( སྔར་གངས་ལྗོངས་གླེང་སྟེགས་སུ་དྲ་གྲོགས་རྩམ་ཟན་ཟེར་བ་ཞིག་གིས་བོད་རིགས་ནི་ལྟ་སྒོམ་སྤྱོད་གསུམ་གང་ཐད་ནས་གཞན་དང་མི་མཚུངས་པར་ཡག་རབ་རྒྱན་རབ་ཀྱི་གཏམ་མང་དུ་བཤད་པར་རང་གི་དྲན་ཚུལ་ཐོལ་བྱུང་དུ་བྲིས་པ་ཞིག་མཆིས་པ་ཐད་ཀར་དྲངས་པའོ )
བོད་མི་ཡ་རབས་ཡིན་ལུགས་བརྗོད་པའི་གཏམ།།
དང་པོ་ཐོས་དུས་ཡིད་ཀྱི་དགའ་བ་རྒྱས།།
དེ་ནས་བོད་མི་སྙིང་རྗེ་ཆེ་ལུགས་ཀྱི།།
སྙན་པའི་གཏམ་ལའང་དུངས་པའི་བདེན་ཁ་ཤོར།།
ཡིན་ཡང་བདེ་བའི་མལ་ལ་གནས་བཅོས་ཏེ།།
བདེན་པ་དོན་གྱི་འབྲས་བུ་འཚོལ་བའི་དུས།།
རང་སེམས་དྲི་མ་མེད་པའི་ནམ་མཁའ་རུ།།
ཁ་སྣ་གཅུས་པའི་རྒན་པོ་བདག་མེད་ཅིག།
གྱོལ་བཞིན་འོང་སྟེ་ང་ལ་འདི་སྐད་ཟེར།།
ཉེ་བའི་མི་དང་རུ་སྡེའི་ཕོ་མོ་ཡིས།།
ང་ལ་མཛེ་བོ་ཟེར་ནས་སྡིགས་སོ་ཟེར།།
མི་གཙང་གྲིབ་ཅན་ཟེར་ནས་གཡོལ་ལོ་ཟེར།།
གློ་བུར་ཐུག་ན་ཕྱི་ཕྱིར་འབྲོའོ་ཟེར།།
དེ་ནས་མོ་ལོ་སོ་གསུམ་ཡོལ་ཙམ་གྱི།།
ལང་ཚོ་རྒྱས་པའི་རུས་རྐང་མ་ཡལ་བ།།
གནག་སྣུམ་སྐྲ་ལོ་ཅུང་ཟད་འཛིང་བ་ཞིག།
ཁོ་བོའི་གམ་དུ་ཙོག་ནས་འདི་སྐད་གླེང་།།
མ་ངའི་སྙིང་གྲོགས་དུང་གི་སོ་སྒོ་ཅན།།
གཤིན་རྗེའི་འཕྲང་རིང་འགྲིམས་པའི་རྟིང་མ་ལ།།
ང་ནི་མི་གཙང་ཡུགས་མོ་ལས་ངན་ཏེ།།
ཀུན་གྱི་འཛེམ་བྱ་འགོང་བོ་ལག་གཟེད་ཡིན།།
ཉིན་གྱི་འཕྱས་དང་མཚན་གྱི་བརྙས་དམོད་ཀྱིས།།
འཇིག་རྟེན་སྣང་བར་ཨ་ཐང་ཆད་དེ་ཐལ།།
གོང་གི་མཁས་གཏམ་འོག་གི་སྡང་སྡིགས་དེས།།
ད་ནི་འཚོ་བའི་སེམས་ཀྱང་ཉམས་སོ་ཟེར།།
དེ་རྗེས་རླུང་འཚུབ་རྡུལ་དང་འགྲོགས་པ་ཡི།།
ངར་སྐད་མཐོངས་སུ་མཆེད་པའི་ཧྲག་བར་ནས།།
ཉམ་ཐག་ངུ་སྐད་ལྷང་ངེར་འབྱིན་པ་ཡི།།
བྱིས་པའི་ངག་གིས་བདག་ཡིད་དངངས་པར་བྱས།།
འཇབ་བུའི་སྟབས་ཀྱིས་བཙལ་ཅིང་བསྙེགས་པ་ལས།།
ལོ་ཆུང་ཁ་ཤ་ཙག་གིས་གས་པ་ཡི།།
མི་སྡུག་གཟུགས་བརྙན་ལྷང་ངེར་མངོན་པ་དེས།།
ང་ཡི་ཨ་ཕ་ཁྱེད་ཀྱིས་ཨེ་རིག་ཟེར།།
རྩྭ་སའི་གཡུལ་ལ་ཆས་ནས་མ་ལོག་ཟེར།།
ཅིས་ཀྱང་ཨ་ཕ་རྙེད་ཐབས་བྱེད་དགོས་ཟེར།།
རྒན་རྒོན་རེ་བའི་ཉི་མ་ནུབ་འགྲོ་ཟེར།།
མ་དང་སྲིང་མོས་ཡུལ་ན་སྒུག་ཡོད་ཟེར།།
བྱིས་པའི་འབོད་སྒྲ་རྣ་ལས་མ་ཡལ་གོང་།།
གོས་དཀར་ལྕང་ལོ་འཆིང་བའི་དཔོན་རྒན་ཞིག།
ཞེ་སྡང་དབུགས་རྒོད་སྙིང་ལ་བརྩེགས་བཞིན་དུ།།
གཟར་མོའི་ལ་རིང་བརྒྱབ་ནས་མདུན་དུ་སླེབས།།
ཁྱེད་ལ་ཅི་བྱུང་གང་ན་དྲིས་པའི་ཚེ།།
ཁོ་བོ་བོན་གྱི་ཁྱིམ་སྔགས་ཡིན་ནོ་ཟེར།།
གན་ཚོས་ང་ལ་ངན་དམོད་བྱས་སོ་ཟེར།།
ང་རང་མུ་སྟེགས་པ་རུ་རྩིའོ་ཟེར།།
ལམ་ནས་ཐུག་ན་ཁ་སྣ་བསུམ་མོ་ཟེར།།
རྒྱབ་ལ་ཡོལ་ན་མཆིལ་མ་འདེབས་སོ་ཟེར།།
དེ་ནས་མུན་པའི་གྲིབ་སོ་སྐོན་པའི་དུས།།
སྡེ་བའི་སྲང་ན་གོམ་པ་འཁྱོར་བ་ཡི།།
སྟག་ཤར་དཔུང་བ་གྱེན་ལ་བཏེགས་པ་འགའི།།
ཕན་ཚུན་རྡེག་ཅིང་འཁོན་པའི་འུར་སྒྲ་ཡིས།།
ཁྱིམ་གྱི་རྒན་རྒོན་བདེ་བའི་མལ་ནས་ཕྱུངས།།
ད་རུང་ཁོང་ཉིད་དཔའ་བོའི་ཕུལ་ལོ་ཟེར།།
མ་བསད་མ་གཏུབ་ཁོ་རང་བུ་མིན་ཟེར།།
དེ་ལས་ཅུང་ཟད་ཡོལ་བའི་ཁང་ཆུང་ན།།
ཤོ་སྦགས་རྒྱན་གྱིས་སྨྱོས་པའི་བུ་རྒོད་ཚོས།།
ཕ་ཁྱིམ་ནོར་བུའི་ངོ་སོ་སྨད་བཞིན་དུ།།
ཡ་ཕུགས་སྟོང་བའི་རོལ་རྩེད་བཅུད་དུ་སྒོམ།།
ཡིན་ཡང་སྐྱ་རེངས་དང་པོའི་འགྲམ་ངོགས་ན།།
གོར་གྱོང་བྲོ་གར་བཟུང་བའི་ཁྱིམ་བདག་མས།།
བོང་བུ་དེད་ནས་བུད་ཤིང་འཐུ་བའི་ཉམས།།
སྐྱ་མོ་ལམ་གྱི་ཟློས་གར་ཟད་པོ་ཉིད།།
མི་འདྲ་མི་གཅིག་སྣང་བརྙན་སོ་སོ་བ།།
དྲན་པའི་གཞུང་ནས་ཡང་ཡང་འཁྱུག་པའི་མོད།།
བོད་མི་ཡ་རབས་སྙིང་རྗེ་ཆེ་ལུགས་དང་།།
སེམས་ཅན་མ་རུ་སྒོམ་པའི་བཤད་རྒྱུན་ལ།།
ཉན་ན་སྙན་ཡང་བདེན་པ་གཅེར་བུའི་ངོར།།
མོས་པའི་མགོ་ལྕོག་ལྡེམ་པ་དཀའ་བར་མཐོང་།།
རང་སེམས་རང་གིས་བཅོས་ན་དགའ་ཀྲོག་ཀྲོག།
རང་མགོ་རང་གིས་གཡོགས་འདི་ཨ་ཙ་མ།།
ཕྲག་དོག་མདུང་ཁ་རང་ལ་བསྐོར་བ་དང་།།
ཕྱི་ཡི་དགྲ་བོ་ནང་དུ་འགུག་མཁས་པ།།
གྲུབ་མཐའི་ཆགས་སྡང་ངར་མའི་མཚོན་ཆ་ཅན།།
ཐུ་བྷོད་མི་རིགས་བསྐལ་བརྒྱར་བརྟན་གྱུར་ཅིག།
2008-12-27 22:14:00
༡
མེ་ཏོག་གི་ཚལ་དེ་ཡང་མ་ཡིན་ནོ།
སྒྱུ་འཕྲུལ་གྱི་མཁར་དེ་ཡང་མ་ལགས་སོ།
གསེར་གྱི་པ་ཏྲ་དང་དངུལ་གྱི་མགོ་རྒྱན་གང་ཡང་མེད་པའི།
ངའི་རྒྱལ་ཁམས་ཀྱི་ནམ་མཁའ་སྔོ་སངས་ངེའི་སློང་ན།
ལང་ཚོ ཤེས་རབ གཏན་འདུན་གྱི་དབུགས་རྒྱུན་མ་འགག་པའི།
ལོངས་སྤྱོད་དེ་ཙམ་གྱི་ཚེ་སྲོག་སྔར་བཞིན་འཚོ་ཞིང་།
ཧ་ཅང་དྲན་གདུང་གིས་གཟིར་བའི་སྔ་ཕྱི་གང་དུའང་།
ངས་རྒྱང་རིང་རྒྱ་རིང་དུ་འཕུར་བའི་ཨ་ཅེ་ཁྱོད།
རང་གི་མངའ་ཐང་དུ་བསམ་གྱིན་ཡོད།
༢
ལྕགས་ཐབ་ཀྱི་ཚ་དྲོད་ཀྱང་མེད་པའི།
ཁེར་རྐྱང་གི་གྲིབ་མའི་ངོགས་དང་འགྲམ་དག་ན།
བདེ་སྐྱིད་ཀྱི་སྐུད་པ་ཞིག་འོད་དུ་འཚེར་བ་ནི།
ངས་ཁྱོད་ཀྱི་ཕྱིར་དུ་དབུགས་རིང་ཞིག་ཕྱིར་ཕྱུང་ཆོག་པ་དེའོ།
ཨ་ཅེ _
༣
ག་ལེར་སྤྲིན་རིམ་ལ་ཟུག་པའི་གླག་རྒོད་ཀྱི་གཤོག་རྗེས་ལ་ཅེར་ཐེངས་རེར།
མི་ལོ་སྟོང་གི་ལོ་རྒྱུས་དེ ཨ་ལོང་ཞིག་གི་ཟོལ་གྱིས།
ངའི་དྲན་པའི་དཔུང་མགོར་འཁྲིལ་ཞིང་།
ཆུ་འབྲས་འགམ་པའི་ཁྱེད་ཀྱི་རྒས་གཉེར་ཀྱང་།
རླུང་གིས་སྐྱོད་པའི་གསེར་མདོག་གི་ལོ་མ་ཞིག་དང་འདྲ་བར།
ངའི་ཡིད་ཀྱི་མཚོ་ངོས་ནས ཕྱི་ནང་མེད་པར་གཡོས་སོང་།
༤
གླེགས་བམ་གྱི་འོད་ཟེར་ལ་འཐམས་ནས།
བདེ་བའི་སྙིང་བོ་ཕྲན་བུ་ལ་རོལ་བའི་དུས་སུ།
ཆ་འཕྲིན་གྱི་གཡོ་ཧམ་དེས་ཁྱེད་གྱི་གསང་རྣམ་སྐྱོར་ཏེ།
ངའི་དབང་ཤེས་སྦྲིད་པར་བྱེད་ཅིང་།
ཅིས་ཀྱང ཨ་ཅེ་ཁྱོད་དྲན་དགོས་པའི་ཁ་ཆད་ཀྱང་བཀོད་འགྲོ།
༥
ཟ་འདོད་དུས ངས་བུ་རམ་མ་དྲན།
འཐུང་འདོད་དུས ངས་བདུད་རྩི་མ་དྲན།
གྱོན་འདོད་དུས་ཀྱང ངས་དུ་ཀཱུ་ལའི་གོས་བཟང་མི་དྲན་ཏེ།
ཡིན་ནའང་ཨ་ཅེ་ལགས།
འགྲོ་འདོད་ཀྱི་རྐང་སྣེ་རྡོ་ལ་ཐོགས་པའི་དུས་དག་ཏུ།
ངས་ཁྱོད་རང་མི་དྲན་པར་སུ་ཞིག་དྲན་ཨང་།
ཁྱོད་ནི་ངའི་སེམས་ཁོང་གི་མཆོད་སྡོང་ངམ།
ངའི་ཕྱི་ནང་གསང་གསུམ་གྱི་བརྩེ་བའི་ལྷ་མོ་དེ་མ་ཡིན་ནམ།
ཨ་ཅེ _
༦
དེ་རིང ངའི་རྒྱལ་ཁམས་ན་ཁྲ་ཚོན་གྱི་གློག་ཞུ་ཡོད།
ངའི་རྒྱལ་ཁམས་ན་བྲོ་རྫས་གྱི་བསུང་ངད་ཡོད།
ཆུ་རྫིང་གི་སྒེག་ཉམས་ཡོད།
ཁྱིམ་གཞིས་སྤོར་ཡོང་བའི་གྲོག་མའི་འཚང་ཁ་ཡོད།
ད་དུང་ཆགས་པས་གཡོ་བའི་སྨད་འཚོང་མའི་ནགས་ཚལ་ཡོད།
འདི་ནི་ངའི་རྒྱལ་ཁམས་ཀྱི་ཆེས་སྤྱིར་བཏང་བའི་གསར་འགྱུར་ཙམ་མོ།
ཨ་ཅེ་ལགས།
༧
ཕྱི་ནང་བཤིག་བཤིག་གི་སྟ་རེ་བསྣམས་པའི་དཔའ་བོ་ཚོས།
བཙན་པོའི་གསེར་ཁྲི་དང འཁོར་བའམ་འདུལ་བའི་ཕུ་མདའ་དཀྲུགས་ཏེ།
འབོད་པ་ཧྲལ་ཧྲུལ་གཏོང་བའི་བསླུ་བྲིད་དག་ལའང བྱ་ར་རེ་མཛོད་དང་།
ང་ཚོ་འགྲོ་དགོས་པའི་ལམ་ཐག་ཧ་ཅང་རིང་ལ།
ང་ཚོས་འཁུར་དགོས་པའི་ཁུར་བོ་དེ་ཡང ཧ་ཅང་ཧ་ཅང་ལྕི་བ་མིན་ནམ།
༨
ཕྱི་གླིང་བ་དེས སྐྲ་ལོ་སེར་ལམ་ལམ་ཁྱོད་ལ་ཅི་ཞིག་གསུངས་བྱུང་།
གྲོང་ཁྱེར་ཉིག་ཡོག་གི་འདུ་འཛིས་གནམ་ས་སྒུལ་དུས།
ཨ་ཅེ ཁྱོད་ཀྱི་ཐུགས་ལ་ཅི་ཞིག་འཁོར་བྱུང་།
དྲན་གདུང་གི་ཟབ་ཚད་འདྲ་པར་ལས་མངོན་དུས།
ཨ་རི་དང ལོན་ཏོན ལྡི་ལེ་གསར་བ་ཡང་།
ཁྱོད་ཀྱི་ཕ་ཡུལ་མིན་པ་གཞི་ནས་ཚོར་ཡོང་།
༩
མི་ལོ་འདི་དག་གི་རིང་ལ།
ཁྱོད་ཀྱི་རྒས་གཉེར་གཏིང་ནས་གཏིང་དུ་ཟུག་ཅིང་།
སྒལ་བའི་མདའ་མོ་གཞུ་དང་ཉེ་བར་འགྲོགས་ནའང་།
ཡང་ཟོར་གྱི་གོམ་ཁ་དེས ང་ལ།
ཞེ་བློ་བདེ་བའི་དབུགས་དབྱུང་ཞིག་བསྩལ་བྱུང་།
མཇལ་འཛོམས་གནང་བའི་ཡིད་ཆེས་ཤིག་བསྩལ་བྱུང་།
༡༠
ཡིན་ཡང རང་སེམས་ཕ་སྐད་ལ་རྒྱུ་བའི་དུས་སུ།
རྒྱུན་པར་ཁྱོད་ལ་སྡུག་ཡུས་འཁོར་ཞིང་།
ཞལ་ངོ་དཀོན་མཆོག་ལ་གཏོད་པའི་དུས་སུ།
རྒྱུན་པར་ཁྱོད་རང་ཤུགས་གླུ་དང་འགྲོགས་ཚུལ་ཀྱང་།
ངས་ནགས་ཚལ་བཞིན་འཛིང་བའི་ཆ་འཕྲིན་གྱི་བར་གསེང་རེ་རེ་ནས།
ཧ་ཅང ཧ་ཅང་མངོན་ཆུང་གིས་མཐོང་ཡོང་།
ཨ་ཅེ _
དེའི་དུས་སུ ངའི་སེམས་ཁ་ཡང་ཤིན་ཏུ་འཁྱག་གོ
༡༡
སུ་ཞིག་གིས ཁྱོད་ཀྱི་ཕ་ཡུལ་ནི་སྒྱེ་མོ་རལ་བོ་ཞིག་རེད་ཟེར་དུས།
ཁྱོད་ཀྱིས་ཅི་ཞིག་ཟེར་ངེས ཨ་ཅེ།
དོན་ངོ་མར་ཡང ང་ཚོའི་ཕ་ཡུལ་ནི་ཨི་ཁུང་གིས་ཁེངས་པའི་སྒྱེ་མོ་ཆེན་པོ་ཞིག་རེད།
ཁ་སང་གི་ངོ་མཚར་ཡོད་ཚད་ཨི་ཁུང་ལས་འཛར་ཞིང་།
དེ་རིང་གི་ཐན་ལྟས་ཡོད་ཚད་ཨི་ཁུང་ནས་འཛུལ་ཏེ།
ལྷག་འདུག་པ རྙིང་རལ་གྱི་ངོ་གདོང་དང་།
འཛོམས་འདུག་པ་ཡང་རུལ་མྱགས་ཀྱི་ཕུང་བོ་འབའ་ཞིག་རེད།
༡༢
མཚམས་ལན་རེར ངས་འདི་ལྟར་ཡང་བསམ་སྟེ།
འོད་ཟེར་གྱི་བགྲོད་ལམ་ཡོད་ཚད་རང་གི་རྐང་སྣེ་ནས་བྱུང་ཞིང་གྱེས་པས།
ཨ་ཅེའི་བྱིན་རླབས་ཀྱི་མཚན་ཁར་རེ་རྒྱུ་གང་ཡང་མི་འདུག་སྙམ་ཡོང་།
ཡིན་ནའང ཨ་ཅེ་ཡ།
རྩ་ལམ་གྱི་གཤེར་གཟུགས་འདིས ནམ་ཡང་།
ཁྱོད་རང་དྲན་དགོས་པའི་རླབས་རྒྱུན་ཡང་ཡང་སློང་བས།
ངའི་ཡིད་ཆེས་ཀྱི་སེམས་ངོ་དང་རེ་སྨོན་གྱི་རྣ་བ།
ཐ་ན་མིག་གི་རྒྱལ་མོ་དག་ཀྱང་།
ནམ་ཡང་ཁྱོད་ཕྱོགས་སུ་ཤོར་ཡོད་ཨང་།
ཨ་ཅེ _
༡༣
དོན་དངོས་སུ མི་ཞིག་གིས་མི་ཞིག་དྲན་རྒྱུ་དེ་ཧ་ཅང་སླ་ཡང་།
སྤྲིན་ལྟར་འཁྲིགས་པའི་མི་ཡུལ་གྱི གློག་ལྟར་འགྱུ་བའི་སེམས་པ་འདིས།
གང་ཟག་ཅིག་གི་ཟད་ཐག་ཆོད་པའི་སྣང་བརྙན་ཡུན་རིང་དུ་སྣོད་ལ་ཉར་དགོས་ཚེ།
དེ་ལའང་མནར་གཅོད་ཅིག་ཐེབས་ཀྱིན་འདུག
སྡུག་ཡུས་ཤིག་འཁོར་གྱིན་འདུག
གང་ལྟར་ངས་ཨ་ཅེ་ཁྱོད་ཁོ་ན་དྲན་གྱིན་ཡོད།
འདི་ནི་ཁྱོད་ཀྱི་དཀྱེལ་ཡང་རེད ཟིལ་ཤུགས་རེད།
༡༤
སྐུ་ཤ་མེར་མེར་གྱི་བདག་པོ་འདིས་སྡང་སྡིགས་རེ་སྟོན་དུས།
ངས་རྒྱང་རིང་གི་ཨ་ཅེ་ཁྱོད་དྲན་ཞིང་།
ཁུ་སིམ་མེར་ཞི་བདེ་དང་འདྲ་མཉམ་ལ་རེ་དུས།
བར་ཐག་འགའ་ཞིག་གིས་གང་བྱུང་དུ་སེམས་པ་རྨས་འགྲོ།
ཨ་ཅེ་ཡ གནས་ཡུལ་གྱི་ནམ་མཁའ་ཕ་ཡུལ་ལས་དྭངས་སམ།
གནས་ཡུལ་གྱི་བགྲོད་ལམ་ཕ་ཡུལ་ལས་བདེའམ ཆེའམ།
རྩམ་པ་དྲན་ནམ གྲོ་མ་དྲན་ནམ
༡༥
སྔོན་གྱི་ལོ་རྒྱུས་ན ང་ཚོ་དཔའ་འོ་ཟེར།
ཉེ་བའི་དེབ་ཐེར་དུའང ང་ཚོ་མཁས་སོ་ཟེར།
ད་ལྟ ང་ཚོའི་མཁས་མཛངས་དེ་ཤུལ་ནའང་མི་འདུག་སྟེ།
དཔལ་འབྱོར་གྱི་ར་ཆེན་པོ གསར་བསྐྲུན་གྱི་ཀློང་ཆེན་པོ།
ཐ་ན་མཆོད་སྦྱིན་གྱི་ཁམས་ཆེན་པོ་དེ་ནའང་མི་འདུག་གོ།
ཨ་ཅེ དོན་ངོ་མར་ཅི་ཞིག་ཉེས་སོང་།
༡༦
རི་ཚོགས་ལ་བལྟས་ན་མགོ་བོ་གུག་འདུག
ཆུ་རྒྱུན་ལ་ཉན་ན་རོལ་དབྱངས་འགག་འདུག
ཐང་ཆེན་པོ་དེའི་བྲང་གཞུང་ཚལ་བར་གཤག་དུས།
ཀྱེ་མ ངའི་མགོ་གཟེར་གི་འདུག སྙིང་ན་གི་འདུག
ཨ་ཅེ ང་ལ་ཚ་འཁྲུལ་འབྱུང་བཞིན་པ་འདྲ།
ཚ་འཁྲུལ་འབྱུང་བཞིན་པ་འདྲ་ཨང་།
༢༠༠༧ ལོའི་ཟླ ༨ པའི་ཚེས ༨ _ ༡༢ བར་ཕ་ཡུལ་ཁྱུང་བོ་ནས་བྲིས།
གསལ་བཤད། རྩོམ་ཡིག་འདི་ནི་སྔོན་གྱི་ཧི་གཟུགས་ཟིན་བྲིས་སུ་བཀོད་པའི་མི་རབས་གསུམ་པའི་སྙན་ངག་པ་ཚེ་རིང་སྐྱིད་ལགས་ཀྱི་སྙན་ངག་ཅིག་ཡིན་ལ། སྙན་ངག་འདི་དང་འབྲེལ་བའི་གླེང་མོལ་ཡང་སྐབས་ཐོག་དེར་རྩོམ་ཡིག་གི་གཤམ་དུ་མང་ཙམ་བྱུང་ཡང་། འདིར་ནི་ངེད་གཉིས་ཀྱིས་གླེང་མོལ་བྱས་པའི་ཚིག་ཁོ་ན་ཙམ་བཅོས་བསླད་མེད་པར་ཇི་བཞིན་དུ་བཀོད་ཡོད། ཡིན་ཡང་རྩོམ་འདིའི་བདག་མོ་ལ་རྩོམ་ཡིག་ཉིད་འོས་སྦྱོར་བྱེད་ཆོག་མིན་གྱི་ཐད་ནས་འབྲེལ་བ་གནང་ཐབས་མ་བྱུང་བས་འདིར་ཆེད་དུ་དགོངས་དག་ཞུས་པ་ལགས།
འདྲ་མཉམ་སློང་བ།
ཚེ་རིང་སྐྱིད།
སྐྱེས་པ་འདི་ཚོ རང་སྣང་དང་རང་བརྩི་ཁུར་ནས་
མདོ་རྩ་མེད་པ་དང་དམིགས་ཡུལ་མེད་པར་
ཡར་མར་ཡོད་ཚད་ལ་ཐེ་གཏོགས་བྱེད་པར་དགའ
བུད་མེད་ཀྱི་འཛུམ་མདངས་དང་དངུལ་ལོར་མཐོང་ན
སྐྱེས་པ་འདི་ཚོ གང་ཡང་མ་དྲན་པའི་ཉམས་ཀྱིས་
ངོ་འབག་འཐུག་པོ་ཞིག་གྱོན་ནས
ཧམ་པ་ཆེན་པོས་
རང་ལ་བདེན་ཁ་དང་གནས་ལུགས་ཡོད་མདོག་གིས
མིག་ཟུང་འོད་འཁྱུག་འཁྱུག་ངང
ཁྲམ་པའི་འཛུམ་ཆུང་ཞིག་ག་ལེར་མཆུ་འགྲམ་ནས་མངོན་ཡོང
སྐྱེས་པ་འདི་ཚོར་བློ་ཁོག་དང་སྙིང་སྟོབས་མི་ལྡན་ཡང
རང་ལ་ལྷན་སྐྱེས་ཀྱིས་བདག་པའི་མིང་དེ་ལ་ཡིད་ཆེས་ཀྱིས
བུད་མེད་ཀྱི་མདུན་ནས་བྲང་གཞི་དང་ལག་ཟུང་སྲིང་རྐྱང་བྱེད
བུད་མེད་ཀྱི་མདུན་ནས་སྒམ་བརླིང་གཤིས་ཀ་དང་མཉམ་དུ
རང་ཉིད་ནི་བུད་མེད་རུམ་མཁན་ཏེ་གློག་རྒོད་ཀྱི་གཤོག་ཟུང་དང་འདྲ་བར་རློམ་ལ
རང་ཉིད་ནི་བུད་མེད་ཀྱི་མགོན་ཏེ་ལྷས་མངགས་པའི་དཀོན་མཆོག་གི་སྲས་བོར་བརྩི
སྐྱེས་པ་ཚོས་གང་ཡང་ཁས་མི་ལེན་ལ
གང་ལ་ཡང་བརྩི་མཐོང་གི་གཤིས་ཀ་བོར་ནས
གང་གིས་ཀྱང་རང་གི་འགྲན་ཡ་མི་ཡོང་བསམ་ནས
བུད་མེད་ཀྱི་མདུན་ནས་གཞན་བཀུར་བའི་ཚིག་མི་ཤོར
བུད་མེད་ཀྱི་མདུན་ནས་རང་གིས་མི་འཇོན་པའི་ཉམས་མི་འདོར
སྐྱེས་པ་འདི་ཚོས ང་རྒྱལ་དང་རང་རློམ་བཞག་ནས
བདེན་པ་དང་གནས་ལུགས་བཙལ་ནས
རྒྱུ་འབྲས་དང་བློ་མིག་གི་ཕྱི་ནང་ནས
དངོས་ཡོད་དང་འདྲ་མཉམ་རྩིས་ནས
བུད་མེད་ཀྱི་མདུན་ནས་མིའི་རིགས་ཀྱི་འདྲ་མཉམ་འདུ་ཤེས་དེ་བསྒྲགས་སམ
བུད་མེད་ཀྱི་མདུན་ནས་རང་ལ་ཚེ་སྲོག་དང་བྱམས་བརྩེ་གནང་བར་ངོས་འཛིན་རྙེད་དམ
ཡང་ན་ ནག་ཞིག་རང་ཉིད་དང་ལྷན་དུ་འཚོ་བའི་གཞུང་ལ་མཉམ་དུ་སྐྱོད་པ་དང
དགུང་སྔོན་དབྱིངས་ལ་མཉམ་དུ་འཕུར་རོགས་ཀྱི་གཤོག་ཡ་ཞིག་ཏུ་བརྩི་འམ
ཚེ་རིང་སྐྱིད།
ཡུན་རིང་པོ་ཞིག་ལ་དྲ་གྲོགས་ཚོ་དང་གླེང་མོལ་བྱ་རྒྱུ་མ་བྱུང་བས། རེ་བ་ལ་དྲ་གྲོགས་ཚང་མ་བདེ་མོ་སྐྱིད་པོ་ཡིན་པར་སྨོན།
ང་ཚོ་ཟིན་བྲིས་འབྲི་མཁན་སུ་ཡིན་ཡང་ངེས་པར་དུ་སུ་ཞིག་གིས་མ་གོ་བ་ཞིག་འབྲི་རྒྱུ་དང་སུ་ཞིག་གིས་འབྲི་མི་ཐུབ་པ་ཞིག་འབྲི་རྒྱུར་འབད་བརྩོན་བྱ་རྒྱུ་དེ་མཐར་ཐུག་གི་རེ་བ་དང་ཤུགས་རྒྱག་ས་དེ་མིན་པར་སྙམ་ལ། གུས་མོ་ལྟ་བུར་མཚོན་ན་དུས་ནམ་ཡང་གསར་བ་ཞིག་དང་གནད་དོན་ཆེན་པོ་ཞིག་གླེང་རྒྱུ་ཁོ་ན་གཙིགས་སུ་འཛིན་གྱིན་མེད། ངས་ཟིན་བྲིས་འབྲི་སྐབས་ཐོག་མར་རེ་བ་ཆེ་ཤོས་ནི་ཀློག་མཁན་ཚོར་མ་མཐར་ཡང་ཅི་ཞིག་དྲན་གསོ་རེ་གཏོང་ཐུབ་ན་བསམ་གྱིན་ཡོད་ལ། དེ་ལས་ཀྱང་གལ་ཆེ་བ་ནི་ཀློག་མཁན་ཚོས་རྒྱ་ནག་གི་དབང་ཤུགས་བེད་སྤྱོད་བཏང་ནས་དཔོན་པོ་ཚོས་ནམ་རྒྱུན་བརྗོད་བཞིན་པའི། ཆོག་དང་མི་ཆོག འགྲིག་དང་མི་འགྲིག རེད་དང་མ་རེད། བཟང་དང་མི་བཟང་གི་སྐད་ཆ་མི་བཤད་པར། བརྗོད་གཞི་གང་རུང་དང་ཆེ་ཆུང་ལ་མ་ལྟོས་པར་བརྗོད་གཞི་དེ་དང་འབྲེལ་ནས་བགྲོ་གླེང་གི་ཁོར་ཡུག་ཡག་པོ་ཞིག་བྱུང་ན་བསམ་གིན་ཡོད། ཟིན་བྲིས་པ་ཚོའི་བརྗོད་གཞིའི་འོག་ཏུ་དཔྱད་བརྗོད་སྤེལ་ས་ཡོད་པ་རེད། ཡིན་ན་ཡང་ད་ལྟ་བར་དུ་ང་ཚོའི་བརྗོད་གཞི་དེ་དག་གི་རྗེས་སུ་རང་སྣ་གང་ཤར་གྱིས་ཇ་ཁང་ཆང་ཁང་ནང་གི་སྐད་ཆ་ལས་ལྷག་པ་གང་ཡང་བཤད་མེད་པ་ཚང་མས་གསལ་བོ་མཐོང་གི་རེད། དེར་དཔྱད་བརྗོད་ཅེས་པའི་མིང་ཚིག་རྫིག་པོ་འདི་གཉིས་གཏན་ནས་རན་པོ་མི་འདུག དེ་བས་བཀའ་དྲིན་ཅན་ཚོས་ནུས་པ་བཏོན་ནས་མི་རིགས་རང་གི་བོད་ཡིག་ཀྱང་དུས་རབས་འདིའི་དགོས་མཁོ་བཞིན་དྲ་ཐོག་ནས་མི་རིགས་གཞན་དང་དཔུང་མཉམ་གྱིས་བེད་སྤྱོད་གཏོང་ཐུབ་པ་འདི་རྩ་ཆེན་པོ་ལ་བཟུང་ནས། མིང་དོན་མཚུངས་པའི་དཔྱད་བརྗོད་རེ་སྤེལ་རྒྱུ་གལ་ཆེན་པོ་རེད། ང་ཚོས་ད་དུང་བགྲོ་གླེང་གི་ཁོར་ཡུག་ཡག་པོ་ཞིག་ཡོང་བར་སློབ་སྦྱོང་བྱ་དགོས་ཀྱིན་འདུག
ཁྱུང་བཟང་།
ཉིད་ཀྱི་རྩོམ་ཡིག་འདི་བཀླགས་པས་ཁྱེད་རང་གིས་བུད་མེད་ཀྱི་ཁེ་དབང་གླེང་ཁུལ་གྱིས། གནམ་འོག་གི་སྐྱེས་པ་འདི་ཚོ། ང་རྒྱལ་དང་རང་རློམ་ཅན། བདེན་པ་དང་གནས་ལུགས་མི་འཚོལ་མཁན། རྒྱུ་འབྲས་དང་བློ་མིག་གི་ཕྱི་ནང་ནས་དངོས་ཡོད་དང་འདྲ་མཉམ་མི་བརྩི་མཁན་ནམ། མིའི་རིགས་ཀྱི་འདྲ་མཉམ་འདུ་ཤེས་དེ་བདེན་པས་མི་སྒྲོག་མཁན་ཞེ་ཅིག་ཏུ་ངོས་འཛིན་ཞུས་ཏེ་སྡོམ་ཚིག་ལྟ་བུ་ཞིག་བཀོད་འདུག་པ་ཡང་། དོན་ལ་ཉིད་ཀྱིས་གསུངས་པ་བཞིན་གྱི་རྒྱ་ནག་གི་དབང་ཤུགས་བེད་སྤྱོད་བཏང་ནས་དཔོན་པོ་ཚོས་ནམ་རྒྱུན་བརྗོད་བཞིན་པའི། ཆོག་དང་མི་ཆོག འགྲིག་དང་མི་འགྲིག རེད་དང་མ་རེད། བཟང་དང་མི་བཟང་གི་སྐད་ཆ་བེད་སྐྱོད་བྱེད་སྟངས་ཀྱི་སྣང་ཚུལ་སྐྱུག་བྲོ་བོ་དེ་དང་ངོ་བོའི་ཆ་ནས་དབྱེ་བ་ཆེར་མི་སྣང་བར་མཐོང་ཞིང་། ཡང་བུད་མེད་ཀྱི་ཁེ་དབང་དང་འདྲ་མཉམ་བརྩོན་ལེན་བྱེད་དགོས་པ་ནི་བུད་མེད་ཁོ་ནའི་དོན་ཙམ་མིན་པར་མིའི་རིགས་ཧྲིལ་བོའི་འཆམ་མཐུན་མཉམ་གནས་དང་བདེ་སྐྱིད་འཚོ་གནས་ལ་ཐད་ཀར་འབྲེལ་བ་ཞིག་ཡིན་པས། འདྲ་མཉམ་གྱི་སྤྱི་ཚོགས་སྣང་ཚུལ་དེ་འདྲ་ཞིག་འཁྲུངས་པར་ཕོ་མོ་སྤྱི་དང་ལྷག་པར་དུ་བུད་མེད་དག་གིས་རང་གི་རྩལ་ནུས་ལ་བརྟེན་ནས་བརྩོན་ལེན་བྱེད་རྒྱུ་ཞིག་ལས་ཅིག་ཤོས་དགྲ་དང་ངན་པ་ཞེ་ཅིག་ཏུ་སྒོམ་ནས་འཕྲོག་རྩོད་རྒྱག་རྒྱུ་ཞིག་ནི་མིན་ཚོད་དུ་སྣང་ལ། དེ་ལྟ་བུའི་ཁེ་དབང་བརྩོན་ལེན་གྱི་བསམ་བློ་སུ་ལ་ཡོད་ན་དེ་ཡང་ཅུང་སྤུས་མ་དག་པར་འདོད་པ་འདི། བསམ་ཚུལ་བརྗེ་རེས་སུ་ཕུལ་བ་ལགས་སོ།། ཁྱུང་བཟང་གིས།
ཚེ་རིང་སྐྱིད།
སྐུ་ཞབས་ཁྱུང་བཟང་ལགས་སུ།
གུས་མོས་སྐུ་ཞབས་ལགས་ཀྱིས་རྒྱབ་ལྗོངས་དང་ཤེས་ཚད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་ཀྱིན་མེད་མོད། ཡིན་ན་ཡང་རྒན་ལགས་ཤིག་གིས་ལམ་སྟོན་གནང་ཚུལ་ཡང་དེ་འདྲ་ཞིག་ཨེ་ཡིན་ན་འདོད་གི དེ་ལྟར་རུང༌། འཆམ་མཐུན་དང་མདུན་བསྐྱོད་ཟེར་བའི་ཚིག་འདི་ཡང་སྲིད་དབང་སྒེར་གཅོད་པ་ཚོས་ངའི་ཨ་མས་མ་ཎི་བཏོན་པ་བཞིན་འདོན་བཞིན་པའི་ཚིག་རྙིང་ཞིག་རེད། ཡིན་ན་ཡང་ངས་ནམ་ཡང་བུད་མེད་ཀྱི་ཐོབ་ཐང་རྩོད་ཀྱིན་མེད། ངས་བུད་མེད་གཙོས་པའི་བོད་མིའི་གཞི་རྩའི་སློབ་གསོ་ཡར་རྒྱས་གཏོང་དགོས་པ་འདུག་ཟེར་གྱིན་ཡོད།
བུད་མེད་ཀྱི་མདུན་ནས་མིའི་རིགས་ཀྱི་འདྲ་མཉམ་འདུ་ཤེས་དེ་བསྒྲགས་སམ
བུད་མེད་ཀྱི་མདུན་ནས་རང་ལ་ཚེ་སྲོག་དང་བྱམས་བརྩེ་གནང་བར་ངོས་འཛིན་རྙེད་དམ
ཡང་ན་ནག་ཞིག་རང་ཉིད་དང་ལྷན་དུ་འཚོ་བའི་གཞུང་ལ་མཉམ་དུ་སྐྱོད་པ་དང
དགུང་སྔོན་དབྱིངས་ལ་མཉམ་དུ་འཕུར་རོགས་ཀྱི་གཤོག་ཡ་ཞིག་ཏུ་བརྩི་འམ
ངས་ཀྱང་འཆམ་མཐུན་གླེང་གིན་ཡོད། ངས་ཀྱང་བདེན་དོན་བཤད་ཀྱིན་ཡོད། ཁྱེད་ཀྱིས་སྐྱེས་པ་ཡོད་ཚད་ཁྱེད་ཀྱི་གོ་ས་ལ་མ་འཇོག ངས་ཀྱང་བུད་མེད་ཚང་མ་ངའི་གོ་ས་ལ་མི་འཇོག དེ་ལྟར་བྱེད་ན་གཞི་ནས་དངོས་ཡོད་ཀྱི་གནས་ལུགས་ཤིག་རག་གི་ཡོད་པར་སྣང༌། གཞན་ངས་ནམ་རྒྱུན་སྙན་ངག་མི་ཤེས་མཁན་ཚོས་སྙན་ངག་ཡག་དང་མི་ཡག་གི་སྐད་ཆ་བཤད་དགོས་པ་ཡོད་མ་རེད་ལ། ཟིན་བྲིས་པ་ཚང་མས་ངེས་པར་སྙན་ངག་ལ་དཔྱད་བརྗོད་སྤེལ་དོན་ཡང་ཡོད་མ་རེད། ངས་འདིར་དཔྱད་བརྗོད་སྤེལ་བ་དང་བགྲོ་གླེང་གི་ཁོར་ཡུག་ཟེར་དོན་ནི་སྤྱི་ཚོགས་དང་རིག་གནས་སོགས་ཀྱི་གནད་དོན་གླེང་བའི་དཔྱད་རྩོམ་གྱི་ཟིན་བྲིས་དེ་ཚོ་ལ་ཟེར་གྱིན་ཡོད། ང་ཚོས་རང་གི་དགའ་ཁ་ཁྱེར་ཕྱོགས་དང་ཚོར་བ་ཁོ་ན་བཟུང་ནས་དཔྱད་བརྗོད་སྤེལ་ན་འགྲིག་གི་མ་རེད་ཟེར་གྱིན་ཡོད། ང་ཚོས་གཞུང་ལུགས་ཀྱི་རྒྱབ་ལྗོངས་དང་རིག་པའི་བརྡར་ཤ་གཅོད་དགོས་པར་འདོད་ཀྱིན་ཡོད།
ཁྱུང་བཟང་།
མཛངས་མ་ལགས་ཀྱིས་ཨ་ལན་བྱིན་པར་དགའ་བོ་བྱུང་སོང་། ཡིན་ཡང་གོང་གི་དེ་ནི་ངའི་དྲན་ཚུལ་ཏེ་ཉིད་ཀྱི་རྩོམ་ཡིག་གི་ཁ་བྱང་དང་དངོས་གཞིའི་ནང་དོན་གྱིས་བསྐྱེད་པའི་དྲན་འཆར་ཙམ་བརྗེ་རེས་སུ་ཕུལ་བ་ལས་ལམ་སྟོན་གནང་ཚུལ་ཞིག་ཏུ་ངོས་བཟུང་བ་ཡིན་ན་དེ་ནི་གོ་བ་ལོག་པའམ་ཡང་ན་ཀུན་སློང་གཞན་ཞིག་གི་མངོན་སྟངས་ཙམ་དུ་ཟད། སྐད་ཆ་རྗེས་མ་དེ་ནི་ཉིད་ཀྱི་སྐད་ཆ་ངས་ཟིན་བྲིས་འབྲི་སྐབས་ཐོག་མར་རེ་བ་ཆེ་ཤོས་ནི་ཀློག་མཁན་ཚོར་མ་མཐར་ཡང་ཅི་ཞིག་དྲན་གསོ་རེ་གཏོང་ཐུབ་ན་བསམ་གྱིན་ཡོད་ཅེས་པ་འདི་དང་འབྲེལ་ཡོད་དེ། དེ་ལྟར་ན་ཉིད་ཀྱི་རྩོམ་འདིས་ང་ལྟ་བུའི་ཀློག་མཁན་ལ་འདྲ་མཉམ་གྱི་གནད་དོན་ལ་དྲན་སློང་ཁག་པར་མ་ཟད། ཆགས་སྡང་གི་གཡབ་མོ་རུ་མི་འགྱུར་བའི་ངེས་པ་ཡང་མེད་པར་འདོད་པས། དེ་ལྟར་ཐལ་བ་ལགས། ཡང་གཞན་དུ་ན་འཆམ་མཐུན་དང་མདུན་བསྐྱོད་ཟེར་བའི་ཚིག་འདི་ཡང་སྲིད་དབང་སྒེར་གཅོད་པ་ཚོས་ཁྱོད་ཀྱི་ཨ་མས་མ་ཎི་བཏོན་པ་བཞིན་འདོན་བཞིན་པའི་ཚིག་རྙིང་ཞིག་ཡིན་པ་ནི་བདེན་དུ་མཆི་ཡང་། དེ་ཙམ་གྱིས་འཆམ་མཐུན་དང་མདུན་སྐྱོད་ནི་མཁོ་མེད་ཅིག་ཏུ་ནམ་ཡང་སྒྲུབ་མི་ཐུབ་སྟེ། ཁྱོད་ཀྱི་ཨ་མས་མ་ཎི་མང་དུ་ཟློས་པ་དེ་ཙམ་གྱིས་མ་ཎི་ནུས་མེད་མཁོ་མེད་ཅིག་ཏུ་སྒྲུབ་མི་ཐུབ་པར་མ་ཟད་དེ་ལས་ལྡོག་པའི་ངོས་འཛིན་གྱི་རྐང་དེའི་དབང་གིས་མང་དུ་ཟློས་པ་ཉིད་དོ།། ད་རུང་ཁྱེད་ཀྱིས་སྐྱེས་པ་ཡོད་ཚད་ཁྱེད་ཀྱི་གོ་ས་ལ་མ་འཇོགངས་ཀྱང་བུད་མེད་ཚང་མ་ངའི་གོ་ས་ལ་མི་འཇོག དེ་ལྟར་བྱེད་ན་གཞི་ནས་དངོས་ཡོད་ཀྱི་གནས་ལུགས་ཤིག་རག་གི་ཡོད་པར་སྣང༌། ཞེས་པའི་གཏམ་འདི་ལ་ང་རང་ཡང་ཤིན་ཏུ་མོས་མོད། ངས་སྐྱེས་པ་ཚང་མ་ང་རང་གི་ཚད་ན་བཞག་མེད་ལ། ཁྱེད་ཀྱིས་སྐྱེས་མ་ཚང་མ་ཁྱེད་ཀྱི་ཚད་དུ་བཞག་འདུག་ཅེས་ཀྱང་ལབ་མེད་པར་དེ་ལས་ལྡོག་སྟེ། གླེང་གཞིར་གྱུར་བའི་ཉིད་ཀྱི་རྩོམ་ལས་བུད་མེད་ཅིག་གིས་སྐྱེས་པ་དག་ཉ་ཉུང་མཉམ་བསྲེས་ཀྱིས་ཚད་གང་འདྲ་ཞིག་ཏུ་བཞག་འདུག་པའང་རྩོམ་རང་ན་གསལ་བས་ཡང་བསྐྱར་རང་གི་གཏམ་ལ་ལྟ་ཞིབ་ཅིག་བྱེད་མི་དགོས་སམ་སྙམ་པ་བཅས་སོ།། གལ་ཏེ་བཤད་ཉེས་འདྲ་ཐེབས་ཏེ་ཚིག་སྣེ་སྐྱོན་ལ་ཐོགས་ཡོད་ན་ཐད་ཀར་དགོངས་དག་ཞུ་རྒྱུ་ཡིན། ཁྱུང་བཟང་གིས།
ཚེ་རིང་སྐྱིད།
སྐུ་ཞབས་ཁྱུང་བཟང་ལགས།
སྲིད་དབང་སྒེར་གཅོད་པས་འཆམ་མཐུན་དང་མདུན་བསྐྱོད་ཅེས་པའི་ཚིག་འདི་དག་ངའི་ཨ་མས་མ་ཎི་བཏོན་པ་བཞིན་འདོན་གྱིན་ཡོད་པ་རེད་ཟེར་སྐབས། ངས་ཁ་གྲངས་སམ་དེའི་འདོན་གྲངས་ལ་ཟེར་གྱིན་ཡོད་པ་ལས། མ་ཎི་བཏོན་ན་ཕན་པ་ཡོད་མེད་དང་མ་ཎི་བཏོན་པ་བཞིན་སྲིད་དབང་སྒེར་གཅོད་པས་ཁ་གཡང་བསྒྲགས་བཞིན་པ་དེ་གཉིས་ཀྱི་བྱེད་ནུས་དང་ཚིག་དེའི་རྒྱབ་ལྗོངས་ཀྱི་ཕན་གནོད་སོགས་བསྡུར་གྱིན་མེད། སྐད་ཆ་ཚང་མ་ཧ་ཅང་གིས་ཡར་མར་ལ་བསྒྱུར་དོན་མེད་པར་འདོད།
སྙན་ངག་གམ་ཡང་ན་བོད་པས་སྙན་ངག་ལ་བརྩི་མིན་ལ་མི་ཤེས་པའི་ངའི་ཟིན་ཐོ་དེ། ངས་ཁྱེད་ཀྱི་མཐའ་སྐོར་དུ་ཡོད་པའི་སྐྱེས་པ་དེ་དག་ལ་དབྱེ་ཞིབ་ཀྱིས་བྲིས་པ་མ་ཡིན་ལ། ངའི་འཁྲིས་སུ་འབྱུང་བཞིན་པའི་བུད་མེད་ཚོའི་ཀུན་སློང་ཙམ་ལ་ལྟོས་ནས་བྲིས་པ་ཡང་མིན། གནད་དོན་ཞིག་ལ་ལྟ་སྐབས་རྒྱ་རྡོ་ལྕི་ས་དེར་ལྟ་དགོས་པ་ལས་རེ་གཉིས་དང་ཡོད་མེད་ཀྱི་གྲངས་ཀ་ཙམ་གྱིས་ཡོང་གི་མ་རེད། གལ་ཏེ་ཁྱེད་རང་སྐྱེས་པ་དེའི་ཁོངས་སུ་མ་ཚུད་ན་ད་དུང་སྐྱེས་པའི་གྲངས་ཀ་མང་པོ་ཡོད་པ་རེད། གནམ་འོག་གི་ཕྱེད་ཀ་སྐྱེས་པ་རེད། བུད་མེད་ཀྱི་མདུན་ནས་བྲང་གཞུང་དང་ལག་ཟུང་སྲིང་རྐྱང་བྱེད་པར་དགའ། འདི་བོད་ཀྱི་སྐྱེས་པ་ཁོ་ན་མ་ཡིན་པར་ལྷག་པར་དུ་ཤར་ཕྱོགས་པའི་རིག་གནས་ཁོར་ཡུག་ནས་འཚར་ལོངས་བྱུང་བའི་སྐྱེས་པ་ཚོས་དུས་ནམ་ཡང་བུད་མེད་ཀྱི་མདུན་ནས་སྐྱེས་པ་ཕོ་ཡིན་ཞེས་ཉམས་སྣང་གཞན་ཞིག་འདུག
རང་ཉིད་ནི་བུད་མེད་རུམ་མཁན་ཏེ་གློག་རྒོད་ཀྱི་གཤོག་ཟུང་དང་འདྲ་བར་རློམ་ལ
རང་ཉིད་ནི་བུད་མེད་ཀྱི་མགོན་ཏེ་ལྷས་མངགས་པའི་དཀོན་མཆོག་གི་སྲས་བོར་བརྩི
སྐྱེས་པ་ཚོས་གང་ཡང་ཁས་མི་ལེན་ལ
གང་ལ་ཡང་བརྩི་མཐོང་གི་གཤིས་ཀ་བོར་ནས
གང་གིས་ཀྱང་རང་གི་འགྲན་ཡ་མི་ཡོང་བསམ་ནས
བུད་མེད་ཀྱི་མདུན་ནས་གཞན་བཀུར་བའི་ཚིག་མི་ཤོར
བུད་མེད་ཀྱི་མདུན་ནས་རང་གིས་མི་འཇོན་པའི་ཉམས་མི་འདོར
འདི་ཡང་ཨེ་ཤ་ཡའི་མངའ་ཁུལ་གྱི་སྐྱེས་པ་ཚོའི་རང་བཞིན་གཙོ་བོ་དེ་ཡིན་ལ། འདི་ཡང་ཤར་ཕྱོགས་པའི་རིག་གནས་ཁོར་ཡུག་ལས་འཚར་ལོངས་བྱུང་བའི་སྐྱེས་པ་ཕལ་ཆེ་ཤོས་ཀྱི་གཤིས་ཀ་རེད། དཔེར་ན་ཤར་ཕྱོགས་པའི་སྐྱེས་པ་ཚོ་བུད་མེད་ཀྱི་མདུན་ནས་ཆེས་ཉམས་དམའ་ས་ནི་བུད་མེད་དེའི་འཇོན་ཐང་དང་ནུས་པ་དེ་རང་ལས་ཚད་མཐོ་བའི་སྐབས་རེད། གོ་གནས་དང་དབང་ཐང༌། འཇོན་ནུས་སོགས་གནམ་ས་ཡི་ཁྱད་པར་ཡོད་ཀྱང་བུད་མེད་ཀྱི་མདུན་ནས་སྐྱེས་པ་ཚོས་རང་ཉིད་ཀླད་སྟོང་དང་ལག་སྟོང༌། ལྟོ་སྟོང་ཡིན་པའི་ཉམས་དེ་ཤོར་བར་ཧ་ཅང་གིས་འཛེམས་ཀྱིན་རེད། འདི་དག་ནི་ལྷན་སྐྱེས་ཀྱིས་ཡོད་པའི་སྐྱེས་པ་ཅེས་པའི་མིང་དེ་ལ་ཚད་མཐོ་བའི་གདེང་འཇོག་བྱ་རྒྱུ་མང་དྲག་པ་རེད།
ཁྱུང་བཟང་།
མཛངས་མ་ཚེ་རིང་སྐྱིད་ལགས་ལ།
ཐོག་མར་ལས་བྲེལ་གྱིས་སྐབས་བབ་ཀྱི་གླེང་མོལ་ལ་དུས་ཐོག་ཏུ་འཇུག་མ་ཐུབ་པར་དགོངས་དག་ཞུ་རྒྱུ་ཡིན། ད་ནི་ཚིག་སྣེ་འཛིན་པའི་ཅོལ་ཆུང་གི་ལས་སྤངས་ཏེ། གང་ཞིག་རང་ཉིད་ཀྱིས་བརྗོད་འདོད་པའི་གཏམ་དག་ཐད་ཀར་ཞུ་འདོད་པ་གཤམ་ལྟར།
༡ ཁོ་བོར་མཚོན་ནའང་ཉིད་ཀྱི་སྤྱིར་བཏང་གི་ཀློག་མཁན་ཞིག་ལས་ཁྱེད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་རིག་གནས་ཁོར་ཡུག མི་ཚེའི་ལངས་ཕྱོགས་སོགས་ལ་ཆ་རྒྱུས་གང་ཡང་མེད་པས། འདིར་གླེང་བའི་གཏམ་དག་ལའང་གཞན་གྱི་དམིགས་བྱ་གང་ཡང་མེད་པར་ཐད་ཀར་སྙན་ངག་འདིའམ་འདིས་བསླངས་པའི་ཚོར་བྱུང་དག་བརྗོད་པ་ཙམ་ལས་མ་འདས་ལ། དེ་ཡང་དྲང་མོར་བཤད་ན་ཐོག་མར་ཉིད་ཀྱི་རྩོམ་ཡིག་ཀློག་པའི་དུས་སུ་སྐྱེས་པ་འདི་ཚོཞེས་པའི་འདི་སྒྲ་ཉེ་བའི་ཚིག་སྦྱར་བ་ལ་རྩོམ་པ་པོ་རང་ཉིད་ལ་དམིགས་ས་ངེས་ཅན་ཞིག་ཡོད་ངེས་པར་བསམ་བློ་གསལ་ཙམ་འཁོར་ཡང་། ཡང་ཉིད་ཀྱི་རྩོམ་འདི་སྙན་ངག་ཅིག་ཡིན་པའི་དབང་གིས་སྐྱེས་པ་འདི་ཚོ་ཞེས་པའི་འདི་སྒྲ་ཉེ་བའི་ཚིག་དེར་ཡང་རིགས་རུས་ཀྱི་ཆ་ནས་ཉེ་བ་དང་།ས་ཁོངས་ཀྱི་ཆ་ནས་ཉེ་བའམ། ལས་རིགས་ཀྱི་ཆ་ནས་ཉེ་བ་དང་། འཚོ་བའི་ཆ་ནས་ཉེ་བ་སོགས་ཅི་རིགས་སུ་གོ་བ་བླངས་ཆོག་ཅིང་།གང་ཞིག་ཀློག་མཁན་གྱི་ཁམས་དང་རྟོག་པ་མི་འདྲ་བའི་དབང་གིས་སྣ་མང་བོའི་ཆ་ནས་གོ་བ་མི་ལེན་པའི་ངེས་པའང་མེད་ཕྱིར། ལྡོག་པའི་ལམ་ནས་དེ་ལྟར་བཀོད་པ་སྟེ། སྒྱུ་རྩལ་རྩོམ་རིག་སྤྱི་དང་ལྷག་པར་དུ་སྙན་ངག་ལ་མཚོན་ན་སྐབས་རེར་ཀློག་མཁན་གྱི་གོ་བ་འབྲི་མཁན་གྱི་དགོངས་པ་ལས་བརྒལ་ཞིང་།འགའ་རེ་ཕྱིན་ཅི་ལོག་དུ་གྱུར་བའི་དུས་ཀྱང་བདོག་པས་སོ།།
༢ འདིར་སྐད་གསེང་མཐོན་པོས་ཉིད་ལ་ཁས་ལེན་ཞུ་འདོད་པ་ནི་ཁོ་བོར་མཚོན་ན་གླེང་ཆེན་སོ་སོའི་ཕོ་མོའི་གཤིས་ཀ་དང་བསམ་ཁྱེར་ལ་ཉམས་ཞིབ་གཏམ་གླེང་བྱེད་པའི་བློ་རྒྱ་ཕར་ཟད། ཕ་ཡུལ་ལུང་བའི་ནང་གི་རང་དང་རིགས་གཅིག་པའི་སྐྱེས་པ་ཙམ་གླེང་ཞིང་དེའི་གཤིས་སྤྱོད་ལ་ཉེ་བར་དཔྱོད་པའི་མཐོང་ཐོས་ཀྱི་སྟོབས་ཀྱང་མེད་པ་སྟེ། མདོར་ན་ཨ་མ་མ་གཏོགས་མྱི་ངོ་དང་གོ་ཁ་མ་གཏོགས་ས་ངོ་མི་ཤེས་པའི་རིགས་སུ་གཏོགས་པ་དེ་ག་ལགས།
༣ ཉིད་ཀྱི་གླེང་བྱར་གྱུར་བའི་བུད་མེད་དང་སྐྱེས་པའི་ཐོབ་ཐང་འདྲ་མཉམ་ཐད་ཀྱི་གཏམ་དག་ལ་ནི་ཤིན་ཏུ་མོས་ཏེ། ཁོ་བོར་མཚོན་ནའང་གཅིག་དགུ་གོ་ལྔའི་གཡས་གཡོན་དུ་༼ཞུ་འཕྲིན་ཟླ་བ་གཞོན་ནུའི་འཛུམ་ཟེར༽ ཞེས་པའི་བཅད་རྩོམ་ཞིག་བྲིས་ཏེ་བུད་མེད་འཁོར་བའི་འཆིང་ཐག་ཏུ་འཛིན་པའི་ལྟ་ཚུལ་ལ་མི་འཐད་པའི་རྣམ་འགྱུར་བསྟན་ཞིང་དུས་དེ་ཉིད་ནས་བཟུང་བུད་ཀྱི་ལས་དབང་ལ་བློ་མང་དུ་འཁོར་ལ། ནམ་རྒྱུན་སློབ་གསོའི་ལས་ཀའི་ཁྲོད་དུའང་སློབ་མར་འདྲ་མཉམ་དང་མཐུན་སྒྲིལ་སོགས་ཀྱི་བག་ཆགས་བགོ་ཅི་ཐུབ་ལ་འབད་མཁན་ཞིག་སྟེ། མ་གཞི་རང་ཡང་ཨ་མས་བཙས་ཤིང་ཆུང་མས་གསོ་ལ་བུ་མོ་གཉིས་ཀྱི་ཕ་རུ་གྱུར་ཚར་བས་སོ།།
༤ སྐྱེ་ཁམས་སྲུང་སྐྱོབ་དང་འཛམ་གླིང་ཞི་བདེ། ཕོ་མོ་འདྲ་མཉམ། མི་རིགས་རང་དབང་སོགས་ནི་དེང་གི་མིའི་རིགས་སྤྱི་ཚོགས་ཀྱི་གནད་དོན་ཆེ་ཤོས་ཤིག་དང་། གླེང་གཞི་གལ་ཆེན་ཞིག བསྙེག་བྱ་གཙོ་བོ་ཞིག་ཏུ་གྱུར་ཡོད་པས་ན། ང་ཚོས་ཀྱང་ངེས་པར་དུ་དེ་དག་ལ་འབོད་པ་གཏོང་ཞིང་འཚོལ་སྙེག་བྱེད་དགོས་པ་ནི་གཅིག་ནས་མིའི་བདེ་འདོད་ཀྱི་རེ་བས་ཡོངས་སུ་བསྐུལ་བ་དང་། གཉིས་ནས་དུས་ཀྱི་འཕེལ་རླབས་ཀྱིས་ཕྱོགས་དང་ཕྱོགས་ནས་བདས་པ་ལགས་པས། ཅིས་ཀྱང་གཡོལ་ཐབས་མེད་པ་ནི་བདེན་པར་གྲུབ་མོད། ཡིན་ཡང་ང་ཚོ་བོད་མིས་ཕོ་མོ་འདྲ་མཉམ་གླེང་བའི་དུས་སུ། ང་ཚོར་རྒྱལ་ཁབ་དང་ས་ཁུལ་ཁ་ཅིག་དང་མི་མཚུངས་པའི་གནད་དོན་འདི་འདྲ་ཞིག་ཀྱང་འདུག་པར་འདོད་དེ། ང་ཚོ་བོད་ཀྱི་བུད་མེད་དག་ལ་རང་སྟེང་ནས་འདྲ་མཉམ་ལ་ཤེས་རྟོགས་བྱུང་ཐུབ་མེད་ལ་བརྩོན་ལེན་དེ་བས་ཀྱང་བྱེད་ཐུབ་ཀྱི་མེད་པ་བཞིན་དུ། ང་ཚོའི་སྐྱེས་པ་ཚོས་ཀྱང་འདྲ་མཉམ་ལ་ངེས་ལེན་དང་དེའི་དགོས་གལ་སོགས་ཆེར་ཚོར་གྱི་མེད་པར་མ་ཟད་སྐྱེས་པ་གཞན་དང་སྐྱེས་པའི་འདྲ་མཉམ་རྩོད་ཐུབ་ཀྱི་མེད། རང་གི་འདྲ་མཉམ་མ་ཚོར་བའི་སྐྱེས་པའི་ཁྱུ་ཚོགས་ཤིག་གིས་རང་གིས་རང་གི་བུད་མེད་ལ་འདྲ་མཉམ་སྟེར་གྱི་མེད་པ་ཚོར་གི་མེད་ཅིང་།གཞན་གྱི་སྐྱེས་པས་རང་ལ་འདྲ་མཉམ་གཏོང་གི་མེད་པའང་ཡང་དག་པར་ཚོར་གྱི་མེད་། དེ་དང་འདྲ་བར་བོད་ཀྱི་སྐྱེས་པས་བུད་མེད་ལ་འདྲ་མཉམ་གྱི་གོ་སྐབས་སྤྲོད་ཀྱི་མེད་པ་བཞིན་དུ། བོད་ཀྱི་སྐྱེས་པར་ཡང་སྐྱེས་པ་གཞན་གྱིས་འདྲ་མཉམ་གྱི་ཐོབ་ཐང་སྩོལ་གྱི་མེད་པས།བོད་ཀྱི་སྐྱེས་པར་སྐྱེས་པའི་འདྲ་མཉམ་མ་ཐོབ་པ་ཡང་གཞན་ཁོ་ནར་ལེ་བདའ་གཏོང་རྒྱུ་མེད་པར་རང་ཉིད་ལའང་ལན་ཁག་ཆེན་པོ་ཡོད་པ་ལྟར། བོད་ཀྱི་བུད་མེད་ལ་རང་གི་སྐྱེས་པ་དང་འདྲ་མཉམ་མ་ཐོབ་པར་ཡང་རང་གི་ཞན་ཆ་ཏན་ཏན་བདོག་ངེས་རེད། དེ་ན་ཕྱོགས་གང་ཡིན་ཡང་འདྲ་མཉམ་གྱི་ཐོབ་ཐང་ལ་ངོས་ཟིན་ཐོབ་པ་དང་།དེའི་རིན་ཐང་རྟོགས་པ། དེའི་རྨང་གཞིའི་ཐོག་སོ་སོའི་ལག་ལེན་གྱི་ཐོག་ནས་འདྲ་མཉམ་བརྩོན་ལེན་བྱེད་རྒྱུ་དེ་ནི་མིའི་འདྲ་མཉམ་སྙེག་པའི་གོ་རིམ་ཞིག་ལགས་ན། གནད་ཀྱི་དོན་པོ་ནི་འདྲ་མཉམ་སློབ་གསོ་ཞིག་དང་འདྲ་མཉམ་བརྩོན་ལེན་གྱི་ཁོར་ཡུག་ཅིག་དཀོན་འདུག་པ་དེ་ཡང་བོད་ན་འདྲ་མཉམ་དཀོན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་མིན་ནམ་སྙམ་མོ།།ཞེས་ཁྱུང་བཟང་གིས།
ཚེ་རིང་སྐྱིད།
སྐུ་ཞབས་ཁྱུང་བཟང་ལགས།
ཉིད་ཀྱིས་རང་ཉིད་ཀྱི་བློ་རུ་ཡོད་པའི་རང་ཉིད་དེ་གཞན་ལ་འདི་ལྟར་འགྲེལ་བཤད་རྒྱབ་པར་བཀུར་བར་འོས་པ་ཞིག་རེད། ང་ཚོའི་མི་མང་པོ་ཞིག་གིས་རང་ཉིད་ཟེར་བ་དེ་ནི་གང་ཞིག་གིས་ཚིམས་ཡོད་པ་ལས་ཆད་ལྷག་ཡོད་པ་དེ་ངོས་འཛིན་ཐུབ་རྒྱུ་ཤིན་ཏུ་ནས་ཁག་པོ་རེད། གང་ལྟར་ངས་ཉིད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཅིག་བྱེད་ན་བུད་མེད་མང་པོ་ཞིག་གིས་ང་ལ་སྡིགས་དམོད་གཏོང་སྲིད་ལ། ཡང་མི་མང་པོ་ཞིག་གིས་ངའི་བསམ་ཚུལ་ནི་དྲང་བདེན་མ་རེད་ཟེར་ཡང་སྲིད་མོད། ཡིན་ན་ཡང་ངས་བརྗོད་འདོད་བྱེད་བཞིན་པའི་བུད་མེད་ཀྱི་གནད་དོན་ཐད་སུ་ལ་ཡང་ལེ་གདའ་བྱེད་བཞིན་མེད། སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས། གནའ་བོའི་བྱུང་རབས་དང་ལོ་རྒྱུས། སྐྱེས་པའི་དབང་སྟོབས་སོགས་གང་ལ་འབྲེལ་བའི་གནད་དོན་ཞིག་ཡིན་ཡང་ལེ་གདའ་ཡིས་གནད་དོན་གང་ཡང་སེལ་ཐུབ་ཀྱིན་མ་རེད་ལ་ལོ་རྒྱུས་བསྐྱར་འབྲི་དང་དུས་ཚོད་བསྐྱར་སློག་བྱ་རྒྱུ་མེད་པ་ཡིན་དུས། ངས་ལེ་གདའ་དང་འཁང་ར་ནི་རང་ཉིད་སྒྱུ་ལུགས་ལ་འཇུག་བྱེད་རེད་བསམ་གྱིན་ཡོད། དེ་བས་ང་ཚོ་བུད་མེད་རང་ངོས་ནས་རང་ཉིད་ཀྱིས་རྒྱ་ཆེ་ས་ནས་འགན་འཁྲི་ཞིག་ལེན་དགོས་ལ། བུད་མེད་རང་ཉིད་ནས་མགོ་རྩོམ་དགོས་པར་འདོད། བོད་ཀྱི་ཤེས་ཡོན་པ་མང་པོ་ཞིག་གིས་སློབ་ཆེན་མོ་སོགས་མཐར་ཕྱིན་རྗེས་གྲོང་ཁྱེར་གྱི་ལས་གནས་ནས། བོད་ཀྱི་རོང་འབྲོག་མང་ཚོགས་ཀྱི་བསམ་བློ་དང་འཚོ་བར་ཁ་རྡུང་གཏོང་གིན་ཡོད་པ་རེད། རྗེས་ལུས་རེད། རྨོངས་དད་བྱེད་ཀྱིན་འདུག སློབ་གསོ་སྤེལ་དགོས་ཀྱིན་འདུག་ལ་སོགས་ཧ་ཅང་གིས་མང་པོ་བཤད་ཀྱང་དམག་འཁྲུག་ལྟ་བུ་ཡིན་ན་རང་ཉིད་དེའི་ཁོངས་སུ་མ་ཞུགས་པར་སྐད་ཆ་བཤད་པར་ངས་ངོས་ལེན་བྱ་ཐུབ་ཀྱིན་མེད། ཕྱི་རྒྱལ་གྱི་རྩོམ་པ་པོ་དང་བསམ་བློ་བའི་སྐད་ཆའི་སྡོམ་ཚིག་རེ་བཟུང་ནས་ག་དུས་ཡིན་ཡང་མགོ་བོ་དགྱེ་དགྱེ་བྱེད་ཀྱིན་འདུག དུས་ནམ་ཡང་རང་ཉིད་དམག་འཁྲུག་དངོས་ཀྱི་ནང་དུ་མི་ཞུགས་པར་ལྟད་མོར་ལྟ་བ་ལ་ང་ངོས་ལེན་ཁྱོན་ནས་བྱ་ཐུབ་ཀྱིན་མེད་ལ། མཚམས་རེར་རང་ཉིད་ཀྱང་རྒྱུ་མཚན་གང་ཞིག་གིས་གཞན་ཡུལ་དུ་འཚོ་བ་རོལ་གྱིན་པར་ནོངས་འགྱོད་དང་སྐྱོ་སེམས་ཤིན་ཏུ་ཆེ། ཡིན་ཡང་སྒེར་གཅོད་ཀྱི་སྲིད་དབང་གིས་ང་ཚོའི་རྐང་ལག་ལྕགས་སྒྲོག་གིས་བཅིངས་འདུག གང་ལྟར་རྒན་ལགས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཁྱུང་བཟང་།
མཛངས་མ་ཚེ་རིང་སྐྱིད་ལགས་ལ།
ང་རང་མཆོག་ཉིད་ཀྱིས་གོང་དུ་བཀོད་པའི་གཏམ་དག་ལ་ཤིན་ཏུ་མོས་ཏེ། དེ་ཡང་གཞི་རྩའི་བསམ་ཕྱོགས་ལ་མཐུན་ས་མང་དུ་བདོག་པས་སོ།། ཡང་འདི་ལྟར་བཤད་དུས་སྣོག་བཤད་ལ་གོམས་ཆེ་བ་དག་གིས་གཏམ་སྣ་ཚོགས་པ་ཞིག་བཤད་སྲིད་ཀྱང་དེ་ཙམ་གྱིས་ནི་དུས་ཀྱིས་སྤྲད་པའི་འགན་འཁྲི་ལ་གཅིག་ཏུ་གཞོལ་བའི་བློ་སྟོབས་དང་ལམ་ཁ་འགོག་ཐུབ་ཀི་མ་རེད།
དེ་བས་ཀྱང་བདག་སེམས་ལ་སིམ་པ་ནི་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས། གནའ་བོའི་བྱུང་རབས་དང་ལོ་རྒྱུས། སྐྱེས་པའི་དབང་སྟོབས་སོགས་གང་ལ་འབྲེལ་བའི་གནད་དོན་ཞིག་ཡིན་ཡང་ལེ་གདའ་ཡིས་གནད་དོན་གང་ཡང་སེལ་ཐུབ་ཀྱི་མ་རེད་ལ་ལོ་རྒྱུས་བསྐྱར་འབྲི་དང་དུས་ཚོད་བསྐྱར་སློག་བྱ་རྒྱུ་མེད་པ་ཡིན་དུས། ངས་ལེ་གདའ་དང་འཁང་ར་ནི་རང་ཉིད་སྒྱིད་ལུག་ལ་འཇུག་བྱེད་རེད་བསམ་གྱིན་ཡོད། དེ་བས་ང་ཚོ་བུད་མེད་རང་ངོས་ནས་རང་ཉིད་ཀྱིས་རྒྱ་ཆེ་ས་ནས་འགན་འཁྲི་ཞིག་ལེན་དགོས་ལ། བུད་མེད་རང་ཉིད་ནས་མགོ་རྩོམ་དགོས་པར་འདོད། ཅེས་པའི་གཏམ་འདི་ལགས།
དོན་ངོ་མར་མིག་སྔའི་ང་ཚོ་ནི་མེས་པོའམ་རྒན་རབས་པའམ། མི་རབས་སྔ་མ་དག་ལ་ལེ་བདའ་དང་འཁང་ར་བྱེད་པའི་ཕྱོགས་ལ་གཞོལ་དྲགས་ཏེ། དུས་ཀྱིས་གཉའ་རུ་དེད་པའི་ལས་ཀ་དག་ལ་མཐའ་གཅིག་ཏུ་འཇུག་ཐུབ་ཀི་མེད་པར་མ་ཟད། ནམ་རྒྱུན་ཁ་གཡོར་ས་འགའ་རེ་འཚོལ་གྱིན་པ་ནི་མ་གཞི་ནས་སྐྱོ་གར་ཞིག་མིན་ནམ་སྙམ། འདི་ལྟར་བཤད་དུས་རང་གིས་མཁས་གཏམ་འདྲ་ཆགས་པོ་བཤད་པ་ལྟར་སྣང་བས། ད་ནི་མང་བོ་མི་གླེང་བར་ང་ཚོ་རང་གི་ལག་ལེན་གྱིས་རང་ཉིད་ཀྱི་ཕྱི་ནང་གསང་གསུམ་དཀར་སང་ངེར་ཡོད་པར་བདེན་པས་དཔང་བོ་བྱེད་པ་ལ་ཉེ་བར་འཇུག་ཨང་།
མཐར་ཉིད་ཀྱིས་འདི་ལྟར་སེམས་ངོ་བསྟན་པར་བཀའ་དྲིན་ཞུ་རྒྱུར་མ་ཟད། བྱེས་གྱར་ནང་མི་ཡོངས་ཀྱི་སྐུ་ལུས་བདེ་བའི་སྨོན་འདུན་ཡང་ཡང་ཞུ་རྒྱུ་ཡིན།
ཁྱུང་བཟང་གིས།
[ 2009-11-14 21:37:47 | By: qunbo ]
ལོ་རྒྱུས་གླེང་ན།
ཕ་བྱང་སེམས་ཆེ་ཚུལ་དང་མ་འདོད་ཆགས་ཆེ་ཚུལ་ནས་འཁྱོག་འདུག
ཆོས་ལུགས་གླེང་ན།
ཕྱི་ཕྱིན་ཅི་ལོག་ཚུལ་དང་ནང་ནང་སྙིང་ཡིན་ཚུལ་ནས་བཟུར་ཡོད།
ཆབ་སྲིད་གླེང་ན དམག་དོན་གླེང་ན།
སྲོང་བཙན་གླེང་དགོས སྤྲུལ་བ་གླེང་དགོས།
ད་རུང་རྒྱ་མོའི་ས་བོན་གྱིས་བོད་མགོ་ནག་གི་ཕོ་བ་གསོས་ཚུལ་གླེང་དགོས།
དེང་རབས་གླེང་ན།
རྒྱལ་དབང་བཅུ་གསུམ་པའི་ཐུགས་ཀྱི་ས་བོན་གླེང་དགོས།
ལུང་ཤར་བའི་མིག་འབྲས་འཁོལ་མ་གླེང་དགོས།
དེའི་རྗེས་ནས ད་ནི་ཅི་ཞིག་གླེང་ངམ།
ང་ཡུན་རིང་ལུས་རྗེས།
མིག་མདུན་གྱི་བྱིས་པ་སྙིང་རྗེ་བོ་དག་གི།
རྐང་མཐིལ་བྱེ་མས་སྙོབ་པའི་གསང་བ་དག་ཡིད་ལ་འཁོར་ཡོང་།
དེ་བས ངས་གནའ་སྔ་མོ་སྔ་མོ་ཟེར་བ་དེ་ཡང་།
རྟ་མགྲིན་གྱི་སྲུང་སྐོར་ལྟར།
སུ་ཞིག་གི་ལུང་བསྟན་དང་སྦྲགས་ནས་དེ་རིང་གི་སྐེ་ལ་འདོགས་མ་འདོད།
༢༠༡༠ ༨ ༢༢ ཉིན།
ཁྱོད་ལ་ཁག་མི་འདུག རྒྱུགས་གཞི་དཀའ་དྲགས་སོང་།
སྐད་ཆ་འདི་ནི་དགེ་རྒན་དང་ཕ་མ་མང་བོས་རང་གི་སློབ་མའམ་བྱིས་པའི་སྐར་འབྲས་དམའ་བའི་དུས་སུ། ཁོ་ཚོའི་སེམས་གསོ་བའི་དོད་དུ་བཤད་དང་འཆད་ངེས་པའི་ཚིག་དེ་རེད། སྐད་ཆ་འདི་ཐེངས་གཅིག་གམ་གཉིས་ལ་བཤད་པས་སེམས་གསོའི་ནུས་པ་ཐོན་སྲིད་མོད། འོན་ཀྱང་ཡང་དང་ཡང་དུ་བཤད་ན་འདིས་བྱིས་པར་ངན་ཤན་ཆེན་པོ་ཐེབས་ངེས་ཏེ། སྐད་ཆ་འདི་ཉིད་ཀྱིས་སློབ་མས་རྒྱུགས་གཞིའི་ཁ་གཏད་མ་ཆོག་པའི་གནད་དོན་དཔེར་ན། སྦྱངས་པ་གནད་དུ་མ་སོང་བའམ། དྲི་བར་མཉམ་འཇོག་མ་བྱས་པའམ། སེམས་ཁམས་ལྷོད་ལ་མ་ཕབ་པའམ། ངལ་གསོ་དུས་སུ་མ་བྱས་པ་སོགས་ཀྱི་སྐྱོན་ཆ་གང་དུ་གནས་པར་དབྱེ་ཞིབ་བྱེད་མི་ཐུབ་ལ། བྱིས་པར་རང་གིས་རང་གི་བསམ་སྦྱོར་ལ་ཕྱིར་རྟོག་བྱེད་པའི་ཁ་དབུགས་ཀྱང་བསྐྲུན་མི་ཐུབ་པ་ཕར་ཟད། ད་རུང་ཁག་འགེལ་དང་སྒྱིད་ལུག་གི་བསམ་བློ་ཞིག་ངང་གིས་བསྐྱེད་ངེས་རེད།
འོ་ན་དེ་ལྟ་བུའི་སྣང་ཚུལ་རྒྱུན་པར་འབྱུང་བས་ཅི་ལྟར་བྱས་ན་ལེགས་ཟེར་ན་ཁོ་བོའི་བསམ་པར། རྒྱུགས་གཞི་དཀའ་ཡང་སྐར་མ་འདི་འདྲ་ལོན་འདུག་པ་ཡག་ཙམ་བྱུང་ཚུལ་གྱིས་སེམས་གསོས། རྒྱུགས་གཞིར་ཁ་གཏོད་ཚུལ་གང་ནས་མ་འགྲིག་པའི་གནད་བསྟན། སླར་ཡང་འདི་ལས་ཀྱང་བརྩོན་པ་བྱས་ན་ཕྱིན་ཆད་རྒྱུགས་གཞི་འདི་ལྟ་བུར་འཕྲད་ཀྱང་ཕམ་ཁ་ཉོ་མི་དགོས་ལ། ཕམ་ཁ་ཉོ་མི་སྲིད་པའི་ཡིད་ཆེས་ཀྱང་བརྟན་པོར་ཡོད་ཚུལ་གྱིས་བྱིས་པའི་སེམས་དཔངས་བསྟད་ན་ཅུང་ཟད་ཕན་ངེས་པར་འདོད་དོ།།
དགེ་གྲོགས་ལགས། ལག་གི་དབྱུག་པ་ཐང་ལ་སྐྱུར་རོགས།
སློབ་མ་མི་སར་བཞག་སྟེ་སེམས་དང་བསམ་པའི་གཏིང་ནས་གཅེས་སྐྱོང་དང་ཡར་སྐུལ་བྱས་མ་མྱོང་བའམ་བྱེད་རྩིས་མེད་པ་ཞིག་ལ་མཚོན་ན། སློབ་མ་ལ་མ་གཅར་བར་སློབ་གསོ་བཏང་ཆོག་པ་དེ་ཤེས་ཐབས་མེད་ལ། དོན་གྱིས་གཅར་དགོས་མིན་དེ་སློབ་མའི་སྟེང་ན་མེད་པར་སློབ་གསོའི་ངོས་འཛིན་དང་ཐབས་ལམ་གྱི་སྟེང་ན་ཡོད་པར་ངང་གིས་གྲུབ་སྟེ། བྱིས་པའི་ནང་ན་གཅར་རྡུང་གཟེད་འདོད་མཁན་དུ་ཡོད་དམ། ལག་ལེན་དངོས་ལ་རྐང་བཙུགས་ནའང་གཅར་རྡུང་ནི་དོན་ལ་དགེ་སློབ་སུར་མཚོན་ཡང་ཐབས་རྡུག་གི་ལས་ཀ་ཞིག་མ་རེད་དམ།
དྲང་མོར་བཤད་ན་སློབ་གསོ་མ་གཞི་ནས་མིའི་ལེགས་ཆ་གསོ་ཞིང་སྐྱོང་བའི་བྱ་བ་ཞིག་ཡིན་ལ། གཅར་རྡུང་ནི་གནོན་ཅིང་འཇོམས་པར་བྱེད་པའི་སྦྱོར་བ་ཞིག་ཡིན་པས། དེས་སྟབས་ཉེས་ན་ནར་མ་སོན་ཞིང་ལས་གང་ལའང་གོམ་པ་དང་པོ་སྤོ་བའི་མི་ཞིག་གི་མངོན་ཞིང་མ་མངོན་པའི་ནུས་པ་མང་བོ་ཞིག་ལ་གས་ཆག་བཟོ་ཞིང་རྩ་རུལ་དུ་གཏོང་ངེས་རེད། དེ་ཡིན་ན་སློབ་མ་དེའི་ངོས་ནས་དེ་ལས་ཆེ་བའི་གྱོང་གུད་དང་དགེ་རྒན་ཞིག་གི་ངོས་ནས་དེ་ལས་ཆེ་བའི་ཉེས་པ་ཞིག་གང་དུ་ཡོད་ཨང་ཡང་སྙམ།
ཡང་ཅིག་བཤད་ན་ཉེ་བའི་ལོ་འགར་ང་ཚོས་སྲམ་དང་ཝ་ལྤགས་གཟིག་ལྤགས་སོགས་རྒྱན་དུ་བྱེད་པ་གཅོད་དགོས་དོན་དེ། ང་ཚོ་སྙིང་རྗེ་ཆེ་བ་དང་གཞན་དོན་དུ་སེམས་དཔའ་བས་མ་ཡིན་པར། ཚེ་སྲོག་ལ་འདྲ་མཉམ་དུ་ལྟ་ཞིང་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཁོར་ཤུགས་ཀྱིས་གཅུམ་ཡོང་བ་ཞིག་ཡིན་ལ། གལ་སྲིད་ང་ཚོས་མིའི་རིགས་ཀྱི་འཁོར་ལམ་དེར་མ་བསྟུན་པར་འདི་ནི་ང་ཚོའི་ཡབ་མེས་ནས་བརྒྱུད་པའི་གོམས་སྲོལ་ལོ་ཟེར་རྒྱུ་ཡིན་ན། ང་ཚོ་ནི་མིའི་རིགས་ཀྱི་མིག་ནང་གི་གདོན་རྫས་སུ་འགྱུར་བ་དང་། ང་ཚོའི་རིག་གནས་ཀྱང་རང་མགོ་མི་འཁྱོངས་པར་གཞན་མགོ་གླེང་བའི་མུན་ནག་མདའ་འཕེན་ལྟ་བུའི་རིག་གཞུང་ཞིག་ཏུ་མི་བརྩི་བའི་ངེས་པའང་ཁྱོན་ནས་མེད་ལ། དཔེ་དེ་བཞིན་དུ་ང་ཚོས་རང་གི་སློབ་མར་གཅར་རྡུང་བྱེད་པའི་ལས་ཀ་འདིའང་ད་ནི་མཚམས་འཇོག་རན་པའི་མི་ཚད་འཕྱིས་འདུག་སྟེ། གལ་སྲིད་ང་ཚོས་ད་རུང་མཚམས་མ་བཞག་པ་ཡིན་ན། མིའི་རིགས་ཀྱིས་མིའི་རང་དབང་དང་མིའི་རྩིས་ཐང་། མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་། མིའི་འཆམ་མཐུན་དང་ཞི་བདེ་སོགས་ལ་བརྩི་འཇོག་དང་དང་དོད་ཆེན་པོ་གནང་བའི་སྒང་ལ། ང་ཚོའི་བྱེད་སྟངས་མང་པོ་ནི་ཁྲིམས་འགལ་དང་ལུགས་མེད་དུ་གྱུར་ཏེ། ད་ནི་སྙིང་རྗེ་ཆེ་རབ་དང་བཟོད་པ་ཆེ་ཚུལ་སོགས་མི་ལོ་སྟོང་ཕྲག་ལ་ཟློས་མྱོང་བའི་ཐུ་བྷོད་པའི་རང་གཟུགས་ངོ་མ་ལྷང་ལ་འཕུད་ངེས་པའི་ཚད་ལ་ཐོན་ཡོད་པ་འདི་རེད།
དེས་ན་ང་ཚོས་ད་རུང་མ་གཅར་ན་ཐབས་མེད་ཚུལ་གླེང་རྒྱུ་ཡིན་ནམ། དེ་ལྟར་ན་ང་ཚོའི་ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་ཀྱི་སློབ་གསོའི་ཚད་ནི་གང་ཙམ་ན་ལུས་འདུག རིག་གཞུང་ཁྲོད་ཀྱི་ནང་དོན་དང་དགོངས་པའི་ཟབ་ཚད་དེ་ཡང་གང་འདྲ་ཞིག་ལ་སླེབས་འདུག རིག་གཞུང་དང་ལག་ལེན་ཡ་བྲལ་དུ་གྱུར་བའི་མི་རིགས་ཤིག་དང་དེའི་རིག་གནས་ལ་གཞན་གྱིས་གདེང་འཇོག་ག་འདྲ་ཞིག་གནང་སྲིད་ཨང་། འདི་ཚང་མ་ཡང་ང་ཚོས་འདང་མི་རྒྱག་རང་རྒྱག་གི་གནད་དོན་ཏག་ཏག་རེད།
དགེ་གྲོགས་ལགས། ད་ནི་ལག་གི་དབྱུག་པ་ཐང་ལ་སྐྱུར་རོགས། གདོང་གི་ཞལ་ཁེབས་ཡར་ལ་འགྱོགས་རོགས། སྙན་པའི་གཏམ་གྱིས་བྱིས་པའི་ལམ་སྣ་དྲངས་ཏེ། སྤྲོ་བའི་འཛུམ་གྱིས་ངལ་བའི་སེམས་ཁམས་གསོ་རོགས། འདི་ནི་ད་གཟོད་བྱིས་པས་འདོད་ཅིང་ཁྱེད་ཀྱང་སྤྲོ་བའི་ལམ་བུ་དེ་ཡིན། ང་ཚོ་ཅིས་ཀྱང་འཇུག་དགོས་པའི་སློབ་གསོའི་བགྲོད་ལམ་དེ་ཡིན།
བྱིས་པའི་སྐྱོན་ཅིག་བཟུང་ནས་སྡིགས་པ་ལས།།
ཡོན་ཏན་སྣ་གཅིག་བཙལ་ནས་བསྟོད་པ་དགའ།།
བྱིས་པ་སུ་ཡིན་ཡང་སྐྱོན་དང་ནོར་འཁྲུལ་འབྱུང་སྲིད་པ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་རེད། ཡིན་ན་ཡང་བྱིས་པ་ཞིག་གིས་ནོར་འཁྲུལ་རིགས་གཅིག་ཡང་དང་བསྐྱར་དུ་བཟོ་མིན་དེ་སློབ་གསོ་ཁོ་ན་ལ་རག་ལས་ཤིང་། བྱིས་པས་སྐྱོན་སྤོང་ཞིང་ཡོན་ཏན་འཕེལ་བའི་ཐབས་ལམ་ཉག་གཅིག་པོ་ཡང་། བྱིས་པར་རང་གིས་བཟོས་པའི་སྐྱོན་སྐྱོན་དུ་ངོ་ཤེས་ཤིང་། དེའི་ནག་ཉེས་ངོས་ཟིན་དུ་འཇུག་རྒྱུ་དེའམ་བྱིས་པར་རང་གི་ཡོན་ཏན་གང་ཞིག་ཡོན་ཏན་དུ་གོ་ཞིང་། དེའི་དགེ་མཚན་ངོ་འཕྲོད་དུ་འཇུག་རྒྱུ་དེ་རེད།
གལ་ཏེ་བྱིས་པས་སྐྱོན་བཟོས་ཚེ་གང་བྱུང་དུ་གཅར་ཅིང་སྡིགས་པ་དེས་སྐྱོན་རྩ་བ་ནས་བསྒྱུར་བར་ནུས་པ་མི་ཐོན་ལ། ཡང་བཟང་ཞིག་བཅོས་ཚེ་དེ་ཉིད་སྣང་མེད་དུ་བསྐྱུར་ན་མུ་མཐུད་བཟང་གི་ལམ་དུ་འགྲོ་བར་ཡང་ཕན་ནུས་མི་ཐོན། ད་རུང་སུས་ཀྱང་གཞན་གྱི་སྡང་སྡིགས་མྱོང་མི་འདོད་ལ་ཚིག་སྙན་པོ་ཐོས་ན་དགའ་བ་ནི་རྒན་གཞོན་དང་བྱིས་པའི་དབྱེ་བ་མེད་པར་ཡོངས་སུ་མཐུན་ལ། བྱིས་པ་དང་ལོ་ལོན་རྣམས་དེ་བས་ཀྱང་གཞན་གྱི་བསྟོད་བསྔགས་ལ་དགྱེས་ཤིང་། དེ་ནི་ལོ་ན་ཚོད་ལས་མངོན་པའི་སྣང་ཚུལ་ཁྱད་པར་བ་ཞིག་ཡིན་པས། ང་ཚོས་སློབ་གསོའི་བྱ་བའི་ཁྲོད་དུ་རྒྱུན་པར་བྱིས་པའི་སྐྱོན་སྣ་གཅིག་བཟུང་ནས་སྡིགས་ཤིང་དམོད་པ་ལས། བྱིས་པའི་བཟང་གཅིག་གནད་དུ་བཟུང་ནས་བསྟོད་ཅིང་བསྔགས་པ་དེས་མངོན་གསལ་གྱི་གྲུབ་འབྲས་ལོན་པར་བསམ་མོ།།
འཇར་མན་གྱི་ཁྲིམས་ལུགས་ཤིག
འཇར་མན་གྱི་ཁྲིམས་ལུགས་སུ་འདི་འདྲའི་ཁྲིམས་ཡིག་དོན་ཚན་ཞིག་ཀྱང་ཡོད་འདུག་སྟེ། དེ་ནི་གཙོ་བོ་བྱིས་པར་ཁྱིམ་ལས་ལས་རོགས་བྱེད་པར་བཏོན་པའི་རེ་བ་ཞིག་རེད། ཞིབ་ཕྲའི་ནང་དོན་ནི་གཤམ་གསལ་ལྟར།
༡ བྱིས་པ་ལོ་དྲུག་ལ་མ་བུད་གོང་དུ་རྩེད་འཇོ་འབའ་ཞིག་ཏུ་རོལ་བ་ལས་ཁྱིམ་ལས་གང་ཡང་བྱེད་མི་དགོས།
༢ ལོ་དྲུག་ནས་བཅུ་བར་དུ་དགོས་གལ་འདྲ་བྱུང་ཚེ་ཕ་མས་སྣོད་ཅ་བཀྲུ་བ་དང་། ཁྱིམ་ཕྱགས་པ། དངོས་ཟོག་ཉོ་བ་བཅས་ལ་རོགས་རམ་བྱེད་དགོས།
༣ ལོ་བཅུ་ནས་བཅུ་བཞིའི་བར་དུ་ལྡུམ་རའི་རྩྭ་གསིང་སྙོམས་པ་དང་། དཀར་ཡོལ་བཀྲུ་བ། ཐང་ཕྱགས་པ། བཟའ་མི་ཡོངས་ཀྱི་ཀོ་ལྷམ་ཕྱི་བ་བཅས་ཀྱི་ལས་ཀ་ངེས་པར་དུ་སྒྲུབ་དགོས།
༥ ལོ་བཅུ་བཞི་ནས་བཅུ་དྲུག་གི་བར་དུ་རླངས་འཁོར་བཀྲུ་བ་དང་། མེ་ཏོག་ལྡུམ་ར་ལ་བདག་ཉར་བྱེད་དགོས།
༦ ལོ་བཅུ་དྲུག་ནས་བཅོ་བརྒྱད་བར་དྭུ་དཔེར་ན་ཕ་མས་ལས་ཁུངས་སུ་བྱ་བ་སྒྲུབ་སྐབས། གཟའ་འཁོར་རེར་ཁྱིམ་ལ་གད་བདར་གཙང་མ་ཐེངས་རེར་བྱེད་དགོས།
གལ་སྲིད་ཁྱིམ་ལས་བྱེད་མི་འདོད་པའི་བྱིས་པ་ཡོད་ན། ཕ་མར་ཁྲིམས་ཁང་དུ་གཏུག་བཤེར་བྱེད་པ་དང་། བྱིས་པའི་བྱ་སྤྱོད་ལ་ཁྲིམས་ཀྱིས་ལྟ་རྟོག་བྱེད་པར་རེ་བ་འདོན་པའི་དབང་ཆ་ཡོད།
ཕྲན་བཤད།
འདི་ནི་བྱིས་པའི་ངལ་རྩོལ་གྱི་གོམས་གཤིས་དང་ནུས་པ་གསོ་ཞིང་། ཆུང་དུས་ནས་དཀའ་སྤྱད་ཁུར་ཁྱེར་གྱི་སྙིང་སྟོབས་དང་འོས་འགན་དང་ལེན་གྱི་བློ་སྟོབས་སྦྱོང་བའི་ཆེད་དུ་རེད།
ཡིན་ནའང་ང་ཚོའི་འཚོ་བའི་ནང་ཕ་མ་མང་བོས་བྱིས་པ་གཅེས་ལངས་སུ་བཏང་ནས་ཁྱིམ་ལས་ལ་མི་འཇུག་པ་དང་། ཡང་བུ་མོ་ལས་བུ་ལ་ཁྱིམ་ལས་ཀྱི་འགན་མི་སྐྱོན་པ། དེ་མིན་ཁྱིམ་བདག་ལ་ལས་སློབ་སྦྱོང་གལ་ཆེན་དུ་བསམ་ནས་བྱིས་པ་ལས་གྲལ་དུ་མི་འཇོག་པ་སོགས་མང་དུ་མཐོང་རྒྱུ་ཡོད་པ་རེད། དོན་དངོས་ཐོག་སྣང་ཚུལ་འདི་དག་གིས་བྱིས་པ་ལ་ངན་ལས་ཕན་འདོགས་ཀི་མེད་དེ། རྒྱུ་མཚན་ནི་འདི་ཡིས་བྱིས་པ་ངལ་རྩོལ་གྱི་ནུས་པ་དམན་ཞིང་རང་རྟོག་གི་འདུ་ཤེས་ཞན་པ། དཀའ་བ་ཁུར་དུ་བཟོད་པའི་སྙིང་སྟོབས་ཆུང་བ། ཟ་འདོད་ཆེ་ཞིང་ལས་འདོད་བྲལ་བ། སྒྱིད་ལུག་ཆེ་ཞིང་གཞན་བརྟེན་ལ་མོས་པ་ཞིག་ཏུ་བསྒྱུར་ངེས་པས་རེད།
གཞན་ཡང་བྱིས་པ་ཞིག་གི་ངོས་ནས་བཤད་ན་ཁྱིམ་ལས་སོགས་ལུས་ཤུགས་ངལ་རྩོལ་གྱི་རིགས་རྣམས་ཀྱང་། ཡིག་རྩིས་སྦྱོང་བ་སོགས་ཀླད་ཤུགས་ཀྱི་ངལ་རྩོལ་དག་དང་འདྲ་བར་སློབ་སྦྱོང་ངམ་ནུས་པ་གསོ་སྐྱོང་བྱེད་པ་ཉིད་ལས་མ་འདས་བས། ང་ཚོས་ཀྱང་སློབ་སྦྱོང་དང་ལས་ཀ་ཞེས་ཁྱད་པར་དང་ཡག་བཙོག་མ་ཕྱེས་པར། བྱིས་པ་དག་སོ་སོའི་ནུས་པས་ལྕོག་ཚད་ལྟར་ཁྱིམ་ལས་སོགས་ལ་འོས་འཚམ་གྱིས་འཇུག་པར་སྐུལ་བ་འདི་ཡང་ཧ་ཅང་གལ་ཆེན་དུ་བརྩི་འོས་ཏེ། དཔེ་ཆར་རིག་པ་གཙོ་ཞིང་ལས་ཀར་ལག་ལེན་གཙོ་ལ། གང་ཡང་མི་ཚེའི་འཚོ་བར་མེད་དུ་མི་རུང་བས་སོ།།
འདི་འདྲ་མ་བྱས་ན་ལེགས།
སྒྲོལ་མ་བྱ་བ་ཞིག་གི་དབང་གིས་རྒྱ་རིགས་གྲོགས་མོ་ཝང་ལགས་ཀྱི་ཁྱིམ་དུ་སོང་། ནང་དུ་སོང་མ་ཐག་གྲོགས་མོའི་བཞིན་ལ་ཁྲོ་བའི་རྣམ་འགྱུར་མངོན་ཞིང་། མོའི་བུ་མོ་ཅིན་ཅིན་མཛེས་ཤིང་སྤམ་པའི་རྣོ་སྦྲེང་རོལ་ཆས་ཤིག་གི་མདུན་ན་ཙོག་པུར་བསྡད་དེ་ངུ་ཤུམ་རྒྱག་གིན་འདུག སྒྲོལ་མ་འབོལ་ཁྲིའི་སྟེང་བསྡད་མ་ཐག་གྲོགས་མོས་མོ་ལ་སྡུག་བཤད་མང་བོ་ཞིག་བྱས་རྗེས་གཞི་ནས་རང་གི་བུ་མོ་ལ་རེ་བ་མེད་ཚུལ་ལབ་སོང་། མ་གཞི་གྲོགས་མོ་ཝང་ལགས་རོལ་དབྱངས་ལ་ཧ་ཅང་དགའ་བར་མ་ཟད། ད་རུང་ལོ་ན་གཞོན་དུས་རྣོ་སྦྲེང་རོལ་དབྱངས་པ་ཞིག་བྱེད་རྒྱུའི་ཕུགས་བསམ་ཡང་བཅིངས་མྱོང་མོད། འོན་ཀྱང་སྐབས་དེའི་མེད་ཕོངས་སོགས་ཀྱི་དབང་གིས་རེ་འབྲས་དོན་སྨིན་མ་བྱུང་། དེ་བས་མོས་མི་ལོ་མང་བོར་བསགས་པའི་མ་དངུལ་སྒོར་ཁྲི་བཅུ་ཕངས་མེད་དུ་བཏང་སྟེ་རྣོ་སྦྲེང་རོལ་ཆས་དེ་ཉོས་ཤིང་། རང་གི་བུ་མོ་འདིའི་ཕྱོགས་ཀྱི་འཇོན་མི་ཞིག་ཏུ་བསྐྱེད་བསྲིང་བྱེད་རྒྱུར་མ་ཟད། མངོན་དུ་མ་གྱུར་བའི་རང་གི་ཕུགས་འདུན་གསོན་པོ་ཡང་བུ་མོའི་སྟེང་ནས་མངོན་འགྱུར་བྱེད་དགོས་སྙམ་པ་རེད། ཡིད་སྐྱོ་བ་ཞིག་ལ་བུ་མོ་འདིའི་ཕྱོགས་ལ་མོས་པ་གང་ཡང་མེད་པས། མ་བུ་གཉིས་ཀྱི་བར་ལ་མི་འདོད་པའི་སྤྲིན་ནག་ཅིག་ངང་གིས་འཁོར་ཞིང་། གཅིག་གིས་གཅིག་ལ་ཡིད་ཆེས་གང་ཡང་མེད་པར་གྱུར།
ཕྲན་བཤད།
འདི་ནི་ཕ་མའི་རེ་བ་ཚད་ལས་བརྒལ་བའམ་ཕ་མས་ཡོད་ཚད་སྒེར་གཅོད་བྱས་པ། ཡང་ན་ཕ་མས་བྱིས་པ་སློབ་སྦྱོང་གི་བདག་པོར་མ་བཀུར་བའི་དཔེ་མཚོན་ཞིག་རེད། འདིའི་ནང་བང་ཨ་མས་འགྲོ་སྒོ་ཆེན་པོ་བཏང་སྟེ་རྣོ་སྦྲེང་ཉོས་པ་ནི་མོ་རང་གི་ཞེན་འདོད་ཙམ་ལས་ཅིན་ཅིན་གྱི་འདོད་མོས་མིན་ལ། རྣོ་སྦྲེང་རོལ་དབྱངས་ཐད་ཀྱི་འཇོན་མི་ཞིག་བྱེད་རྒྱུ་དེ་ཡང་བང་ཨ་མའི་ཧམ་སེམས་འདྲེས་མའི་མི་རྒན་གྱི་འདུན་པ་ཙམ་ལས། བུ་མོ་ཅིན་ཅིན་རང་གི་སེམས་ཁོང་ནས་འབུས་ཤིང་སྙིང་ག་རུ་བཞད་པའི་ཕུགས་བསམ་གྱི་མེ་ཏོག་མ་དེ་ཡེ་ནས་མ་རེད། ཡིན་ན་ཡང་རྣོ་སྦྲེང་སྦྱོང་མཁན་ཏག་ཏག་བུ་མོ་ཅིན་ཅིན་ལས་བང་ཨ་མ་མིན་པས། དོན་ལ་བང་ཨ་མས་གཡག་ལ་ཆུ་འཐུང་འདོད་མེད་པར་རྭ་ཀོག་ནས་ཐུར་དུ་མནན་པ་ཙམ་རེད། དེ་བས་རེ་བ་དེ་དང་བཀོད་སྒྲིག་དེས་མ་བུ་གཉིས་ཀ་ཞེ་འགྲས་སུ་འགྲོ་བའི་རྒྱུ་ཙམ་སྒྲུབ་པ་ལས་ཅི་ཡང་མི་འོང་བས། ང་ཚོས་བསམ་བཞིན་དུ་འདི་དང་འདི་ལྟ་བུའི་འགལ་བ་རིན་གྱིས་ཉོ་བའི་གླེན་རྟགས་ནམ་ནམ་ཞར་ཞར་ཡང་མ་བསྟན་ན་ལེགས་སོ།།
༼ མི་རབས་གསུམ་པའི་འདུ་ཚོགས་ཐེངས་བཞི་བ་དང་འབྲེལ་ནས་ཁམས་རར་མྱུལ་བའི་མཐོང་སྣང་། ༽
རྨ་ཆུའི་མགྲིན་པ་བགགས་པའི་དབུགས་ཀྱི་ཧར་སྒྲ།
བཙན་པོའི་ར་མདར་བྱོལ་པའི སྒོམ་ཆེན་པའི་སྙིང་གི་ལྟིག་སྒྲ།
སྲིད་པའི་ཕུན་ཚོགས་ལ་ཞེ་ཐག་བཅད་པའི་བཙུན་མའི་གཉོམ་སྐད།
ལང་ཚོའི་ཟིལ་ཤུགས་ཀྱིས་སྦོས་ཤིང་འཕྱོ་བའི་མི་རབས་གསུམ་པའི་ངར་སྐད་དེ།
དྲི་རོ་ཡེ་ནས་མི་འདྲ་བའི་སྒྲ་དབྱངས་ཀྱི་ཚོགས་རྣམས།
ཏུའུ་གྲངས་སོ་ལྔའི་ཉི་ངོགས་ནས་གཅིག་ཏུ་འདྲེས་ཏེ།
ཨ་ཆུང་གི་རྩེ་ལ་གཟུགས་མེད་ཀྱི་དུད་སྤྲིན་བཞིན་ཡང་བ་ཡང་བར་འཁོར་དུས།
གླང་དར་གྱི་ཕོ་ཉ་ལྟ་བུའི་དུས་རབས་ཉེར་གཅིག་པས།
སྦས་པའི་ལུང་ཁུག་འདིའི་སྟོད་སྨད་ཀུན་ལ་ལམ་ཐིག་འཐེན་གྱིན་འདུག
དངུལ་ལོར་གྱི་ཁྲི་ཁ་ནས་སྐྱག་པ་མ་སྲོན་པའི་མི་རྣམས་ཀྱང་།
གད་སྙིགས་ཀྱི་རྐང་སྣམ་སྐྱོར་ནས་འཚབ་འཚུབ་ཀྱིས་འདུར་ཡོང་གི་འདུག
ཚོད་ཚོད་ལ་གབ་ཚིག་ལྟ་བུའི་སོ་རེ་ཡང་སྟོན་གྱིན་འདུག
གསེར་ཏོག་གི་འོད་ཀྱིས་གཡོགས་པའི་མཁས་པ་མི་གསུམ་གྱི་སྒྲུབ་ཕུག
ཨ་ཆུང་གི་སྲ་འཐས་རྫ་ལ་བབས་པའི་ལངས་གཟུགས་ཀྱི་མཛེས་པ།
དེའི་རུས་རྐང་ཀྱི་གསེབ་ན་རྒྱུ་བའི་བརླན་གཤེར་གྱི་ཚེ་སྲོག
བསམ་བསམ་ན་ཡོད་ཚད་འཇའ་རུ་ཐིམ་གྱིན་པ་འདྲ་ལ།
ཡང་བསམ་བསམ་ན
ཚང་མ་སུ་ཞིག་གསོལ་སྟོན་ཁམ་གང་དུ་འགྱུར་བཞིན་པར་ཡང་སྣང་ངོ་།
འཕེལ་རྒྱས འཕེལ་རྒྱས འཕེལ་རྒྱས
གལ་ཏེ་རང་སེམས་གསོ་བའི་མན་ངག་ཅིག་མཁོ་ན་འདི་གཅིག་པུ་ཡང་ཡང་ཟློ་བ་ལས་ཅི་འོས།
༢༠༡༠ ༧ ༣༠ ཉིན་ཕ་ཡུལ་ནས།
ངས་གནམ་ལའང་ཞུ་རྩིས་མེད།
ངས་ས་ལའང་ཞུ་རྩིས་མེད།
ངས་རླུང་བུ་དང་ནགས་ཚལ་གང་ལའང་ཞུ་རྩིས་མེད་དེ།
འཛུམ་དཀར་གྱི་ཁུག་མ་རུ་རལ་གྲིའི་ནགས་ཀླུང་འཁྲིགས་ཚུལ་དེ།
ངས་སུ་ལའང་འགྲེལ་རྩིས་མེད་ལགས།
ཡོད་ཡོད་འདྲ་བའི ཡིན་ཡིན་འདྲ་བའི་སྣང་བ་དག
ཁ་བ་བཞིན་མཚོ་ལ་འཐིམ་ཡང་།
ལོ་མ་བཞིན་ས་ལ་འགྲིལ་ཡང་།
འདི་ཉིད་བསྒྲུབ་བྱ་དང་སྒྲུབ་བྱེད་གང་དུའང་མི་འགྱུར་ཏེ།
རྒུད་ཅིང་སྟོང་བར་འགྱུར་བ་དེ་སུ་ཡང་མ་ལན་ནོ།
སེམས་པ་ཕྱི་མིག་ལ་འཁྲིལ་ཞིང་།
ཤུགས་གླུ་རྩི་མགོ་རུ་འབབ་པ་དེའང་སུ་ཡང་མ་ལན་ཏེ།
སྟོང་བཞིན་དུ་སྣང་བར་གྱུར་བ་དེའང་སུ་ཡང་མ་ལན་ཨང་།
ནམ་ཞིག་ལོ་རྒྱུས་ཀྱི་ཕྲེང་ཐག་དུམ་བུར་ཆད་དུས་ཀྱང་།
མངོན་ཆུང་གིས་འགྲིལ་ཡོང་བའི་ཕྲེང་རྡོག་དེ།
ཁྱོད་ཡིན་ཆོག་ལ་ང་ཡིན་ཡང་ཆོག་སྟེ།
གཟུངས་སྔགས་གང་ཞིག་གི་བདེ་དྲོད་ཀྱི་ཀློང་ནས།
བྱེ་མ་གོས་སུ་གྱོན་ཆོག རྡོ་བ་སྔས་སུ་བྱས་ཆོག
༢༠༡༠ ༧ ༣༠ ཉིན་ཕ་ཡུལ་ནས།
༣ རང་དབང་།
༢༠༡༠ལོའི་ཟླ༣ཚེས༢༥ཉིན། གཟའ་ཕུར་བུ། གནམ་ངོ་དྭངས་ལ་ཉི་འོད་དྲོ་ཞིང་འཇམ།
ཁ་སང་དེ་རིང་སློབ་མ་ཚོའི་ངག་ནས་རང་དབང་ཞེས་པའི་མིང་ཚིག་འདི་རྒྱུན་པར་ཐོས་ཐུབ་ལ། ལོ་རིམ་འཕར་བ་དང་བསྟུན་ནས་མིང་ཚིག་དེའི་བཀོལ་ཚད་ཀྱང་ཇེ་མང་དུ་འགྲོ་བཞིན་འདུག ངས་འདི་ནི་དགའ་འོས་པའི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་བརྩི་གི་ཡོད། ཡིན་ཡང་ཁོ་ཚོའི་ཚིག་བབ་ལ་བརྟག་ན་ཁོ་ཚོར་རང་དབང་མི་འདུག་བསམ་གྱིན་པའི་མི་ཚད། ལ་ལས་སློབ་གྲྭ་ནི་ཁོ་ཚོའི་རང་དབང་གི་གཤོག་པ་གནོན་བྱེད་ཀྱི་བཙོན་ར་ལྟ་བུར་ཡང་འདོད་ཀྱིན་འདུག་ཚོད་རེད། (བདེན་པ་དང་རྒྱུ་འབྲས་ཀྱི་ཚབ་ཏུ་ཨུ་ཚུགས་ཀྱི་དཔའ་དང་དཔུང་བ་ངོམ་ཞིང་། སློབ་གསོ་དང་སྐར་གྲངས་ཀྱི་བར་ལ་ཡོངས་སུ་མཚུངས་རྟགས་འགོད་པའི་སྣང་ཚུལ་མང་བོའི་ངོས་ནས་བསམ་ན་ངོ་མ་སློབ་གྲྭ་བཙོན་ར་རུ་འདོད་པར་ཡང་ཁག་མི་འདུག་སྙམ་པའང་འབྱུང) དེ་བས་ངས་བསམ་བཞིན་དྲི་བའི་ཟོལ་གྱིས་རྒྱུས་ལོན་ཐེངས་ཤིག་བྱས་པར། ཁོ་ཚོས་སློབ་གྲྭ་འདིར་རྩེད་འཇོའི་རང་དབང་མེད་པ་དང་། ལྭ་བ་དཔེ་གསར་གྱི་རིགས་གྱོན་དུ་མི་སྟེར་བར་དུས་རྒྱུན་སློབ་རའི་ལྭ་བ་གོན་དགོས་པས་སུན་ལ། སྐྲ་སེར་བོ་སོགས་སུ་ཁ་སྒྱུར་བ་དང་སློབ་གྲོགས་ཕོ་རྣམས་ཀྱིས་རྣ་ལུང་འདོགས་པ་སོགས་ཐན་དུ་རྩིས་ནས་བཀག་འགོག་བྱེད་པ་སོགས་རྒྱུ་འབྲས་མ་རེད་ཟེར། ང་ཚོར་འདི་དང་འདིའི་ཐད་ལ་རང་དབང་ངེས་པར་དགོས་སོ་ཟེར།
འདི་ལས་ང་ཚོས་ཐད་ཀར་རྟོགས་ཐུབ་པ་ནི་བྱིས་པའི་སེམས་ནི་སླད་ཀྱིས་མ་གོས་པ་ཞིག་ཡིན་པ་དེ་དང་། ཡང་ཁོ་ཚོས་རང་དབང་ཟེར་བ་ནི་ལྟོས་པ་གང་ཡང་མེད་པར་རང་གི་ཅི་འདོད་པ་ལག་ལེན་དུ་བསྟར་ཆོག་ཆོག་ཅིག་ཏུ་ངོས་འཛིན་བྱས་འདུག་པ་དེ་རེད། ད་རུང་གཞན་ཞིག་ནི་ཁོ་ཚོ་རང་བཞིན་ངང་གིས་ལད་ཟློས་ལ་དགའ་བ་སྟེ། ནམ་རྒྱུན་གློག་བརྙན་འཕྲིན་ནང་གི་འཁྲབ་སྟོན་མི་སྣའི་བཟོ་ལྟ་དང་མི་སྣ་མིང་གྲགས་ཅན་ཀྱི་ཕྱི་ཚུལ་སོགས་ལ་ལད་མོ་བྱེད་པ་དེ་རེད། ཡིན་ན་ཡང་ཁོ་ཚོས་ནང་ངོས་ཀྱི་ཆ་མང་བོ་ཞིག་ལ་བསམ་བློ་ཡེ་ནས་གཏོང་གི་མེད་ཚོད་དུ་སྣང་ལ། ཡང་ཅིག་བཤད་ན་བྱིས་པ་ནི་བྱིས་པ་རང་ཡིན་པས་སྣང་ཚུལ་དེ་ཚང་མ་ཡང་དོན་ལ་ཧ་ཅང་རྒྱུན་ལྡན་པ་ཞིག་སྟེ། དེར་ལེ་བདའ་དང་འཁང་ར་བྱེད་དོན་གང་ཡང་མི་འདུག་ཨང་།
དེ་བས་ངས་ཁོང་ཅག་ལ་རང་གི་དྲན་ཚུལ་ཙམ་པོ་ཐད་གར་བཤད་པ་འདི་ལྟ་སྟེ། མི་ཞིག་ལ་ཆ་མཚོན་ན་རང་དབང་ནི་ཚེ་སྲོག་ལྟར་གལ་ཆེ་ཞིང་། ང་ཚོ་སུ་ཡིན་ཡང་སོ་སོ་རང་གི་ཁེ་དབང་ལ་ངོས་འཛིན་གསལ་བོ་བྱེད་རྒྱུ་དང་། མཐའ་གཅིག་ཏུ་རང་དབང་བརྩོན་ལེན་བྱེད་རྒྱུ་དེ་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་དོན་བྱ་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་ལ། དེར་འགྲོ་འདུག་རང་དབང་དང་། བསམ་བློ་རང་དབང་། སྨྲ་བརྗོད་རང་དབང་། དད་མོས་རང་དབང་། སྐད་ཡིག་རང་དབང་། འཚོ་གནས་རང་དབང་། འདེམས་བསྐོ་རང་དབང་སོགས་རང་དབང་གི་རྣམ་གྲངས་ཆེ་ཕྲ་མང་དུ་ཡོད་མོད། དེ་ཡང་མི་ནི་སྤྱི་ཚོགས་ཀྱི་མི་ཡིན་པ་དང་མི་རེ་རེ་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་རེ་རེ་ཡིན་ལ། མི་ནི་རང་བྱུང་གི་ཁྱིམ་གཞི་འདིའི་ནང་ནས་ཕན་ཚུན་རྟེན་ཅིང་འབྲེལ་བའི་སྒོ་ནས་འཚོ་གནས་བྱེད་དགོས་པར་མ་ཟད། མི་རྣམས་ལ་གནས་ཡུལ་དང་ཚོགས་སྡེ་མི་འདྲ་བའི་དབང་གིས་སོ་སོར་སོ་སོའི་རིག་གནས་སྲོལ་ལུགས་མི་འདྲ་བ་མང་དུ་ཡོད་ལ། དེ་དག་རེ་རེ་ལ་སོ་སོ་རང་གི་ལོ་རྒྱུས་དང་ཁྱད་ཆོས་གཅིག་ཚབ་གཅིག་གིས་གིས་མི་འོང་བའང་མང་དུ་ཡོད་པས། དེ་རིགས་ཀྱི་ལེགས་པའི་ཆའམ་ཁྱད་ཡོན་རྣམས་སྲུང་འཛིན་གོང་བཀུར་གནང་རྒྱུ་དེ་ཡང་རང་དབང་གི་བརྗོད་བྱའམ་བསྙེག་ཡུལ་གལ་ཆེན་རིགས་ཤིག་ཏུ་གྱུར་དང་འགྱུར་བཞིན་པ་འདི་ལགས། དེའི་ཕྱིར་ན་ཁ་གསལ་གཏིང་གསལ་གྱི་སྒྲིག་སྲོལ་ཐུན་མོང་བའམ་སྤྱི་མཐུན་གྱི་འདོད་མོས་དང་ཉེ་བའི་འགྲོ་ལུགས་གང་ཡང་མེད་པར། རང་དབང་ཞེས་སོ་སོ་རང་གི་སྣང་བར་གང་དྲན་དུ་སྤྱོད་རྒྱུ་ཡིན་ན་དེ་ནི་འཚོ་བའི་འཇིགས་ཉེན་ཆེན་པོའམ་སྤྱི་ཚོགས་ཀྱི་དཀྲུག་ཤིང་འབའ་ཞིག་ཏུ་འགྱུར་བར་ཟད་པས། དེ་ལ་ལང་ཤོར་ཉིད་དུ་འབོད་པ་ལས་འོས་མེད་དེ། མདོར་ན་རང་དབང་ནི་ཧོལ་རྒྱུག་དང་ཨ་གསར་མིན་ལ། རང་དབང་ནི་རྒྱ་ཡན་དང་ལང་ཤོར་མིན་པར་མ་ཟད། རང་དབང་ནི་རང་དོན་དང་རང་བརྩི་རྐྱང་བ་ཙམ་ཡང་མིན་པར། དེ་ནི་འཕྲལ་ཕུགས་ཀུན་ལ་གནོད་ཅིང་རང་གཞན་གཉིས་ཕུང་གི་གཤེད་དུ་མི་འགྱུར་ཞིང་། འོས་མ་ཡིན་པའི་སྡོམ་གཅུན་གྱི་རིགས་མཐའ་དག་ལས་ཡོངས་སུ་གྲོལ་བར་བརྩོན་པའི་བསམ་སྦྱོར་ལྷོད་ཡངས་ཅན་ཞིག་ལ་ཟེར་རམ་སྙམ་པ་དེ་འདྲ་ལགས་སོ་ཞེའོ།།
དོན་ལ་འདི་ནི་ང་རང་གི་དྲན་ཚུལ་ལམ་ངོས་འཛིན་ཙམ་ལགས་ཤིང་། ཡང་མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་དང་མི་སུམ་ཅུར་བསམ་པ་སུམ་ཅུའི་དཔེ་བཞིན། ལྟོས་མེད་ཀྱི་རང་དབང་འདོད་མཁན་ཡོད་སྲིད་ལ། དེ་དང་དེ་རྣམས་ལ་རང་རང་གི་གཏམ་དང་རིགས་པ་གྲི་མདུང་འདྲ་བ་ཡང་མང་དུ་མཆིས་སྲིད། འདིར་ནི་རང་གི་བྱིས་པ་དག་ཡ་རབས་མི་ཡི་གུས་ལུགས་དང་བྲལ་ཞིང་། རང་གཅུན་རང་རྟོན་གྱི་བློ་ཁ་ལས་ལོགས་སུ་འཕྱན་པ་ཞིག་ཡེ་ནས་མ་འདོད་པས་འདི་ལྟར་སྨྲས་ལ། ནམ་ནམ་ཞར་ཞར་དུ་ཡང་འདི་ལྟར་སློབ་གསོ་གཏོང་བར་འདོད་མོད། ཡིན་ཡང་ནོར་འཛོལ་འདྲ་མེད་པའི་ངེས་པ་ཁྱོན་ནས་བྲལ་པས་འདིར་ལྷན་རྒྱས་ཀྱི་དགོངས་འཆར་ལ་རྣ་བ་བླག་འདོད་ཤིན་ཏུ་ཆེའོ།།