོད་ལྟའི་གློག་བརྙན་རྩྭ་ཐང་གི་ཁྲག་ཐིགས་དང་འབྲེལ་ཏེ་གླེང་ན།                         ཁོ་བོ་ཡི་གེའི་རྩོམ་པ་པོ་ཞིག་ནས་གཟུགས་རིས་རྩོམ་པ་པོ་ཞིག་ཏུ་འགྱུར་བར་སྤྲོ་བ་ལ་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནས་ཡི་གེ་དང་གཟུགས་རིས་གཉིས་ལ་འབྲེལ་བ་ཟབ་མོ་ཡོད་པ་དང་། གཉིས་ནས་ཁོ་བོས་བཤད་ཀྱིན་པའི་བརྗོད་བྱ་མང་དག་ནི་མི་སེར་དཀྱུས་མའི་རིག་གནས་དང་འཚོ་བ། མདོར་ན་སྤྱི་ཚོགས་ཤིག་གི་སྤང་ལྗོངས་དང་དེའུ་འབུར་ལ་ཐག་ཤིན་ཏུ་ཉེ་བོ་ཡོད་པས་སོ།།   ང་རང་ཁ་ཤས་ནང་བཞིན་སྙན་ངག་ཚིག་རྐང་རེ་ཟུང་བྲིས་རྗེས། གད་པ་དང་སྡོང་བོ། རྟ། ནོར། ལུག བསང་ཁྲི་སོགས་ཀྱི་སྔུན་ནས་འགྱིང་ངེར་བསྡད་དེ་སའི་གོ་ལ་དཀྲུགས་སོང་རབས་དང་འཛམ་གླིང་ལ་སྤར་འདྲེད་བྱས་སོང་ཚུལ་ལབ་པའི་ན་གཞོན་བཤད་ལག་བདེ་བ་དེའི་རིགས་མ་ཡིན་པར། བྱ་བྱེད་གང་ཡིན་ལ་དོགས་སློང་དང་ལས་ཀ་གང་རུང་ལ་ཚོད་ལྟ་བྱེད་པར་སྤྲོ་བའི་མི་ཞིག་ཡིན་པས། 2009ལོར་པེ་ཅིན་ནས་ལས་ཀ་བྱེད་ཞོར་དུ་བྲིས་པའི་འཁྲབ་གཞུང་འདི་ལ་ད་ལོའི་ལོ་སར་གྱི་སྐབས་སུ་འཕྲི་སྣོན་ཅུང་ཙམ་བྱས་རྗེས་དངོས་སུ་ཚོད་ལྟའི་ལམ་བུར་ཞུགས་པ་ཡིན། མ་གཞི་ཚོད་ལྟ་ནི་ཚོད་ལྟ་རང་རེད་དེ། ཆེད་ལས་ཀྱི་མིག་ཟུང་དང་གཞུང་ལུགས་ཀྱི་ལག་ཤེད་ལ་འཇལ་ན་ཁོ་བོའི་ཚོད་ལྟའི་གློག་བརྙན་འདི་ལ་གཟུགས་རིས་སྒྲིག་བཟོ་བརྡ་སྤྲོད་ཀྱི་ཆོས་ཉིད་ལ་འགལ་ས་མང་དུ་བདོག་པ་དང་། གཤག་གཏུབ་ལ་ཞིབ་ཚགས་མིན་པའི་ཆ་ཡོད་པ། རྒྱབ་ལྗོངས་རོལ་དབྱངས་ཀྱི་དྲག་ཞན་སྙོམས་སྒྲིག་བྱས་པ་མི་འདང་བ། མཐའ་མཇུག་སྒྲིག་བཟོ་ལ་ཆད་ལྷག་གི་སྐྱོན་ཡོད་པ་སོགས། ཡང་དང་བསྐྱར། འོར་དང་ཡང་གིས་བལྟས་ན་ད་གཟོད་ལྷང་ལ་བུད་ཡོད། འདི་ནི་ཁོ་བོའི་ཚོད་ལྟའི་གློག་བརྙན་འདིའི་ཞན་ཆ་རེད་ལ། ཚོད་ལྟས་ཞན་ཆ་མཁོ་སྤྲོད་གནང་བ་འདི་ང་རང་གློག་བརྙན་གྱི་ལམ་བུ་ལ་གོམ་པ་སྤོ་བར་སྤྲད་པའི་ལག་ཡོང་རེད། འོ་ན་བདག་གི་ཚོད་ལྟ་འདི་ལ་ལེགས་ཆ་མེད་པ་མ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། འཁྲབ་གཞུང་ངམ་བརྗོད་བྱའི་བསྟན་དོན་ངོས་ནས་བཤད་ན་ཁ་ཕྱོགས་བོད་མི་རང་དང་བརྗོད་བྱ་སྦྲ་ནག་ལ་འཁོར་ཏེ་དཔྱོད་ཤེས་ཀྱི་རིན་ཐང་སྒྱུ་རྩལ་གྱི་ཕུག་ན་མཚོན་གྱིན་ཡོད་པས་བདག་གི་ཚོད་ལྟའི་བརྩམས་ཆོས་འདི་བོད་ཀྱི་གློག་བརྙན་གཞན་པ་དག་ལ་ངོ་གནོངས་དགོས་དོན་ཁྱོན་ནས་མེད་སྙམ་ཡོད་དོ།།     ཉེ་སྔོན་ཧྥ་རན་སིའི་རྩོམ་པ་མོ་ཆོས་ཉིད་དབང་མོ་ལགས་ཀྱིས་ང་ལ་དུས་ཆད་བཏབ་སྟེ་གློག་བརྙན་སྐོར་ནས་ཁ་བརྡ་གློད་སྐབས། མོས་ང་ལ་འདྲི་རྒྱུར། མོ་རང་ཧྥ་རན་སི་ན་ཡོད་དུས་སྣང་བ་ཞིག་ལ་བོད་ན་འཁྲབ་ཁྲིད་པ་ཉུང་ཉུང་ལས་མེད་མོད། ཁྱེད་ཚོར་འབྲེལ་འདྲིས་ཟབ་མོ་ཡོད་རྒྱུ་རེད་སྙམ་ཡོད། ཡིན་ན་ཡང་པད་མ་ཚེ་བརྟན་སོགས་ཁྱེད་ཚོ་རེ་རེ་ལ་ཐུག་ན་ཁྱེད་ཚོའི་བར་ན་འབྲེལ་འདྲེས་ཕར་ཞོག་ཐ་ན་ངོ་ཡང་ཤེས་ཀྱིན་མེད་པའི་སྣང་ཚུལ་འདུག ཁྱེད་ཚོས་ཕན་ཚུན་ལ་ཕྲག་དོག་བྱེད་ཀྱིན་ཡོད་པ་ཨེ་རེད་ཟེར། གསོང་བོར་ལབ་ཁོ་མོས་དེ་ལྟར་འདོད་པ་ལ་ཁག་མེད་དེ། ཕྲག་དོག་ཟེར་ན་ཕྲག་དོག་ཡིན་མིན་མི་ཤེས་མོད། གང་ལྟར་སྐད་ཆའི་ཤུགས་ན་ང་ཚོའི་བོད་མི་ཚོར་མཉམ་ལས་ཀྱི་འདུ་ཤེས་བྲལ་བ་གསལ་བོར་བསྟན་ཡོད་ལ། དེ་ནི་དོན་དངོས་ཀྱང་རེད། ཡང་གཅིག་བཤད་ན་ངས་གློག་བརྙན་བརྩམས་ཆོས་ཀྱི་ངོས་ཐད་ནས་སྐུ་ཞབས་པད་མ་ཚེ་བརྟན་སོགས་ཉམས་མྱོང་བརྗེ་རེས་དང་ཁ་བརྡ་གློད་དེ་རྗེས་སོར་མཉམ་འབྲེལ་བྱས་ཆོག་མོད། བློ་འདྲི་ས་དང་དག་ཕུད་མཁན་བྱེད་དུ་འཇུག་མི་འདོད་དེ། གཏན་ཚིགས་ནི་དེ་ལྟར་བྱས་ཚེ་ངའི་གློག་བརྙན་ལ་ཡང་ཁོའི་གློག་བརྙན་གསར་རྩོམ་གྱི་ཤན་ཤུགས་ཐེབས་ཏེ་སྒེར་རྩོམ་གྱི་གཤིས་ཀ་འཆོལ་འགྲོ་བས་སོ།།        དེ་ལས་ཀྱང་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་བཤད་ན།       ཁོའི་གློག་བརྙན་གྱི་ཁ་གཏོད་ས་ཕྱི་དང་ངའི་གློག་བརྙན་གྱི་ཁ་གཏོད་ས་ནང་ཡིན་པས་སོ།།     གང་ལྟར་བོད་ཀྱི་གློག་བརྙན་དང་བོད་ཀྱི་འཁྲབ་ཁྲིད་པ་ཞེས་པའི་ཐ་སྙད་འདི་ནི་རང་སྡེའི་རིགས་ལ་ཕལ་ཆེར་སྐུ་ཞབས་པད་མ་ཚེ་བརྟན་གྱི་སྐབས་ནས་ཡོངས་གྲགས་སུ་སོང་བར་སྣང་ལ། ཁོ་རང་ལ་རྒྱལ་སྤྱིའི་སྟེང་ནས་གཟེངས་སྐྱེས་སྣ་ཚོགས་རེག་པ་དེས་འོ་སྐོལ་གྱི་སྡེ་ནས་ཀྱང་གློག་བརྙན་ལས་རིགས་དང་གློག་བརྙན་རིག་གནས་ལ་དོ་ཁུར་བྱེད་མཁན་མང་དུ་བྱུང་དང་འབྱུང་བཞིན་གདའ། འདིའི་ངོས་ཐད་ནས་སྐུ་ཞབས་ཁོང་བཀའ་དྲིན་ཤིན་ཏུ་ཆེ་ས་རེད་མོད། ཁོའི་བརྩམས་ཆོས་ལ་བལྟས་མ་ཚར་གོང་དང་ཧ་མ་གོ་སྔུན་ནས་གཟེངས་སྐྱེས་དང་མིང་བྱང་མ་ཐེག་པར་ཁ་ཡག་ཁ་བཏགས་དགུ་བརྩེགས་འཐེན་པའི་སྤྲེད་ལད་མཁན་དེ་དག་དང་། ཡང་སྒོས་ཁྲོམ་ར་དང་གཟེངས་སྐྱེས་ཀྱི་ཕྱིར་དུ་ཐོན་པའི་སྐུ་ཞབས་ཁོ་པའི་བརྩམས་ཆོས་ལ་ང་རང་མི་སྒེར་བའི་ངོས་ནས་མོས་པ་ཆེན་པོ་མེད།། འདི་དག་ནི་ཞོར་འཕྲོས་ཙམ་རེད་མོད། མཐར་བཤད་འདོད་པ་ནི། གོ་སྐབས་ནི་ནམ་ཡང་གྲ་སྒྲིག་ཡོད་པའི་མི་ལ་དབང་ཟེར་བ་བཞིན། བོད་ཀྱི་གློག་བརྙན་ལས་རིགས་སྟེང་གི་གྲོགས་པོ་དག་དང་མཉམ་ལས་བྱས་ཏེ་ཁོ་བོའི་བརྩམས་ཆོས་ཁྱེད་ཚོའི་མིག་ལམ་ལ་ཡོང་རྩིས་ཡོད།།  སླར་མཇལ།                                         2008.8.3ཟི་ལིང་དུ།

ཟུར་ཞིག་ནས་བལྟས་ན་སྙིང་བོ་ཅང་མེད་པའི་ཟློས་གར་ཁོ་ན།  

   ཟུར་ཞིག་ནས་བལྟས་ན་སྙིང་བོ་ཅང་མེད་པའི་ཟློས་གར་ཁོ་ན་སྟེ་སྟོང་ཉིད་ཀྱི་ངོ་བོ་ཨ་རག་ལ་སིམ་པའི་ཚོར་སྣང་བསོར་མོ་རེ་རེའི་ངོགས་ནས། བར་ཞིག་ནས་བསྡད་དེ་ཚད་ཤིང་སྦོམ་པོ་བྱེད་ལ་གོམས་པའི་སྐྱེས་ཆེན་དུ་རློམ་མཁན་ཚོར་ཚ་འདྲི་གཏོང་བའི་སྣང་ཚུལ་སྣ་ཚོགས་རིགས་ཤིག་ནི། ཁོ་བོ་ཕྲག་དོག་གིས་གཟིར་ཏེ་ཕེ་རིང་ཁོ་ན་བཏབ་པ་ཡང་མ་ཡིན་ཏེ། ཤེས་རབ་འཕེལ་ཏེ་དཔྱོད་ཤེས་ཀྱི་ན་ཟུག་བཟོད་མ་ཐུབ་པས་ཡིན་ལ། དེར་མཚུངས་ཀྱི་སྐད་ཆ་ཁ་ཤས་སུས་ཀྱང་དང་ལེན་བྱེད་མི་ཐུབ་པ་ཤེས་ན་ཡང་། རང་ཉིད་ཀྱི་ཚོར་སྣང་ལྷོད་ལ་དབབ་བདེ་བའི་ཕྱིར་དུ་སྟོང་བཤད་ཁ་ཤས་ཁྱེད་ལ་གསེག་འདྲི་བའི་ཕྱིར་དུ་བྲིས་པ་མ་ཡིན་པར་སྟོང་བཤད་ཁ་ཤས་ལ་སིམ་པའི་ཕྱིར་དུ་བྲིས་པའོ།། དབྱར་ཟླའི་ཉི་འོད་ཚ་བོ་ཡོད་པས་ལུས་ཕུང་བཀྲུ་ལ་མི་དགའ་བའི་རྫོབ་དགའ་ཁ་ཤས་ཀྱིས ཁོ་ཧྥེ་ཁང་ཁོད་ཡངས་ས་སྟེ་གོན་པ་སྤུས་དག་གྱོན་ཡོད་པའི་མི་རྣམས་ཀྱི་མདུན་སར རང་ཉིད་ཀྱི་རྐང་དྲི་སྤོས་དྲི་ཞིག་གི་ཚུལ་དུ་འཇོག་པ་ནི བུ་མོ་སུ་ཞིག་ལ་ཐུབ་ཚོད་བཏང་བ་མ་ཡིན་པར སྐྱེས་ཕོ་གང་ཞིག་ལ་ཀུ་རྩེད་ཞུས་པའང་མ་ཡིན་པར ཁོ་ནི་ཁོ་ཡིན་པར་སྒྲུབ་བྱེད་ཀྱི་སྒྱིད་ལུག་གི་གཞུང་ལུགས་ཤིག་གོ དགེ་ཆོས་རིག་པའི་དཔའ་བོར་བོས་ཀྱང་བར་སྐོར་འགྲམ་གྱི་སྤྲང་བོ་ཞིག། ལོ་དེའི་སྐབས་ལ་ལུད་དང་མཚུངས་པའི་ང་དང་འདྲ་བའི་ཆང་འཐུང་ཞིག། བོད་མྱི་ལྷ་ལ་དགའ་བས་མིན་ན་དགེ་ཆོས་ལྷ་རུ་བཞེངས་དོན་མེད།། དགེ་ཆོས་ས་ལ་བསེར་བུ་ཤོར་ན་སྡང་སྡིགས་དེ་འདྲ་སྟོན་དོན་མེད།། འདོད་པའི་བསྟན་བཅོས་མྱངས་ནས་བྲིས་པ་རྐྱལ་སྟོང་ཡིན་པར་སྒྲུབ་བྱེད་གཅིག། ཀླུ་སྒྲུབ་དགོངས་རྒྱན་གཟས་ནས་སྤྱུགས་པ་སོ་སྐྱེས་ལགས་པ་ངོམས་བྱེད་གཉིས།། ད་ལྟ་ལྷ་ཚོགས་ཡི་རང་ཡོད་པའི་ལྷ་སྐུ་དུ་སྣོད་འཛིན་མཁན་ཏེ།། མེས་པོ་རྐྱལ་སྟོང་དགེ་ཆོས་ཟེར་ན་ང་ཡི་ཡ་ཐོད་མིག་གཅིག་ཡིན།། ང་ནི་ཆུང་དུས་ཁོ་ལ་དགའ་སྟེ་ཁོང་གི་གསུང་ཚིག་བློ་ན་ཡོད།། ང་ནི་ད་ལྟ་ཁོ་ལ་མོས་ཏེ་ཁོང་གི་མི་སྤྱོད་གདམས་པར་ཤར།། ང་ཡང་སྐྱེས་ཆེན་ཁྱོད་དང་འདྲ་བར་དགེ་ཆོས་ལྡད་མཁན་ཡིན་མོད་ཀྱང་།། ང་ཡིས་དུས་ཀྱི་བདེན་པ་གླེང་ན་ཁྱོད་རང་འཚིག་པ་ཟ་དོན་མེད།། དགེ་ཆོས་རིག་པ་སྐྲ་རྩེར་སོན་ཀྱང་རྒད་པོར་ཁ་ལས་ཨེན་ཙམ་མེད།། དགེ་ཆོས་རྟོགས་པ་རང་སར་གྲོལ་ཀྱང་དུས་དེར་རྐྱལ་སྟོང་སྣང་མཐོ་ཙམ།། ད་ལྟ་ཕྱོགས་བཞིའི་རྒྱ་མའི་ངོ་ན་དགེ་ཆོས་ལྗིད་ཚད་ཆེ་ཆེ་མོད།། དགེ་ཆོས་རྩོམ་རྩལ་སྤྱིར་བཏང་རེད་ཅེས་ཁོ་བོས་སྐད་གདེངས་མཐོན་པོས་སྨྲ།།          2010.7.9མཚན་མོར་ཆུ་ཚོད་གཉིས་པའི་སྟེང་ཤར་མར་བྲིས་སོ།།  

གསོང་བོར་ལབ་ན་དགེ་ཆོས་ཀྱི་རྩོམ་རྩལ་དེ་འདྲའི་བཟང་རྒྱུ་མེད་དེ།  

གཉིད་ལས་སད་དུས་འུ་ཚོས་སྐད་ཆ་གསོང་བོར་ལབ་དགོས་ས་རེད་དེ སྐད་ཆ་ལྡབ་ལྡིབ་དང་ཡ་མ་བརླ་ཡི་ཕྱག་རྒྱ་རེ་ཟུང་གི་སྒྱུ་འཕྲུལ་ངོགས་ན ཏག་ཏག་ད་ལྟའི་རི་མོའི་གསེབ་ཀྱི་སྙན་ངག་པ་ནི་ཡི་གེའི་རོལ་རྩེད་དང་འདྲ་སྟེ 2010ལོར་འཛམ་གླིང་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ལ་རྒྱན་འཇོག་བྱེད་སྤྱད་ཀྱི་ཉ་མོ་དེ་དང་འདྲ་བར མི་རྣམས་ལས་ཀ་གྲོལ་ཏེ        ཡུལ་ལ་ལོག་དུས ངལ་གསོ་སྤྱད་ཀྱི་དྲ་ལམ་རོལ་རྩེད་གསར་འགྱུར་རང་ངོ གསོང་བོར་ལབ་ན་དགེ་ཆོས་ཀྱི་རྩོམ་རྩལ་དེ་འདྲའི་བཟང་རྒྱུ་མེད་དེ ལུག་ཁྱུ་གྲིབ་ཡོར་ལ་འགྲོགས་པ་བཞིན   མི་རྣམས་ཁོའི་རྣམ་དཔྱོད་ལ་ཞེད་སོང་བ་རེད་དེ ལོ་རབས་ཤིག་གི་མཛེས་དཔྱོད་ལས་བརྒལ་བའི་ཁོའི་མི་གཤིས་ལ་དུངས་སོང་བས་རེད ཡང་གཅིག་བཤད་ན་དུངས་ཞེན་རེད་དེ་རྨོངས་དད་ཀྱང་མིན་པའི་ངེས་པ་ཡོད་མི་སྲིད རླུང་རྟ་རྒུད་པའི་དུས་སུ་རོལ་མོ་ཅི་ཙམ་དཀྲོལ་ཡང་སུས་ཀྱང་རྣ་བ་གཡར་མི་སྲིད་ན་ཡང དགེ་ཆོས་དགེ་ཆོས་དང་རང་གྲོལ་རང་གྲོལ་ཞེས་རྒྱབ་རྟོན་གྱི་བྲག་རི་ཞིག་པར་ལ་བསྐྱོན་དགོས་དོན་མ་མཆིས་ཏེ ཐ་སྙད་ཀྱི་འབག་སྐུ་ཞིག་བཟོས་ཏེ་ས་མཚམས་ཆུ་མཚམས་བཀར་ན་འོས་པ་ལས མིག་དབང་གསར་བའི་ངོགས་ནས གདོང་འབག་རྙིང་བ་གྱོན་པའི་ཟློས་གར་འཁྲབ་སྟོན་མང་དྲགས་ན དགེ་ཆོས་དེའང་དགེ་ཆོས་དེ    རང་གྲོལ་དེའང་རང་གྲོལ་དེ    འཁྲུག་སྤྱོད་ཀྱིས་རྒྱག་པའི་བཞིན་རས་མཛེས་པའི་བུ་མོ་ཞིག གསོང་བོར་ལབ་ན་དགེ་ཆོས་ཀྱི་རྩོམ་རྩལ་དེ་འདྲའི་བཟང་རྒྱུ་མེད་དེ གཉིད་ལས་སད་དུས    རྣོ་སྦྲེང་ལ་དངངས་སྐྲག་ཅི་ཡང་མེད་པར ཧ་ཅང་གདེངས་ཚོད་ཡོད་པའི་སྒོ་ནས་སྐད་ཆ་འདི་ལྟར་སྨྲ་ཐུབ                                                      2010.7.8.ནམ་གུང་ཟི་ལིང་དུ།

རྣོ་སྦྲེང་གི་ཐོག་མའི་ཞུ་དོན།  

  ཧི་ཟིན་གྱིས་ཕྱིར་མི་འོང་བའི་ལམ་བུ་བདམ་པ་ནས་བཟུང་ད་ལྟ་ལ་ཐུག་གི་བར་དུ།   ཁོ་བོས་གནས་གཞན་ནས་ཁྱིམ་གཞིས་བཟུང་མ་མྱོང་ཞིང་། ཨག་སྐད་ཀྱང་མ་བཏབ་པར་ཡུན་རིང་འགོར་བའི་སྐབས་འདི་ལ།  སེང་རྡོར་དྲ་བ་འདས་ལོག་བྱུང་བ་དང་བསྟུན་ནས་བོད་ཀྱི་ཟིན་བྲིས་རྐང་འཛིན་པའི་སྡེ་ཞེས་མི་བུ་ཉི་ཤུ་ལ་སྐད་འབོད་བྱེད་སའི་བར་སྣང་ཞིག་ཀྱང་བསྐྲུན་འདུག་ན།  ང་རང་མི་སྒེར་བས་མི་མངོན་པའི་ཁྲོད་ཀྱི་དྲ་བདག་གི་ངལ་རྩོལ་ལ་བཀའ་དྲིན་ཞུ་པ་དང་བསྡོངས་ནས།  བོད་ཀྱི་ཤེས་ཡོན་ཅན་དང་རིག་གཞུང་པ། བླ་སྤྲུལ་དང་མི་དམངས།  དགེ་རྒན་དང་སློབ་མ།  སྨད་འཚོང་མ་དང་འཆལ་བོ། མདོར་ན་ལས་རིགས་སོ་སོའི་གར་སྟེགས་ན་ཡོད་པའི་རིགས་མཐུན་སྤུན་ཟླ་དག་ལ་ཁམས་འདྲི་ཞུ་པ་དང་།  དེང་ཕྱིན་རྩོམ་ལུས་སྣ་མང་གི་སྣེ་མོ་ནས་ཁྱིམ་ཚང་འདི་ག་ནས་ཁྱོད་བཤད།  ང་བཤད།  ཁོ་བཤད།  མདོར་ན་འུ་ཅག་གི་འཚོ་བ་དང་འུ་ཅག་གི་ཁ་སྣ་བཤད་རྒྱུ་ཡིན་པས་ཀུན་པོ་ཤོག་དང་མཉམ་འུར་བྱ་ཞེས་ཀྱང་ཞུའོ།།
1

རྩོམ་གསར།
བོད་མི་ཞིག་གི་དྲང་གཏམ།
[2010-9-5]
ང་ཡིས་གྲོགས་པོ་ཁྱེད་ལ་འདི་སྐད་གླེང་།
[2010-9-5]
མི་བུ་ཞིག་གི་ལོ་རྒྱུས།
[2010-9-5]
རྡོ་འབུམ་དྲ་བའི་དཔེ་འཕྲིན། ཨ་མདོའི་གོམས་སྲོལ་ཉུང་བསྡུས། ཚེ་བརྟན་རྒྱལ་གྱི་བརྩམས་ཆོས།
[2010-9-4]
སྙན་ངག་གི་མཐར་ཐུག་སངས་རྒྱས་རེད།
[2010-9-4]
མཚོ་ཁུགས་གྲོང་ཁྱེར་ནས་མཐོང་བའི་བོད་ཀྱི་སྐུ་པར་ཞིག
[2010-9-4]
ལབ་རྒན་ལེའུ་བདུན་མ།
[2010-9-4]
དྲ་འབུ་ཡ་རབས་དག་གིས་འདི་ལྟར་གསུང་གི་འདུག
[2010-9-4]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2403]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2170]
<<རྟུལ་ཕོད>>ཆ་ཚང་།
[1468]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1402]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1327]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1251]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1234]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1227]
友情链接: 青海汽车网