ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> ཟིན་བྲིས་རྐང་འཛིན་པའི་སྡེ།

 

གསར་འགོད་པའི་ཉིན་ཐོ།  

         གསར་འགོད་པའི་ཉིན་ཐོ། ཁྲི་སེམས་དཔའ། —ཡུལ་ཤུལ་དུ་ས་ཡོམ་བྱུང་རྗེས་བཅར་འདྲིར་ཕྱིན་པའི་མཐོང་ཐོས།   ཟླ4པའི་ཚེ28ཉིན། གནམ་ངོ་དྭངས།   ཞོགས་པ་སྔ་མོར་ཟི་ལིང་དུ་ལམ་ལ་ཆས་ཏེ་ཡུལ་ཤུལ་ཕྱོགས་སུ་སོང་བ་ཡིན། ལམ་བར་དུ་གནོད་སེལ་དངོས་རྫས་དབོར་འདྲེན་གྱི་ལས་ལ་བྲེལ་བའི་རླངས་འཁོར་མང་པོ་སྟོད་དུ་འགྲོ་བ་དང་། དབོར་འདྲེན་གྱི་ལས་ཀ་རྫོགས་པའི་རླངས་འཁོར་མང་པོ་ཕྱིར་ལོག་པ་དང་ཡང་ཡང་འཕྲད།རླངས་འཁོར་དེ་དག་གི་སྟེང་དུ“ས་འགུལ་གནོད་སེལ”ཞེས་པའི་ཡིག་འབྲུ་བཞི་སྦྱར་འདུག་པ་དང་། དམངས་ཁྲོད་ཀྱིས་རྩ་འཛུགས་བྱས་པའི་རླངས་འཁོར་དག་གི་སྟེང་དུ་སྡེ་བ་འཚོ་བའི་མིང་དང་། དགོན་པ་གྲྭ་སའི་མིང་བྲིས་ཡོད་པ་ཡང་མང་པོ་མཐོང་རྒྱུ་འདུག སྐྱེ་རྒུ་གྲོང་རྡལ་དང་བར་ཐག་སྤྱི་ལེ49ཡོད་པའི་ཤེའུ་གྲོང་རྡལ་གྱི་མཚམས་ནས་བཟུང་། “དམངས་སྲིད་གནོད་སེལ”ཞེས་པའི་ཡི་གེ་བྲིས་འདུག་པའི་རས་གུར་སྔོན་པོ་ཕུབས་ཡོད་མོད། ཕར་བལྟས་ཚེ། ཤེའུ་གྲོང་རྡལ་དུ་ཐེངས་འདིའི་ས་འགུལ་གྱི་ཤུལ་རྗེས་ཅི་ཡང་མཐོང་རྒྱུ་མི་འདུག་པས། ཁོ་ཚོས་ས་འགུལ་གྱི་རྒྱུག་འཕྲོ་ལ་དོགས་ཟོན་བྱེད་ཀྱིན་པ་ཤེས་ཐུབ། ས་རུབ་མ་རུབ་ཀྱི་མཚམས་སུ་ང་ཚོ་དངོས་སུ་ཐེངས་འདིའི་གནོད་ཐེབས་ཁུལ་གཙོ་བོ་སྐྱེ་རྒུ་མདོར་བསླེབས་བྱུང་། ཁོ་བོ་ནི་ཐེངས་དང་པོར་སྐྱེ་རྒུ་མདོར་བསླེབས་པ་ཡིན་ལ། ས་འགུལ་ཐེངས་གཅིག་གི་རྗེས་ཀྱི་སྐྱེ་རྒུ་མདོ་ནི་དེ་སྔ་བརྙན་འཕྲིན་སོགས་ལས་མཐོང་བའི་གླུ་གར་གྱི་རྒྱ་མཚོ་དང་ཡེ་མི་འདྲ། ཁོ་བོའི་མཐོང་ལམ་དུ་མངོན་པ་ནི་སེར་ཁ་གས་པའི་ཐོག་ཁང་དང་རི་ལྟར་སྤུངས་པའི་ཞིག་རོའི་ཚོགས་རེད། ཞེང་དོག་པའི་སྲང་བར་ཀུན་ཏུ་རླངས་འཁོར་ཆེ་མ་ཆུང་གསུམ་གཅིག་འཕྲོར་གཅིག་བཙངས་ནས་ནུར་འགྲོས་ཀྱིས་སྐྱོད་ཀྱིན་འདུག་ལ། སྦག་སྦག་འཁོར་ལོ་འགའ་ཡང་རླངས་འཁོར་མང་པོའི་གསེང་ནས་ཕར་འཛུལ་ཚུར་འཛུལ་གྱིས་སྔ་གཞུག་རྩོད་པར་བྲེལ། ཡར་མར་རྡོག་འགྲོས་ཀྱིས་བསྐྱོད་པའི་མི་ཚོགས་ནི་ལམ་གྱི་མཐའ་གཉིས་ནས་ཤིག་ཤིག་དུ་འགུལ་གྱིན་འདུག ལམ་ཁ་དག་ཏུ་རྒུད་སྐྱོབ་སྦྲ་གུར་མང་པོ་བསྟར་ཆགས་སུ་བསྒྲིགས་ནས་ཡོད་ལ། སྦྲ་གུར་གྱི་སྟེང་དུ་སྲིད་གཞུང་གིས་བྲིས་པའི“གུང་ཁྲན་ཏང་ལ་བཀའ་དྲིན་ཆེ།” “རྒྱལ་ཡོངས་མི་དམངས་ལ་བཀའ་དྲིན་ཆེ”“གནོད་འཚེ་ལ་བརྩེ་བ་བྲལ་ནའང་། མི་ལ་སྙིང་རྗེ་ལྡན”སོགས་ཡི་གེ་མང་པོ་སྦྱར་འདུག…… བལྟས་བལྟས་ལ་སྨག་གི་ཡོལ་རས་ག་ལེ་ག་ལེར་དབྱིངས་སུ་འཐེན་འོངས་པས། ཁོ་བོས་ས་དེའི་སེར་སྐྱ་ཕོ་མོའི་གདོང་གི་རྣམ་འགྱུར་གསལ་བོར་མཐོང་ཐབས་བྲལ་མོད། འོན་ཀྱང་། རང་བྱུང་གི་འཇིགས་པ་འདི་འདྲའི་ཆེན་མོ་ཞིག་མི་འདོད་བཞིན་དུ་མགོ་ཐོག་ལ་ལྷུང་རྗེས།གཉེན་འབྲེལ་རྩ་ལག་མང་པོ་ཞིག་སྔ་ཕྱིར་ཕྱི་མའི་ཡུལ་དུ་གཤེགས་ཟིན་པས། སྐྱོ་གདུང་གི་ཤུལ་རྗེས་ཁོ་ཚོའི་སྨུག་མདོག་གི་གི་གདོང་དུ་རིས་སུ་བབས་ཡོད་པ་ཁོ་བོས་བློ་ཡིས་དཔག་ཐུབ།   ཟླ4པའི་ཚེས29ཉིན། གནམ་ངོ་དྭངས།   ཞོགས་ཟས་ཟས་ཚར་རྗེས། སྐྱེ་རྒུ་གྲོང་རྡལ་གྱི་དམངས་གཙོ་ལམ་དེད་ནས་མདུན་དུ་སོང་། ལམ་གྱི་གཡས་གཡོན་གྱི་ཐོག་ཁང་མང་ཆེ་བ་ནི་སྲིད་གཞུང་གི་ལས་ཁུངས་རེད། དེ་དག་ལས་མང་ཆེ་བར་སེར་ཁ་གས་པ་དང་དབྱིབས་འགྱུར་འདུག་པ་ལས་ཡོངས་སུ་བརྡིབས་པ་ཉུང་། ཐོག་ཁང་དེ་དག་གི་སྟེང་དུ།“ཉེན་ཁ་ཆེ། ཉེ་སར་མ་བཅར”ཞེས་བོད་རྒྱ་ཤན་སྦྱར་གྱི་ཚུལ་དུ་སྦྱར་འདུག་པས། མི་རྣམས་ནི་ཅུང་རྒྱང་བསྐོར་ནས་འགྲོ་བཞིན་འདུག    མཚམས་མཚམས་སུ་ལྷག་མེད་དུ་བརྡིབས་ཟིན་པའི་ཐོག་ཁང་དམའ་མོའི་རིགས་ལའང་འཕྲད་ཡོང་། དེ་དག་ནི་ཚོང་ཁང་དང་གླུ་གར་ཁང་རེད།  མུ་མཐུད་དུ་སོང་བ་ན། ད་གཟོད་ས་རྡུལ་དུ་གྱུར་ཟིན་པའི་ཁང་པ་མང་པོ་མིག་ལམ་དུ་འཚང་འོངས་ཤིང་། དེ་དག་ནི་བལྟས་པ་ཙམ་གྱི་མང་ཚོགས་ཕལ་བའི་ཡིན་པ་ཤེས་ཐུབ་སྟེ། རྒྱུ་མཚན་ནི་གྱིག་རྩེ་དང་ཤིང་ཆས་གྲུབ་པའི་ཁང་པ་སྤུས་ཞན་འབའ་ཞིག་སྟེ། བར་གསེང་དག་ཏུ་བརྙན་འཕྲིན་འཕྲུལ་ཆས་སོགས་ཁྱིམ་སྤྱོད་ཅ་ལག་ཆག་ཏོ་རྣམས་ཕྱིར་འཇུར་འདུག་པའང་མཐོང་ཐུབ། ཁོ་བོས་ཕར་བལྟས་པ་ན། གཞོགས་ཤིག་རྡིབ་ཡག་མིན་པའི་རྩིགས་ངོས་སུ་ཤང་ཀང་གི་མིང་མི་ཐོགས་པའི་གླུ་པ་གླུ་མ་འགའི་འདྲ་པར་སྦྱར་ཡོད་པ་མཐོང་། ཁྱིམ་དེའི་བདག་པོ་ནི་གསར་བུ་ཞིག་ཡིན་ཀྱང་རུང་ལ་གསར་མོ་ཞིག་ཡིན་ཀྱང་རུང་སྟེ། གང་ལྟར་གླུ་དགའ་ཞིག་ཡིན་པ་ཐག་བཅད་ཆོག ད་ལྟ་ཁོའི་གླུ་སྐད་ཞིག་རོའི་ཁྲོད་དུ་འགག་སོང་སམ། ཞིག་རོ་བྱུར་བུར་སྤུངས་པའི་ཉེ་འདབས་ཤིག་ཏུ་མི་ལོ་ཡར་གསེག་ཅིག་གིས་ང་དང་ངའི་ལས་གྲོགས་གཉིས་ལ་ཅེར་འདུག ལས་གྲོགས་ཀྱིས་ཁ་སྔོན་ལ་གྲགས་ཏེ་གཏམ་དྲིས་པ་ན། ཁོས་གདོང་ལ་འཛུམ་ཞིག་ཕྱུངས་བཞིན“ངེད་ཚང་ནི་རིའི་འདབས་ཀར་ཆགས་ཡོད། ཁྱིམ་ཚང་གང་བོར་སྲོག་ཉེན་ཅི་ཡང་མ་བྱུང”ཟེར། ང་ཚོས་མཉམ་དུ་ཁོས་མཛུབ་མོས་བསྟན་པའི་ཕྱོགས་དེར་བལྟས་པ་ན། ས་འགུལ་ལའང་དངོས་གནས་ཕྱོགས་རིས་ཡོད་པ་དང་འདྲ་བར་ཁ་ཤས་རྡུལ་སྙིགས་སུ་བསྒྱུར་ཟིན་ཀྱང་། ཁ་ཤས་ད་དུང་ཞིག་རོ་མང་པོའི་གསེང་ནས་ཀྲོང་ངེར་འགྱིང་འདུག ཁོ་བོའི་སེམས་པར་གྲོང་རྡལ་གཅིག་ཏུ་འཚོ་བའི་གྲོང་མི་ཡིན་རུང་། ལས་དབང་གི་བཀོད་སྒྲིག་གི་ནི་ཁ་ཁར་སྣང་བ་འདི་རེད་སྙམ་བྱུང། — ཚང་མ་ལས་གསོད་ཅན་ཏག་ཏག་ཡིན་ན་ཅི་མ་རུང་། — ཚང་མས་མུ་རུ་མི་ཡུལ་གྱི་ཉི་འོད་ལོངས་སུ་སྤྱོད་ཐུབ་ན་ཅི་མ་རུང་།   ཁོ་བོའི་ཁ་ནས་དབང་མེད་དུ་དེ་ལྟར་ཤོར་སོང་། མེ་སྒྱོགས་འཕངས་པ་ལྟར་སྣང་བའི་རྣམ་པ་དེ་དག་པར་དུ་བརྡབས་ཀྱིན་མདུན་ནས་མདུན་དུ་སོང་བ་ན། བགྲེས་པོ་ཞིག་ཤིང་གི་འབོལ་ཁྲིར་བསྡད་འདུག་ཅིང་། ལོགས་ཀྱི་ཞིག་རོའི་གསེང་ལ་ཅེར་ཏེ་མིག་རིག་རིག་བྱེད་པར་བལྟས་ན། ཁོས་ཅི་ཞིག་འཚོལ་བཞིན་པ་དང་འདྲ། ཁོས་ཅི་ཞིག་འཚོལ་གྱིན་ཡོད་དམ། མེད་བརླག་ཏུ་བཏང་བའི་རྒྱུ་ནོམ་པ། ཡང་ན་རྐྱེན་ལམ་དུ་ཤོར་བའི་ཚ་བོ་ཚ་མོ…… ཕར་སོང་ནས་ཅི་ཞིག་འདྲི་བསམ་མོད། ཁོའི་སྐྱོ་གདུང་གི་སེམས་པ་ལྷག་ཏུ་དཀྲུགས་པར་དོགས་ནས་ཉེ་སར་མ་བཅར། ཕྱིར་འཁོར་ནས་ལྟ་དུས། རྒྱབ་ལོགས་ཀྱི་ཁ་གནམ་ལ་བསྐོར་འདུག་པའི་ཁང་ཆག་དང་ཞིག་རོའི་ཁྲོད་དུ་སྐྱེས་པ་འགས་ཤིང་གཏུམ་བསློགས་ཏེ་ཕྱིར་ལེན་གྱིན་འདུག ཤིང་གཏུམ་དེ་དག་ལ་ཚོན་བཏང་འདུག་པ་དང་འགའ་རེའི་སྟེང་དུ་རི་མོ་ཡང་ཕབ་ཡོད་པར་གཞིགས་ན། དེ་དག་ནི་ཁང་པའི་གདུང་མ་ཡིན་པ་ཤེས་ཐུབ། ཁོ་ཚོས་དེ་དག་རེ་རེ་བཞིན་བླངས་ཏེ་ལམ་འགྲམ་དུ་བསྒྲིགས།ཁྱིམ་གཞིས་བརླགས་ཤིང་ཁྱིམ་མིའི་ཚེ་སྲོག་ཕྲོགས་ཀྱང་།ད་དུང་གསོན་རེ་ཡིས་བརྟས་པའི་མི་དེ་རྣམས་ལ་ནི་སྙིང་ནས་འདུད་པར་འོས་ཏེ། ཁོ་ཚོས་གས་ཆག་ཏུ་གྱུར་པའི་དུས་ཚིགས་འདིར་མཛེས་སྡུག་གཞན་ཞིག་བསྣན་འདུག་ལ། ཡང་གཅིག་བཤད་ན། ཁོ་ཚོ་ནི་ཡུལ་ཤུལ་གྱི་མ་འོངས་མདུན་ལྗོངས་སྐྲུན་མཁན་ངོ་མ་ལགས།   ཟླ4བའི་ཚེས30ཉིན། གནམ་ངོ་དྭངས།   སྐྱེ་རྒུ་གྲོང་རྡལ་གྱི་སྨད་ཕྱོགས་སུ་ཆས་པ་ན། ལམ་འགྲམ་དག་དུ་གནོད་སེལ་རོགས་སྐྱོར་དུ་ཡོང་བའི་ལས་ཁུངས་མང་པོའི་རས་གུར་ཕུབས་འདུག ལམ་འགྲོ་པའི་ཁྲོད་དུ་གྱོན་པ་གྲ་དག་གཙང་དག་གྱོན་མཁན་ཧ་ཅང་ཉུང་སྟེ། མང་ཆེ་བས་ས་རྡུལ་གྱིས་སྐྱ་ལོག་གེར་བཏང་འདུག་པའི་རྒྱ་ལྭ་གྱོན་འདུག་ལ། བུད་མེད་དར་མའི་རིགས་དང་རྒན་གྲས་ཀྱིས་བོད་ལྭ་གྱོན་པ་མང་། ལྭ་བ་གསར་བ་གྱོན་ཞིང་ཡག་ལས་བྱས་པའི་གཞོན་ནུ་མ་ཁ་ཁེར་ལའང་ཐུག་རྒྱུ་ཡོད། དེ་དག་ནི་ལྡོག་སྟེ་ཁོར་ཡུག་དེའི་ཁྲོད་དུ་ཧ་ཅང་མི་མཛའ་བའི་སྣང་བ་ཞིག་སྟེར་རོ།། ང་ཚོའི་སྐེ་ལ་གསར་འགོད་པའི་དཔུང་རྟགས་ཁུར་ཡོད་པས།མང་ཚོགས་ཕལ་བ་ཚོས་ང་ཚོ་ཡང་མི་ཁ་ཆེན་ངོ་ཆེན་ཞིག་ཏུ་རློམ་བཞིན་པ་འདྲ། ལག་ཏུ་ཕྲེང་བ་ཐོགས་པའི་གཞོན་ནུ་ཞིག་གིས་ང་ཚོར། ཁོ་ནི་ཉེ་འདབས་ཀྱི་སྡེ་བ་ག་གེ་མོའི་ཡིན་ལ། ཁོ་ཚོའི་སྡེ་བར་གནོད་སེལ་དུ་བྱིན་པའི་སྦྲ་གུར་དང་ཟས་རིགས་སྐོར་ཞིག་སྡེ་དཔོན་གྱིས་རང་གི་གཉེན་ཉེ་ལ་བྱིན་པ་མ་ཟད། ད་དུང་གནོད་འཚེ་ཐེབས་མེད་པའི་ཆབ་མདོའི་ཡུལ་དུ་འཚོང་གིན་འདུག དེ་ནི་ཁྲིམས་འགལ་ཡིན་མིན་གྱི་གཏམ་དྲིས་བྱུང་། ཁྲིམས་ལུགས་ཀྱི་ཤེས་བྱ་རྒྱ་ཆེན་པོ་མི་ཤེས་ཀྱང་དེ་ཁྲིམས་འགལ་ཡིན་པ་ལོས་ཤེས། ང་ཚོས་དེ་ཁྲིམས་འགལ་ཡིན་པ་དང་གོང་ཞུ་བྱ་དགོས་ཚུལ་ལབ་པ་ཡིན། ཏག་ཏག་སྐབས་དེར་ལམ་གྱི་ཕར་ངོགས་སུ་ཁྲིམས་ལུགས་བློ་འདྲི་ས་ཞེས་སྒོ་བྱང་བཀལ་ཡོད་པའི་སྦྲ་གུར་འདུག་པ་མཐོང་བས། གསར་བུ་དེར་ཁྱོད་རང་ཕ་རོལ་གྱི་སྦྲ་གུར་ནང་འདྲི་རུ་སོང་དང་ཁོ་ཚོས་ཁྱོད་ལ་ལན་གསལ་བོ་ཞིག་གདབ་ངེས་ཞེས་བཤད་པ་ཡིན། སྡུག་ལ་ཐུག་པའི་གསར་བུ་དེས་མགོའི་ཞྭ་ཕུད་ཅིང་མགོ་བོ་སྒུར་སྒུར་བྱེད་ཀྱིན་ཁ་ནས“ཚེ་རིང་།‘ཚེ་རིང་”ཞེས་བཀའ་དྲིན་ཞུ་བཞིན་ལམ་གྱི་ཕར་ངོགས་སུ་བུད་སོང་། གསར་བུ་དེའི་གཏམ་ལ་ཁོ་བོ་ཡིད་ཆེས་ཏེ། ཁོའི་གཟབ་ནན་གྱི་ཉམས་འགྱུར་དེས་ཀྱང་ར་སྤྲོད་བྱས་འདུག རྒྱལ་ཡོངས་ཀྱི་གྲོགས་པོ་མང་པོས་བརྩེ་བའི་ཕྱག་ཟུང་སྲིང་ནས། གནོད་སེལ་བྱ་བར་རོགས་རམ་བགྱི་ཅི་ཐུབ་བྱེད་པའི་གནད་འགག་གི་སྐབས་འདི་དག་ལའང་། མི་ཁ་ཤས་ཀྱིས་རང་གི་དབང་ཆུང་ཆུང་བོ་བཀོལ་ནས་མང་ཚོགས་ཀྱི་བདེ་སྡུག་ཐེད་དུ་བོར་བ་ནི་ཕངས་པའི་ཡུལ་ཏེ། མི་དེ་རིགས་ཀྱི་ཁ་ལ་ཐལ་བས་རྒྱོབས། བྱ་ཆུའི་ཟམ་ཁ་བརྒྱུད་ནས་ཕར་ངོགས་སུ་ཕྱིན་པ་ན། སྲང་བར་ཆེ་ཆུང་ཀུན་ཏུ་ས་སློག་འཕྲུལ་ཆས་ཀྱིས་ཞིག་རོ་དེ་དག་གཙང་སེལ་བྱེད་ཀྱིན་འདུག་པས། རྡུལ་འཚུབ་ཀྱིས་མཐོང་ལམ་བསྒྲིབས་འགྲོ། ཁ་ཐུམ་བརྒྱབ་པའི་མི་རྣམས་ནི་རྡུལ་འཚུབ་ཀྱི་གསེང་ནས་མགྱོགས་པར་བསྐྱོད་ཅིང་། འཕྲུལ་རྟར་བཅིབས་པའི་མི་རྣམས་ནི་བྱ་ལྟར་འཕུར་བཞིན་འདུག སྐབས་དེར་བལྟས་བལྟས་ལ་འཕྲུལ་རྟར་བཅིབས་པའི་ཕོ་གསར་ཞིག་ཁྲོག་སྒྲ་དང་བཅས་ཐང་ལ་འགྱེལ་སོང་། ཁོ་རང་མྱུར་དུ་ཡར་ལངས་ནས་འཕྲུལ་རྟ་བསྐྱོར་བར་བལྟས་ན། རྨས་སྐྱོན་འདྲ་བྱུང་མེད་པ་འདྲ། གེ་སར་ཐང་ཆེན་གྱི་དཀྱིལ་དུ་བརྩེངས་ཡོད་པའི་གེ་སར་གྱི་ཟངས་སྐུ་དེ་སྔར་བཞིན་བརྗིད་ཉམས་ཀྱིས་འགྱིང་འདུག དེའི་མདུན་ཐད་ཀྱི་ལམ་ཁ་དག་ཏུ་སྦྲ་གུར་ཚོང་ཁང་མང་པོ་བསྟར་ཆགས་སུ་བསྒྲིགས་ཡོད་ལ། ཚོང་བདག་མང་ཆེ་བ་ནང་ལོགས་ནས་ཡོང་བའི་རྒྱ་མི་ཡིན་པ་སྐད་ལ་ཉན་ན་ཤེས་ཐུབ། ཚོང་ཁང་ནང་དུ་ཕྱིན་ཚེ། སྔོ་ཚོད་དང་ཟ་རྐོ་འཐུང་རྐོ། འགྱིག་ལྷམ། ཞག་སྒྲོན། སོགས་རྒྱུན་མཁོའི་བཟའ་ཆས་དང་ཡོ་བྱད་ཀྱི་རིགས་རེད། འོན་ཀྱང་ཚོང་ཁང་དུ་དངོས་པོ་ཉོ་མཁན་གཅིག་ཀྱང་མ་མཐོང་། སྐབས་དེར།  རྒྱང་རིང་ནས་རྒྱུས་ཡོད་ཀྱི་ཆོས་སྐད་ཅིག་ལྷང་ལྷང་དུ་གྲགས་འོངས། ཉེ་བར་བཅར་བ་དང་བསྟུན་ནས་དེ་ནི་སྒྲ་སྡུད་འཁོར་ལོ་ལས་བཏང་བ་ཤེས། འགབ་ཀྱི་སྦྲ་གུར་ཞིག་གི་ནང་དུ་མཆོད་མེ་མང་པོ་བསྒྲོན་འདུག་ཅིང་།ཨ་ཡེ་བགྲེས་མོ་འགས་ད་རུང་མཆོད་རྐོང་མང་པོ་ཕྱིས་ཐུབ་ཐུབ་བྱེད་པར་བལྟས་ན།དེ་ནི་འདས་པོ་འདས་མོ་ཚོར་ཆེད་དུ་གྲ་སྒྲིག་བྱས་པ་ཤེས་ཐུབ།      ཡུལ་ཤུལ་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོའི་ར་སྐོར་ནང་དུ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་རོགས་སྐྱོར་མི་སྣས་སྟབས་བདེ་སློང་ཁང་ལས་བཞིན་པའི་སྒང་རེད། ཚོགས་གཚོ་གཞོན་པ་མཁན་སྤྲུལ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཁོ་ཚོསརྒྱུ་ཆ་དེ་དག་རྒྱང་རིང་གི་ཁྲིན་ཏུའུ་ནས་དྲུད་ཡོང་བ་ཡིན་ལ། རྒྱལ་ཡོངས་ཀྱི་ཕྱོགས་སོ་སོ་ནས་གནོད་ཁུལ་དུ་རོགས་སྐྱོར་གྱི་ཕྱག་ཟུང་སྲིང་མཁན་མང་དུ་མཆིས་ཀྱང་། གནོད་ཐེབས་ཀྱི་གཞི་ཁྱོན་ཆེ་དྲགས་པས་མ་མཐོང་བ་དང་མཉམ་མ་བཞག་སའང་མང་པོ་འདུག་ཟེར། མིག་སྔར་ཡུལ་ཤུལ་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོར་རོགས་སྐྱོར་བྱེད་མཁན་མེད་པ་མཐོང་བས། ཁོ་ཚོས་སློབ་མ་སྟོང་གཅིག་ཆུད་པའི་སྟབས་བདེ་སློབ་ཁང་དེ་ལས་པ་རེད།  མཁན་སྤྲུལ་ཚུལ་ཁྲིམས་བློ་གྲོས་ཀྱི་གཏམ་དེས་ཁོ་བོར་འདང་རྒྱག་གཞན་ཞིག་ཀྱང་བྱིན་སོང་། སྐྱེ་རྒུ་གྲོང་རྡལ་དུ་ཡང་མ་མཐོང་བ་དང་མཉམ་མ་བཞག་ས་ཡོད་ཚེ། ཉེ་འཁོར་གྱི་ཡུལ་ཚོ་ཁག་དང་གྲོང་ཚོ་ཁག་ཏུ་དེ་ལས་ཀྱང་མང་པོ་ཡོད་སྲིད། རོགས་སྐྱོར་ལ་ཡང་དགུང་ཉི་མ་བཞིན་ཉིན་སྲིབ་གཉིས་ཀྱི་བར་ཁྱད་ཡོད་པ་འདྲ་བྱུང་། ཕྱིར་ལོག་པའི་ལམ་དུ། གྲྭ་པ་ཁ་ཤས་ཀྱིས་རླངས་འཁོར་མཐོན་པོ་དམར་ལྡང་ཞིག་གི་ནང་དུ་བཟའ་ཆས་མང་པོ་དྲུད་ནས་འགྲོ་བཞིན་པ་མཐོང་། ལམ་ཁ་ན་བུད་མེད་དར་མ་ཞིག་གིས་ལག་པ་དེའི་ཕྱོགས་སུ་ཡང་ཡང་བསྲིངས་པས། རླངས་འཁོར་སྟེང་ནས་མར་འོ་མ་འགྱིག་ཁུག་གང་ལམ་ངོགས་སུ་ཅལ་སེ་གཡུགས་སོང་། བུད་མེད་དེས་འགྱིག་ཁུག་ཕྱིས་ཙམ་བྱས་རྗེས་འོ་མ་ཁ་ལ་འཐུང་མགོ་བརྩམས། རྣམ་པ་དེར་བལྟས་ན་བུད་མེད་དེ་ཁ་སྐོམ་བཞིན་པ་ཤེས་ཐུབ། ཁོ་བོས་བུད་མེད་དེར་ཕྱིར་ལྟ་བྱེད་བཞིན་ཕྱིར་སྡོད་གནས་སུ་ལོག་པའི་ལམ་དུ་རྡོག་པ་སྤོས།   ཟླ5བའི་ཚེས1ཉིན། གནམ་ངོ་དྭངས།   དེ་རིང་ནི་ཟླ5བའི་ཚེས1ཉིན་ཏེ་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་རེད། ཡིན་ཀྱང་ས་ཡོམ་གནོད་ཁུལ་གྱི་མི་རྣམས་ལ་མཚོན་ན། དེ་ནི་དུས་ཆེན་ཙམ་ཡིན་པ་ཁོ་ན་སྟེ། དུས་ཆེན་གྱི་དོན་སྙིང་ཡོངས་སུ་ཤོར་འདུག་གོ།  ཞོགས་པར་སྐྱེ་རྒུ་གྲོང་རྡལ་བརྒྱུད་ནས་བྱ་ཆུ་ཁོག་ཏུ་ཆས། བྱ་ཆུ་ཁོག་ནི་ཐེངས་འདིར་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱས་པ་ཆེས་མང་བའི་ཡུལ་ཞིག་རེད། དམངས་སྲིད་རྒུད་སྐྱོབ་ཅེས་པའི་ཡིག་འབྲུ་དཀར་པོ་བྲིས་ཡོད་པའི་སྦྲ་གུར་སྔོན་པོ་ནི་ག་ས་ཀུན་ཏུ་ཁྱབ་འདུག དེ་རིང་གི་ཉི་མ་ལྷག་ཏུ་དྲོ་ཞིང་གནམ་ངོ་ཧ་ཅང་དྭངས་པས། གནོད་ཐེབས་ཡུལ་མི་མང་ཆེ་བ་སྦྲ་སྒོར་བུད་དེ་ཉི་མར་ལྡེ་འདུག་ལ། བྱ་ཆུའི་ཁ་རུ་བུ་མོ་ཆུང་ཆུང་མང་པོས་གྱོན་པ་འཁྲུ་བ་དང་ལན་བུ་བསླེས་བཞིན་པའང་མཐོང་།སྦྲ་སྒོ་ཞིག་ན་ཨ་ནེ་ཞིག་དང་བུ་མོ་ཞིག་བསྡད་ཡོད། ང་ཚོ་ཉེ་བར་བཅར་ནས་དྲིས་ཚེ། ཁོ་ཚོ་ནི་སི་ཁྲོན་གྱི་ཡིན་ཅིང་གནས་འདིར་ཡོང་ནས་ལོ་ཉི་ཤུ་འགོར་སོང་ཟེར། ཐེངས་འདིའི་ས་ཡོམ་ཁྲོད་ཁོ་ཚང་གི་ཁང་པ་འགྱེལ་པ་ལས་མི་ལ་སྐྱོན་མ་བྱུང་སྐད། ཁོ་བོས་སྦྲ་སྒོ་བཀྱགས་ནས་ཁྱིམ་ལ་བལྟས་ཚེ། སྐམ་ཐུག་དང་རྩམ་པ་སོགས་མང་པོ་བརྩིགས་འདུག དེ་དག་ནི་སུས་བྱིན་པ་ཡིན་ཞེས་དྲིས་པ་ན། ཨ་ཁུ་གྲྭ་པ་ཚོས་འཁྱེར་ཡོང་ནས་བྱིན་པ་ཡིན་ཟེར། རེད་དེ། ཐེངས་འདིའི་ས་ཡོམ་ཁྲོད་དུ་སྤྱི་ཚོགས་ལས་རིགས་སོ་སོ་དང་སྒོས་སུ་བོད་མདོ་དབུས་ཁམས་གསུམ་གྱི་གྲྭ་བཙུན་མང་པོས། མི་ཤུགས་དང་རྒྱུ་ཤུགས་གཉིས་ཐད་ནས་རོགས་སྐྱོར་རྒྱ་ཆེན་པོ་བྱས་པ་ནི་ཚང་མའི་མིག་མཐོང་ལག་ཟིན་དུ་གྱུར་པས། ཡུལ་ཤུལ་པ་དང་ང་ཚོ་ཚང་མས་ཁོ་ཚོར་གུས་འདུད་དང་རྗེས་སུ་ཡི་རང་བྱ་འོས་སོ། ། མུ་མཐུད་དུ་མདུན་དུ་སོང་བ་ན། སྦྲ་གུར་མང་པོའི་གསེབ་ནས་བྱིས་པ་འགས་ས་ལྡིང་གནམ་ལྡིང་བྱེད་ཅིང་། རྒྱ་མོ་མགོ་སེར་ཞིག་གིས་ཁོ་ཚོར་རྩེ་རོགས་བྱེད་བཞིན་འདུག རྒྱུ་མཚན་དྲིས་པ་ན་བུ་མོ་དེ་ཤང་ཀང་ནས་ཆེད་དུ་ཡུལ་ཤུལ་ལ་ཡོང་བའི་དང་བླངས་པ་ཡིན་ཟེར། སྐབས་དེར་མོའི་ལྟག་རྒྱབ་ཏུ་མོ་དང་རིག་འདྲ་ཞིག་ཀྱང་བསླེབས་བྱུང་། མ་གཞི་དེ་གཉིས་ནི་མཚེ་མ་ཡིན་པར་བཤད། མོ་གཉིས་ཀྱིས་བྱ་ཆུ་ཁོག་གི་གནོད་ཐེབས་བྱིས་པ་ཚོར་དབྱིན་ཡིག་ཁྲིད་ཀྱིན་འདུག མོ་གཉིས་ཀ་ན་ནིང་ཁྲི་ཚང་ལ་འགྲོ་མ་ཐུབ་པས་ཡུན་རིང་བོར་སེམས་པ་སྡུག་པོ་བྱུང་། ད་ཐེངས་ཡུལ་ཤུལ་དུ་ས་ཡོམ་བྱུང་བའི་གནས་ཚུལ་ཐོས་རྗེས། རྒྱང་རིང་གི་ཤང་ཀང་ནས་ཕ་མ་གཉིས་ལ་རྫུན་ལབ་ཏེ་གནས་འདིར་ཡོང་བ་ཡིན་ཟེར།མོས་ད་དུང་བྱིས་པ་ཚོར་དབྱིན་ཡིག་བསླབ་མྱོང་མེད་ནའང་། ཁོ་ཚོ་ནི་བློ་རིག་ཅན་ཏག་ཏག་རེད། ཁ་སང་བསླབ་པ་དེ་རིང་ཤེས་འདུག ཁོ་ཚོར་ཕན་ཞིག་ཐོགས་སོང་ན་དེ་ནི་ང་ཚོའི་བདེ་སྐྱིད་ཡིན་ཅེས་བཤད།མོས་བཤད་པའི་སྐད་ཆ་དེས་ང་རང་ཡིད་འགུལ་ཐེབས་སུ་བཅུག མཐོ་སྒང་གི་མཁའ་དབུགས་མི་འཕྲོད་པ་སོགས་དཀའ་ངལ་གང་ལའང་མ་འཛེམས་པར་གནས་འདིར་ལྷགས་ཤིང་། མ་སྐུལ་དང་བླངས་ཀྱིས་ཡུལ་འདིའི་གནོད་ཐེབས་མང་ཚོགས་ལ་རང་ནུས་ཅི་ལྕོགས་ཀྱིས་ཞབས་ཞུ་བསྒྲུབས་པའི་སྙིང་སྟོབས་ནི་དངོས་གནས་རླབས་ཆེན་རེད།   བྱ་ཆུ་ཁོག་ཏུ་སྟབས་བདེའི་སློབ་ཁང་དེ་འདྲ་འགའ་རེ་ཡོད་ཀྱང་། ད་དུང་བྱིས་པ་ཁ་ཁེར་རང་ཁྱིམ་གྱི་སྒོ་ཁར་ལུསའདུག བྱིས་པ་ཞིག་ལ་དྲིས་པ་ན། དེས་སློབ་གྲྭར་སོང་ན་ཉིན་གང་བོར་གླུ་དབྱངས་ལེན་དགོས། ངེད་ཚང་གི་གཉེན་ཉེ་མ་འཚམ་པས་ངས་གླུ་ག་ལ་ལེན་ཆོག་ཟེར། དངོས་གནས་བདེན་པ་ཤ་སྟག་སྟེ། མགོར་སྡུག་འོངས་ཚེ་ད་རུང་གླུ་ལེན་པའི་སེམས་ཁམས་ཤིག་གང་དུ་ཡོད་ཨང་།    བྱ་ཆུ་ཁོག་རྟ་རྒྱུག་ཐང་དུ་གཟིགས་སྟེགས་ཤིག་ལས་ཡོད་ཅིང་། དེའི་སྟེང་དུ་འདས་པོའི་བསྔོ་སྨོན་དུ་ཀ་ཏོ་རའི་ནང་དུ་སྡོང་རྩ་ཆེན་པོ་བཙུགས་པའི་མཆོད་མེད་བརྒྱ་ཕྲག་མང་པོ་བསྒྲོན་འདུག དེ་འདྲའི་མཆོད་མེ་མང་པོ་བཀར་ཡོད་པ་ཞིག་ཁོ་བོས་ཐེངས་དང་པོར་མཐོང་བ་ཡིན། གཟིགས་སྟེགས་དེའི་སྟེང་ནས་ཡར་བལྟས་ཚེ་སྡེ་བ་ཞིག་མཐོང་བ་ནི་འབའ་ཐང་ནས་གནས་སྤར་ཡོང་བའི་འབའ་ཐང་སྡེ་བ་རེད། ཡུལ་དེའི་མི་ཞིག་གིས་བཤད་པ་ལྟར་ན། སྟབས་ལེགས་པ་ཞིག་ལ་སྡེ་བ་དེར་ར་སྐོར་འགྱེལ་བ་ལས་ཁང་པ་གཅིག་ཀྱང་མ་འགྱེལ་ཟེར།རྒྱང་ནས་བལྟས་ཀྱང་ཁང་པ་དག་འགྱེལ་མེད་པ་མཐོང་ཐུབ། དེ་ནི་དངོས་ལགནས་དགའ་འོས་པ་རེད། ཁོ་བོ་རྒྱ་རྗེ་ཁོག་སྡེ་བར་སོང་བ་ན། ལྡོག་སྟེ་ས་ཁང་དང་ཨར་ཁང་གང་ཡིན་ཀྱང་ཡོད་ཚད་བརྡིབས་ཏེ་ཤུལ་ཙམ་ལས་མི་སྣང་། ཞིག་རོའི་གསེབ་ཏུ་རླངས་འཁོར་མང་པོ་གཅིར་ནས་དབྱིབས་ཡོངས་སུ་འགྱུར་འདུག ཨར་འདམ་ཆེན་པོའི་འོག་ཏུ་མིའི་བེམ་པོའང་ལོས་སྙམ་པ་ཞིག་རེད། སྡེ་བ་འདི་ཡང་ཐེངས་འདིའི་ས་ཡོམ་ཁྲོད་གནོད་འཚེ་ཚབས་ཆེན་ཐེབས་པའི་སྡེ་བ་ཞིག་སྟེ། ཁོ་ཚོའི་མགོར་གནམ་གྱིས་མི་ཐེག་པའི་སྡུག་བསྔལ་འདི་འདྲ་བྱུང་བར་སེམས་པ་སྐྱོ་བ་ཙམ་ལས་ཁོ་བོས་ཅི་ཞིག་ནུས། ཕྱི་དྲོ་འབའ་ཐང་གནམ་གྲུ་ཐང་དུ་དངོས་པོ་ཞིག་ལེན་དུ་སོང་བ་ཡིན། ལམ་ཁ་དག་ཏུ་སྡེ་བ་མང་ཆེ་བ་ཤུལ་ཙམ་ལས་མི་སྣང་བར་བཏང་འདུག་ཅིང་། མཆོད་རྟེན་མང་པོ་གཡས་ལོག་གཡོན་ལོག་ངང་འགྱེལ་འདུག ངས་ཁ་ལོ་པར“ད་ཐེངས་བརྙན་འཕྲིན་ནང་ནས་ཁྲ་འགུ་དགོན་པའི་གནས་ཚུལ་མང་པོ་གཏོང་བཞིན་པ་མཐོང་། དགོན་པ་དེ་འདིའི་མཚམས་ཤིག་ཏུ་ཡོད་པར་བཤད། ཁྱོད་ཀྱིས་ཤེས་སམ”ཞེས་དྲིས་པ་ན། ཁ་ལོ་པས“ད་དུང་དེར་མ་བསླེབས། བསླེབས་ཚེ་ངས་ཁྱོད་ལ་བཤད”ཟེར། རྗེས་སུ་ཁ་ལོ་པས་ང་ལ་རི་ངོས་ཤིག་བསྟན་ནས་གན་རེད་ཟེར། ངས་སེམས་ལ་དེ་ནི་དགོན་པ་ཆུང་ཆུང་ཞིག་རེད་སྙམ་བྱུང་མོད། དོན་དུ་དགོན་པ་དེ་ཕལ་ཆེར་ཡོངས་སུ་བརྡིབས་ཟིན་པ་ལས། དེ་ནི་བཀའ་རྒྱུད་པའི་དགོན་པ་ཆེན་པོ་ཞིག་ཡིན་པ་མ་ཟད་ལོ་ངོ700ལྷག་གི་ལོ་རྒྱུས་ཡོད་པར་བཤད། ཡིན་ཀྱང། ད་ནི་ལོ་རྒྱུས་ས་རྡུལ་གྱིས་གཡོགས་ཟིན་ལ། ནམ་ཞིག་ས་རྡུལ་ཡང་རླུང་གིས་འཁུར་སྲིད།   …… ཕྱིར་ལོག་པའི་ལམ་དུ་ཁ་ལོ་པས་སྒྲ་དབྱངས་ཀྱི་སྐད་ཆེ་རུ་ཕྱེ་ནས་སྨྱོན་པ་རྒྱུགས་རྒྱུགས་བྱེད་མོད། ཁོ་བོའི་སེམས་པ་སྐྱོ་སྣང་ཞིག་དང་ཆབས་ཅིག་ལམ་ཁ་དེ་དག་གི་ཞིག་རོའི་ཁྲོད་དུ་ལུས་སོང་།    2010ལོའི་ཟླ4པའི་ཚེས28ནས་ཟླ5པའི་ཚེས1ཉིན་བར་སྐྱེ་རྒུ་མདོ་ནས་བྲིས།

ཡུལ་ལྗོངས་འཁྱག་པོ།  

  ཡུལ་ལྗོངས་འཁྱག་པོ།(སྙན་ཚོམ) ཁྲི་སེམས་དཔའ། རྡོ་བ། རྡོ་བ། ང་ཁྱོད་མེད་པར་ཇི་ལྟར་བཅར་ཀྱང་དམིགས་ས་དེར་བསླེབ་མ་ཐུབ གང་དུ་ཡོད་དམ ང་ཡི་རྡོ ནང་སྙིང་ནི་རུལ་མྱགས་ཀྱི་འཇིག་རྟེན་ཞིག་ཡིན་ནམ ང་རང་ཁ་རལ་སྣ་རལ་དུ་གྱུར་ཀྱང་ཁྱོད་ཀྱི་ཡིད་རྟོན་མ་ཁུགས མྱ་ངམ་གྱི་ཐང་ཆེན་ནས་ངས་ཆུ་ཕྲན་ཞིག་གི་འཇམ་མཉེན་བཙལ་ཏེ ད་རག་བར་དཔུང་མེད་རྒྱབ་ཆད་དུ་ལུས་སོང ངས་རྩྭ་རྩེའི་ཟིལ་བ་མྱང་འདོད ངས་འོད་ཀྱི་གཟི་བྱིན་འཐུང་འདོད   རྡོ་བ རྡོ་བ སྲ་ཞིང་མཁྲེགས་པའི་སྙིང་ཁོང་ལ་མུན་ནག་གི་རྩིད་པ་སྐྱེས་འདུག ཁྱོད་ཀྱིས་སྒེའུ་ཁུང་ཡོད་ཚད་ལ་ཡོལ་བ་དམར་པོ་བརྒྱབ་ཅིང ཁྱོད་ཀྱིས་རང་གི་རྣ་བ་བཀབ་ནས ཁྱོད་ཀྱིས་རང་གི་མིག་ཟུང་བསྒྲིབས་ནས ཁྱོད་ཀྱིས་འཇིག་རྟེན་ལ་བལྟས   རྡོ་བ་རྡོ་བ རྡོ་བ་རྡོ་བ ཟུངས་ཁྲག་གི་མཚོ་ནང་ནས་རྐྱལ་རྩལ་ངོམ་མཁན ངག་ནས་རྒྱུ་འབྲས་རྒྱུ་འབྲས་ཞེས་རྗོད་མཁན དཔུང་བ་གྲ་བསྡེབས་བྱེད་མཁན ཡུ་མེད་རྩ་བརླག་གཏོང་མཁན   རྡོ་བ་རྡོ་བ ཇེ་བཀབ་ཇེ་གསལ ང་ཡི་བསམ་བློ་འཕག་ཏུ་འཇུག་རོགས རླུང་བུ་དེ་དང་ལེན་བྱེད་རོགས སྒོ་མོ་དེ་ཆེས་ཆེར་ཕྱེ་རོགས ངའི་བྱང་ཁོག་སྟོད་དུ་འབབ་པའི་བྱམས་བརྩེ་ཡི་ཆར་བས ཁྱོད་ཀྱི་ཨུ་ཚུགས་མཉེས་ཏེ འུ་གཉིས་ཀྱི་བར་ཐག་སྟུངས་རོགས   བདག་གི་འཆི་བའི་ཁྲོད་ན་ཁྱོད་ཀྱི་ལོངས་སྤྱོད་ཡོད་དམ བདག་གི་མིག་ཆུའི་ཀློང་ན་ཁྱོད་ཀྱི་འཛུམ་མདངས་ཡོད་དམ   རྡོ་བ རྡོ་བ མུན་ནག་གི་བརླ་བར་ནས འོད་ཟེར་གྱི་བུ་ཆུང་བཙས་ཏེ གཞིས་མེད་མི་ཚོགས་ཀྱི་ཁྲོད་དུ ང་ལ་གཞིས་ཁྱིམ་ཞིག་སྦྱིན་རོགས ལྡེ་མིག་ཅིག་གནང་རོགས   རྡོ་བ རྡོ་བ ང་ཡིས་མིག་ཆུ་ཁོག་ཏུ་བསྐྱིལ་ཡོད མཚན་མོ་མང་པོར། རླུང་ལྡང་ཐེངས་རེར རྒྱང་རིང་ནས་མུན་པ་དང་ས་རྡུལ་ཁུར་འོངས ས་ཆེན་དང་ཨ་སྔོན་མཉམ་གཅིག་ཏུ་བསྒྲིབས་པས ཁེར་རྐྱང་གི་ཟླ་བ དགུ་ཚིགས་ཀྱི་ཀློང་དུ་ལྕེབས རབ་རིབ་ཀྱི་སྐར་ཚོགས དབྱིངས་རིམ་ན་གྲང་འདར་རྒྱག   མཚན་གྱི་དུས་ལ སྐྱོ་བའི་གྲི་ཆུང་སྙིང་ལ་ཕོག་པས ངའི་བཤད་འདོད་པའི་སྐད་ཆ་མགྲིན་པ་ནས་ལུས་ཤིང ངའི་མིག་ཆུ མཁུར་ཚོས་ཀྱི་རི་སྒང་ཉུལ་ནས ཚོར་སྣང་གི་གཤོག་པ་སྦངས་སོང   མཚན་སྨག་གི་ཀློང་དུ ངས་ནང་སེམས་ཀྱི་སྐྱོ་ངལ དབྱངས་གསལ་སོ་བཞིའི་རྒྱུན་བུ་ལ་བརྒྱུས་ཀྱང ཞལ་ལ་ཞལ་ངོ་འཕྲོད་ཅིང སེམས་ལ་སེམས་ངོ་འཕྲོད་པའི ཡིད་འགྱུར་གྱི་རླབས་རིས་འཁྱུག་ཐབས་མི་འདུག   སྨག་གིས་ས་གཞི་ཁེབས་དུས ངའི་གྲིབ་གཟུགས་ཡ་ཡོ་མུན་པས་རྙོག་སོང ངའི་རྐང་རྗེས་ཐར་ཐོར་རླུང་གིས་བསུབ་སོང ངའི་ཡ་ཆུང་ཁོག་གི་ཆུ་རྒོད་བཞིན་གདུ་བའི་སྡུག་སྣང ལོ་མང་གི་སྡུག་སྣང ཁབ་དང་འབིགས་བཞིན་བསགས་པའི་སྡུག་སྣང སུ་ཡིས་ཁྱོད་ལ་ཇི་ལྟར་བདེན་དཔང་བྱེད་ཨང   མཚན་མོ་མང་པོར ངའི་ཚོར་བ་བློང་བློང་བར་གྱུར མཚན་མོ་མང་པོར ང་ལ་སྙན་ངག་འབྲི་བའི་སེམས་ཁམས་མི་འདུག ཡུལ་ལྗོངས་འཁྱག་པོ། རྩ་ལམ་ནས་འཁོལ་བའི་གཙང་ཆུ སེམས་ཁོང་ནས་འཕགས་པའི་གངས་རི རྨ་དང་ན་ཟུག་གིས་གཟེར་བའི་ཕུང་བོ་འདི་བརྒྱུད་ནས དག་ཞིང་དུ་འདྲེན་ནམ  དམྱལ་ཁམས་སུ་བསྲིང་ངམ བདག་གི་རྒྱབ་ལོགས་ནི་མུན་དོང་དང་མདུན་ཕྱོགས་ནི་མེ་ནུར་ཏེ འཁྱག་ཤུར་ཤུར་གྱི་སེམས་པ་ཁོ་ན ང་ལ་བདོག་པའི་ཡིད་ཆེས་ཡིན   གྱང་གསེབ་ནས་མདངས་ཤོར་བའི་མིག་ཟུང་མང་པོ་ངའི་སྟེང་དུ་རུབ་ཡོང འབུ་སྦྲང་ཡང་ངའི་སྟེང་དུ་ནུར་ཡོང ད་དུང་མེ་ཐེལ་གྱི་གསུར་དྲི་དང ལྕགས་ཐག་གི་སིང་སྒྲ  ཧ་ཧ་དང་ཧོ་ཧོ འཛུམ་གྱིས་གྲོལ་བའི་སྐྱི་པགས དེའི་འོག་ཏུ་སྦས་པའི་དུག་ཚེར མངོན་ལྐོག་གང་རུང་ནས་འཇབ་ཡོང་བའི་རྨི་ལམ་འཚུབ་པོ་དག འདི་ལྟར་མིག་མ་ཟུམ་ཡང་ང་ལ་གཟས་ནས་བརྙས་ཡོང   ས་རུབ་འོང་ན ང་སྐྲག་གི ས་རུབ་འོང་ན  ཤ་ཁྲག་གི་ཕུང་བོ་འདི་ལྷོད་ལ་འབབ་ཁོམ་མི་འདུག ཚེ་སྲོག་གི་དཀྱིལ་སྙིང་ནས་ཕུགས་བསམ་གྱི་གཤོག་པ་འདར་སིག་སིག ནང་སེམས་གྱི་ཁྲོན་པ་སེམས་ཁྲལ་གྱི་སྨུག་པས་རྙོག་སོང ས་རུབ་འོང་ན  རིང་ལུགས་ཡོད་ཚད་སྐྱག་རྫུན་རེད ས་རུབ་རྗེས ངས་རང་གི་སྙིང་ཉེ་བའི་བཟོ་ལྟ་བསམས་ནས མཚན་རངས་པོར་མིག་ཟུང་བཙུམ་མ་ཐུབ   ཨ་སྔོན་ནི་གནག་ཅིང་མཐུག་ལ  ཉི་མ་ནི་མཐོ་ཞིང་འཁྱག སྲོད་ཀྱི་སྤྲིན་པ་འཆི་བདག་གི་ལྕགས་ཀྱུས་ཟིན་འདུག གྲུ་ག་སོ་སོ་ནས་སྡུག་ཡུས་དང་འོ་དོད་འབོད་མཁན་བགྲང་ལས་འདས མ་ཉེས་ཁ་གཡོག་ཐེབས་པའི་ཀེང་རུས་ཀྱི་གདོང་ན་མིག་ཆུ་ཤམ་ཤམ་བཞུར འགུལ་གྱིན་པའི་གཟུགས་རིས་ནག་པོས་རང་རང་གི་ཚང་མལ་འཚོལ ཉི་ནུབ་ཀྱི་རྗེས་ནས ད་དུང་ཉི་ནུབ་ཡིན ཉི་ནུབ་ནི་རིམས་ནད་མཆེད་པ་དང་འདྲ མཚན་མོའི་རྗེས་ནས ད་དུང་མཚན་མོ་ཡིན མཚན་མོ་ནི་བཙའ་གཟེར①བརྒྱབ་པ་དང་འདྲ   ལོ་ཟླ་ཡོད་ཚད་དུས་གཅིག་གི་ནང་དུ་བཙན་གྱིས་ཕྲོགས་ནས སྨྱོ་ཧམ་གྱི་ཉིན་མཚན་ང་ཡི་སྙིང་ལ་བརྐོས་སོང ཉེ་འཁོར་གྱི་མིག་ཟུང་བརྩེ་ཞེན་དང་བྲལ་ནའང ང་ཡི་སེམས་ཁོང་དུ གནའ་བོའི་ལྷན་འཛོམས་དང ཁ་སང་གི་གྱེས་བྲལ  དེ་རིང་གི་དྲན་གདུང་ཉར་ཡོད་དེ ངས་རང་གི་དྲན་པ་བསུབ་ཐབས་མི་འདུག   འཇག་རྩྭ་ཕོན་པོ་དག་ང་ཡི་ཟུངས་ཁྲག་གིས་གསོས་ཏེ རྩྭ་ཐང་ལ་གོས་ལྗང་གི་ལྷན་པ་བརྒྱབ་ནའང དབྱར་ཟླ་ཧྲིལ་བོ་ཞིག་ལ་ཕྱོགས་ཕྱོགས་ནས་ཡོང་བའི་རླུང་བུས བདག་ལ་ས་རྡུལ་གྱི་འཇིག་རྟེན་ཞིག་བསྐྱུར གཅེར་རྗེན་གྱི་ས་གཞི  ནོར་ལུག་ལ་ཞལ་འདེབས་གནང་ངོ་ཟེར དགུན་ཁ་བསླེབས་རྗེས ཁྲུང་ཁྲུང་འཕུར་རྗེས ང་སྔར་བཞིན་སྡུག་བསྔལ་གྱི་ནང་སྙིང་རེད   ངས་བཟོད་བསྲན་དད་མོས་སུ་བསྒོམས་ནས ཕ་བོང་ཞིག་མཁའ་ལ་བཀྱགས་ཡོད ངས་སེམས་དོན་སྤྲིན་པ་ལ་བྲིས་ནས རེ་སྒུག་ཅིག་ལག་ཏུ་བསྣམས་ཡོད   —ང་འཆམ་འཆམ་ལ་འགྲོ་འདོད —ངས་སྐད་ཆ་བཤད་འདོད      སྙན་ངག་ཅིག་གི་མ་ཕྱི། སྐྲ་ལོ་ཁ་བས་བཀྲུས་པའི་རི་ཚོགས་རི་རབ  རི་རིབ་ཚོགས་ཀྱིས་མགོ་བོ་སྨད་དེ ཁྱོད་ལ་གུས་འདུད་དགོངས་དག་ཞུས རི་རབ་ཀྱི་ཡང་སྟེང་དུ་གཡོ་བའི དར་ལྕོག་ཁྲ་ཁྲ། དར་ལྕོག་གིས་སྨྲེ་སྔགས་དབྱངས་སུ་བཀུག་ནས ཁྱོད་ལ་མྱ་ངན་ཞུས ཁྱོད་ཀྱི་འདས་དོན་ནི  ཨ་སྔོན་དབྱིངས་རིམ་དུ་ཟུག་པའི་དུད་སྨུག་ལང་ལོང་དེ་ཡིན དུད་སྨུག་ལང་ལོང་གི་ཀློང་ནས ཁྱོད་ཀྱི་རྒྱབ་གཟུགས གས་ཆག་ཏུ་གྱུར  ཕྱོགས་སོར་ཐོར   བརྩེ་ཞེན་གྱི་ལག་ཟུང  ས་ཆེན་པོའི་གྱི་བར་སྣང་དུ་ཞེ་སྡང་གིས་གཡུགས་ཏེ དྲག་རླུང་གི་ངོ་གདོང་བཞིན་ལ འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས རྣམ་ཤེས་ཀྱི་མཆོད་བསྟོད་སྟོན གངས་རིའི་སྙིང་ཁོང་དུ་བཤམས   ཁ་བ་བུ་ཡུག་ཁྲོད་དུའང  སྤོབས་པའི་མེ་དཔུང་གིས་ཁྱོད་ཀྱི་སྐྱོ་བ་གདུང་བསྲེགས ཁྱོད་ཀྱི་སྐེ་ལ་འོད་སྣང་གི་ཞགས་པ་འཕངས་ནས ཁྱོད་རང ཉི་འོད་ཀྱི་ཕྱོགས་སུ་འཐེན་དྲངས  ཁྱོད་རང སྨག་རུམ་གྱི་ཀློང་དུ་བདས  ཁྱོད་རང ལམ་དུ་བཀོད འབའ་འབུར་མི་སྙོམས་པའི་ལམ་དུ་བཀོད   ཡལ་དུ་མེད་པའི་གཏམ་རྒྱུད  གཏམ་རྒྱུད་ཀྱི་ལེ་ཚནའཁྲབ་ཚན་རེ་རེ དུངས་པའི་ཞགས་སྣེ་ལ་བརྒྱུས་ཏེ  ང་དང་ཁྱོད་ཀྱི་ཡིད་ངོར་བསྟན   ན་ཟུག་གི་སྐས་རིམ་བརྒྱུད་མཁན འཇིག་རྟེན་གྱི་མགྲོན་པོ་ཡ ཁ་བའི་ཀློང་དུ་ཕབས་པའི་ཁྲག་གི་རྐང་རྗེས་རིང་པོ   ཁྱོད་ཀྱི་བཤུལ་ལམ་དུ ལོ་རྒྱུས་ཀྱི་དོད་དུ་ཁ་དོག་ནང་བཞིན   མེས་པོ་ཚོའི་སྙིང་ཁོང་དུ་བསྲིངས ལྷ་ཡུལ་དུ་བསྲིངས   ཀླུ་ཡུལ་དུ་བསྲིངས དམྱལ་ཁམས་སུ་བསྲིངས            ༢༠༠༨ལོའི་ཟླ༣པར་འུག་ཚང་དུ་བྲིས། མཆན། ①བཙའ་གཟེར་ནི་བྱིས་པ་བཙའ་སྐབས་ཟུག་གཟེར་དྲག་པོ་རྒྱག་པ་ལ་ཟེར།
1

རྩོམ་གསར།
བླ་མ་དག་མ་ཡིན་ན་ལ་རྒྱ་མེད།
[2010-9-8]
པེ་ཅིན་ནས་ལྷ་ས་དྲན་ཚུལ།
[2010-9-8]
དེ་རིང་ང་འབའ་ཐང་དུ་ཐོན་ཡོད།
[2010-9-8]
དགེ་ཆོས་ཀྱིས་འཁོར་བ་གླེང་བ། ཁག་དང་པོ།
[2010-9-8]
ཇོ་མོ་ཚོ། ཞབས་བྲོ་འཁྲབ་རོགས།
[2010-9-8]
ཁ་ཕོ་ཙམ་གྱིས་དུས་འདའ་མཁན།
[2010-9-8]
ལྷད་མེད་གྲོགས་ཀྱི་བརྩེ་བ་ཡིད་དུ་འོང་།
[2010-9-8]
འབུལ་ལོ་བརྒལ་བརྟག་སྨྲ་བའི་སྡེ་རྣམས་ལ།
[2010-9-7]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2419]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2182]
<<རྟུལ་ཕོད>>ཆ་ཚང་།
[1476]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1434]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1345]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1265]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1252]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1247]
友情链接: 青海汽车网