ལག་མཐིལ་གྱི་རི་མོ
ལག་མཐིལ་གྱི་རི་མོ་ནི
ཁྱོད་ཀྱི་ལག་པའི་མཐིལ་གཞུང་དུ་གསལ་བའི
བཙན་ཚུགས་ཀྱི་བཤུལ་ལམ་ལྟ་བུ་དེ་རེད་དམ
ཇི་ལྟར་བསྙབས་ཀྱང་འཛིན་ཐབས་བྲལ་བའི
བར་སྣང་གི་འཇའ་ཚོན་ལྟ་བུ་དེ་རེད་དམ
ཁྱོད་ཀྱིས་སྤར་མོ་ཤུགས་ཀྱིས་བསྡམས་ཏེ
ལག་མཐིལ་གྱི་རི་མོ་ཁྱུར་མིད་གཏོང་འདོད་པ་དེ
ང་རང་བྱིས་དུས་སུ་འཇའ་ཚོན་འཛིན་རྒྱུར་དགའ་བ་ལྟ་བུ
ལག་མགོ་དུམ་བུར་བཅད་ཀྱང རི་མོ་དེ་ལག་མཐིལ་དུ་ཡོད
རལ་གྲིས་ཤར་མར་བཤགས་ཀྱང རི་མོ་དེ་རྨ་ཤུལ་གྱི་གསང་ན་མངོན་ཡོད
ཁྱོད་ཀྱིས་ཧམ་སེམས་ཇི་ལྟར་བཅངས་པ་དེ་བཞིན་དུ
རི་མོ་ཇེ་གསལ་དུ་འགྲོ་ཞིང
ཁྱོད་ལ་སྡང་སེམས་ཇི་ལྟར་སྐྱེས་པ་དེ་བཞིན་དུ
རི་མོ་ཇེ་ཟབ་ཏུ་འགྱུར་ངེས
རི་མོ་དེ་ཁྱོད་ཀྱིས་རང་ཉིད་ལ་བྲིས་པའི་ལོ་རྒྱུས་རེད
རི་མོ་དེ་ཁྱོད་ཀྱིས་ང་རང་ལ་བྲིས་པའི་ལོ་རྒྱུས་རེད
ལོ་རྒྱུས་དེ་ནི་ཁྱོད་དང་ང་ཡི་རི་མོ་རེད
རི་མོ་འདི་བལྟས་ཙམ་གྱིས་ཤིན་ཏུ་ཕྲ་ན་ཡང
རི་མོ་འདི་རག་ཙམ་གྱིས་ཞེ་དྲག་སྲབ་ན་ཡང
རི་མོ་འདི་སུ་དང་གང་གིས་ཀྱང་བསུབ་ཐབས་མེད་དེ
རི་མོ་དེ་རི་མོ་རུ་འཇོག་པ་ནི
ཁྱོད་རང་མཛེས་པའི་སྤང་གཞུང་ནས་གཉིད་ལོག་པ་ལྟ་བུ་ཞིག
ཡང་ན སྦྲ་ནག་གི་ཐུ་འོག་ནས་ངལ་གསོས་པ་ལྟ་བུ་ཞིག
དེ་ཡང་མིན་ན ཤིན་ཏུ་ཚ་བ་ཆེ་དུས་ཆུ་རྐྱལ་བྱས་པ་ལྟ་བུ་ཞིག་ལོས་ཀྱང་ཡིན
༢༠༡༠ལོའི་ཟླ༨པའི་ཚེས༧ཉིན་ཟི་ལིང་ནས།
ཞོགས་ལྗང་གིས་བདེ་སྐྱིད་གླེང་བ།
ཏག་ཏག་ཧྥུའུ་སི་ལའོ་ཡིས་གསུངས་པ་ལྟར། དུས་སྐབས་མི་འདྲ་བ་རེ་རེའི་ནང་དུ་མི་རེ་རེའི་དགོས་མཁོ་འདྲ་གི་མི་འདུག་ལ། དགོས་མཁོ་དེ་དུས་ཚོད་དང་ཁོར་ཡུག་གི་འགྱུར་ལྡོག་ལ་བསྟུན་ནས་འགྱུར་བཞིན་འདུག དེ་བཞིན་དུ། མི་ཞིག་གི་སྡུག་བསྔལ་ཡང་དེ་བཞིན་རེད།
འུ་ཅག་ནི་རང་བཞིན་དང་གཤིས་ཀ་ཁྱོན་ནས་མི་འདྲ་བའི་མི་རེ་རེ་རེད། འུ་ཅག་གིས་སྡུག་སྔལ་མྱོང་ཚད་དང་བདེ་སྐྱིད་རོལ་སྟངས་ཀྱང་རྦད་དེ་འདྲ་གི་མ་རེད། ཡང་གཅིག་བཤད། འུ་ཅག་གིས་སྡུག་བསྔལ་དང་བདེ་བར་ངོས་འཛིན་བྱེད་སྟངས་ཀྱང་གཞར་ཡང་འདྲ་མི་སྲིད། མི་ལ་ལས་རྒྱུ་ནོར་གྱིས་ཕྱུག་པ་དེ་བདེ་སྐྱིད་དུ་སེམས་ཤིང་། མི་ལ་ལས་ཤེས་ཚད་ཇེ་མཐོར་སོང་བ་དེ་བདེ་སྐྱིད་དུ་སེམས། ཡང་མི་ཁ་ཤས་ཀྱིས་རང་དབང་དང་འདྲ་མཉམ་རྩོད་ཚུལ་དེ་བདེ་སྐྱིད་དུ་སྙམ། གང་ལྟར་ཁོ་རང་ཚོ་ནམ་ཞར་ཡང་འདྲ་མཚུངས་ཡང་མཚུངས་ཤིག་ལ་འབབ་སྲིད་ཀི་མ་རེད། རྒྱུ་ནོར་གྱིས་ཕྱུག་པ་དང་ཤེས་ཚད་མཐོ་བ། རང་དབང་དང་འདྲ་མཉམ་རྩོད་པ་སོགས་གང་ཡིན་རུང་། མི་སྒེར་སོ་སོ་ནས་བལྟས་ན། དེ་ནི་བདེ་སྐྱིད་དང་སྡུག་བསྔལ་གང་ཞིག་ཡིན་པ་སྨོས་མ་དགོས་པ་རེད། འུ་ཅག་བོད་མི་དག་ལ་མཚོན་ན། རྒྱུ་ནོར་དང་གོ་གནས་ཀྱི་མཐོ་དམའ་ཡིས་མི་སེམས་ཀྱི་བདེ་སྡུག་ཐག་གཅོད་པའི་ཕྱོགས་སུ་གོམ་པ་སྤོས་འདུག འུ་ཅག་གི་སེམས་ཀྱི་གཏིང་དུ་བག་ཆགས་དེ་ཤུགས་ཆེན་གྱིས་འབུས་ཀྱིན་འདུག
རྒྱུན་དུ་དྲ་གྲོགས་རེ་འགས་འདི་ལྟར་འདྲི། ཁྱོད་ཀྱིས་བལྟས་ན་བདེ་སྐྱིད་ནི་ཅི་ཞིག་རེད་ཟེར། སྐབས་འདིར་ཆུང་དུས་ཀྱི་བག་ཆགས་རིགས་ཤིག་གིས་ངའི་སེམས་སུ་ཡང“ངལ་རྩོལ་ནི་བདེ་སྐྱིད”མ་ཡིན་ནམ་སྙམ་པ་རེ་བྱུང་ཡང་། ཞིབ་ཏུ་བསམ་གཞིགས་བཏང་ཞིང་། དཔྱོད་ཤེས་ཀྱི་བློ་མིག་ཅུང་ཙམ་གྲུང་བོར་གནས་ཚེ། སྐད་ཆ་དེ་ཡང་བམ་བཤད་ཅིག་ཏུ་སོང་འདུག ངལ་རྩོལ་ལ་རིགས་ཤིན་ཏུ་མང་བོ་འདུག་ཅིང་། སྤྱི་བཤད་བྱས་ན་ལུས་ཤུགས་ངལ་རྩོལ་དང་ཀླད་ཤུགས་ངལ་རྩོལ་གཉིས་འདུག ཞིབ་ཏུ་བགར་ན་དེ་གཉིས་རེ་རེ་ལ་ཡང་ནང་གསེས་ཧ་ཅང་མང་ཞིང་། དེའི་ནང་གསེས་རེ་རེ་ལ་ཡང་ནང་གསེས་རེ་རེ་ཡོད་སྲིད་པས། འུ་ཚོས་འདི་ལྟར་བཤད་ན། ནམ་ཞར་ཡང་བདེ་སྐྱིད་ཅེས་པའི་ངོས་འཛིན་བྱེད་སྟངས་རྣལ་མ་ཞིག་རྙེད་མི་སྲིད་པ་རེད། བཤད་སྟངས་འདིའི་རིགས་ནི་ནམ་ཡང་མང་ཚོགས་ལ་མགོ་སྐོར་གཏོང་སྟངས་ཤིག་རེད་དེ། དཔེར་ན། སྲིད་གཞུང་ཞིག་གིས་ཁྲིམས་ལུགས་ནི་འདྲ་མཉམ་མོ་ཟེར་བ་དེ་དང་ཤིན་ཏུ་མི་མཚུངས་སམ།
ཁོ་བོ་ལྟར་ན་བདེ་སྐྱིད་ནི་མི་བུ་རང་སྒེར་གྱི་རིན་ཐང་འཛིན་བྱེད་སྟངས་རིགས་ཤིག་རེད་དེ། ཁྱོད་ཀྱི་རིན་ཐང་འཛིན་སྟངས་གང་དེར་ཤེས་བྱའི་རྒྱུ་གསོག་ཅིང་དཔྱོད་ཤེས་ཀྱི་རྐྱེན་ཞུགས་ན། རིམ་བཞིན་འགྱུར་ལྡོག་འབྱུང་སྲིད་པ་ཞིག་ཀྱང་རེད། གལ་ཏེ། ཁྱོད་རང་ནུབ་གླིང་མཚན་ཉིད་རིག་པའི་ཤེས་བྱར་སྤྲོ་བའི་མི་ཞིག་ཡིན་ན། ཁྱོད་ཀྱིས་བདེན་པ་དང་གནས་ལུགས་གཙིགས་སུ་བཀུར་ཞིང་། ཁྱོད་ཉིད་རང་དབང་དང་འདྲ་མཉམ་གྱི་ཁོར་ཡུག་གིས་བསྐྱེད་པ་ཞིག་ཡིན་ཚེ། ཁྱོད་ཀྱིས་འགྲོ་མིའི་ཡོངས་ཁྱབ་རིན་ཐང་ནི་ཚེ་སྲོག་གི་དོན་སྙིང་དུ་བལྟ་ངེས། ལྡོག་སྟེ། ཁྱོད་ནི་སྒེར་གཅོད་དང་བཙན་དྲགས་ཀྱི་ཁོར་ཡུག་གིས་སྐྱེད་ཅིང་འོང་བ་ཡིན་ན། ཁྱོད་རང་གྲལ་རིམ་དང་སྒེར་གཅོད་ལ་རབ་ཏུ་མོས་ཤིང་། ཁྱོད་རང་དཔལ་འབྱོར་རིག་པ་སྦྱོང་མཁན་ཞིག་ཡིན་ཚེ། ཁྱོད་ཉིད་རྒྱུ་ནོར་ལ་བརྩིས་ཐང་ཆེ་བ་དེ་ཡང་སྤྱིར་བཏང་གི་འགྲོ་ལུགས་རིགས་ཤིག་རེད། ཨ་རི་སོགས་རང་དབང་དམངས་གཙོའི་རྒྱལ་ཁབ་མང་བོ་ཞིག་ནི་རང་གི་འཚོ་བ་རོལ་བའི་ཚུན་ཆད་ནས་འགྲོ་མིའི་ཡོངས་ཁྱབ་རིན་ཐང་ལ་ཤིན་ཏུ་རབ་ཏུ་མོས་རབས་ཡོད་ཅིང་། རྒྱ་ནག་སོགས་དཔལ་འབྱོར་འཕེལ་རྒྱས་ཟེར་བའི་མི་རིགས་སྐོར་ཞིག་ནི་རྒྱུ་ནོར་མིག་འབྲས་བཞིན་སྲུང་སྟེ་བདེན་པ་གར་ལོགས་སུ་བསྐྱུར་བར་ཕྱོགས། ད་ལྟ་བོད་རིགས་མང་ཚོགས་ཀྱིས་མེད་མུག་གི་ངུ་མོད་བྱེད་ཅིང་། དཀའ་སྡུག་གི་མིག་ཆུ་ཕུད་པ་ཡང་གཞན་མ་ཡིན་ཏེ། རྒྱུ་ནོར་གྱིས་བསླུས་པའི་དཔོན་རིགས་ལམ་ལུགས་ཀྱིས་ཡོད་ཚད་སྒོར་མོས་སྒེར་གཅོད་བྱེད་པས་མ་རེད་དམ། དམའ་རིམ་མང་ཚོགས་ཤིག་གིས་འདི་ལྟར་བྱེད་པར་སུ་དང་གང་གིས་ཁ་ཡ་བྱེད་དམ། ཁོ་ཚོ་ནི་ནམ་ཡང་དམའ་རིམ་ཡིན་པའི་སྤྱི་འགྲོས་དེ་བཙན་གྱིས་སྦྱར་འདུག་ན།
ཁོ་བོ་ནི་ཡོན་ཏན་སྦྱོང་མཁན་ཞིག་གི་ངོས་ཐད་ནས་ཀེར་གྱིས་ལངས་ཏེ་བལྟས་ན། ཁོ་རང་ཚོ་ནི་ཆེས་མཐོ་རིམ་དུ་གནས་པ་དེ་རེད། ཁོ་རང་ཚོ་ཡོད་པས་གཞི་ནས་ང་རང་ཚོ་གནས་པ་ཡིན་ཏེ། ཁོ་རང་ཚོ་ནི་ང་ཚོའི་རྒྱབ་དཔུང་གི་ཀ་བ་བརྟན་པོ་དེ་རེད། གནས་ལུགས་ཀྱི་ངོས་ནས་ང་ཚོས་ཁོ་རང་ཚོ་ཆེས་མཐོ་སར་བཞག་སྟེ་བལྟས་ན། བདེན་པ་གཅེར་བུ་བ་དེ་མཐོང་ཐུབ་ཅིང་། ཁོ་ཚོ་ནི་ང་ཚོས་བདེན་པ་གཅེར་བུ་བ་དེ་འཚོལ་ཡུལ་ཡང་རེད། དམའ་རིམ་མང་ཚོགས་ཟེར་བ་ནི་རྦད་དེ་ནོར་འཁྲུལ་ཆེན་པོ་ཞིག་ཡིན་ཞིང་། མང་ཚོགས་ནི་གཞི་ནས་མཐོ་རིམ་ཡིན། དེ་མིན་ན། མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ་ངོ་མའོ་ཞེས་པའི་གནས་ལུགས་ཟབ་མོ་ཡང་རྙེད་མི་སྲིད། སུ་དང་གང་གིས་དམའ་རིམ་དུ་འཇོག་པ་ནི། མདོར་དེད་ན་སྒེར་གཅོད་ཁོ་ན་ཡིན་ཏེ། སྒེར་གཅོད་པས་ནི་ཡོད་ཚད་རང་ཉིད་ཀྱི་དོན་དུ་འབད་ཅིང་། རང་ཉིད་གཅིག་པུ་ནི་བདེན་པའོ་སྙམ་པ་རེད། དེ་བས་ཁོ་ཚོས་མང་ཚོགས་ནི་ནམ་ཡང་དམའ་རིམ་དུ་ལྟ་བ་ལས། མཐོ་རིམ་དུ་མི་མཐོང་ཞིང་། རང་ཉིད་ནི་རྒྱལ་ཁབ་དང་སྲིད་གཞུང་གང་གི་བདག་པོ་ངོ་མ་ཡིན་པར་སྙམ་པ་རེད། འདི་ལྟ་བུའི་སྲིད་གཞུང་དང་དབང་འཛིན་པ་ནི་ཡུན་བརྟན་མི་ཐུབ་པའི་རིགས་སུ་གནས་པ་སྔོན་ནས་ཐག་གཅོད་བྱས་ཟིན་པའི་བདེན་ལུགས་ཤིག་རེད་པས། ཁོ་བོས་བསྐྱར་ཟློས་ཀྱི་ངལ་བ་མི་འཛིན་ནོ། །
ལོ་ངོ་འདི་དག་གི་རིང་དུ་བདག་གིས་ནུབ་གླིང་མཚན་ཉིད་རིག་པར་སྦྱངས་ཁུལ་བྱས་ཤིང་། རང་དབང་དང་དམངས་གཙོའི་ཐ་སྙད་ལ་གོ་བ་བཙལ་བ་ཡིན། ལོ་ངོ་འདི་དག་གི་འབད་འབྲས་སུ། ངའི་མིག་ལམ་ནས་ནམ་ཡང་རང་དབང་དང་དམངས་གཙོ་ཟེར་བ་ནི་བརྒྱུད་རིམ་ཞིག་རེད་ལ། བརྒྱུད་རིམ་དེ་འཚོལ་བ་ནི་ངའི་བདེ་སྐྱིད་ཀྱང་རེད། སྐད་ཆ་སླ་མོ་ཞིག་གིས་བཤད་ན། བདེ་སྐྱིད་ཅེས་པ་ཡང་གོ་རིམ་ཞིག་མ་རེད་དམ། དྲ་གྲོགས་འདི་དག་གིས་སྐད་ཆ་དེ་ལྟར་འདྲི་དོན་ཁོ་བོས་ཁ་ཚོན་གཅོད་མི་ཐུབ་མོད། རང་གི་མགོ་བོ་གཞན་གྱི་རྐུབ་འོག་ཏུ་འཇོག་པའི་བླ་འཚོང་བ་རེ་གཉིས་ཀྱིས་ང་ལ་འདི་ལྟར་འདྲི་བའི་ཕུགས་དེ་བདག་གིས་ཤར་རེར་ཤེས་འོང་། ཡིན་ན་ཡང་། ང་རང་བདག་གི་ལས་དོན་འདིར་རབ་ཏུ་མོས་ཤིང་། འདི་ནི་རང་ཉིད་ཀྱི་ལས་ཀྱི་བསྐོས་ཐང་རེད་སྙམ། ཡང་གཅིག་བཤད་ན། ལས་ཀྱི་བསྐོས་ཐང་འདི་ཉིད་བདག་གིས་རྙེད་པ་ཡང་བདེ་སྐྱིད་ཅིག་མ་རེད་དམ།
སྐབས་འདིར་མི་མང་བོ་ཞིག་གི་སེམས་སུ་འདི་ལྟར་འདོད་ཀྱིན་ཡོད་ངེས་རེད། ལུས་ཀྱིས་དཀའ་སྡུག་མྱངས་པ་ཡང་བདེ་སྐྱིད་ཅིག་རེད་དམ་ཟེར་ན། གལ་ཏེ། ཁྱོད་ཉིད་རང་གི་དམ་བཅའ་ངོས་ཟིན་ཡོད་མཁན་ཞིག་ཡིན་ན། ཁྱོད་ཀྱིས་དམིགས་འབེན་དང་དམ་བཅའ་དེའི་ཆེད་དུ་བྱ་བ་ཅི་ཞིག་བསྒྲུབས་ཀྱང་སྡུག་བསྔལ་དུ་མི་སེམས་ཏེ། རང་དབང་དང་དམངས་གཙོར་འབད་པ་བྱེད་ཅིང་། གནས་ལུགས་མིག་འབྲས་བཞིན་སྲུང་མཁན་ཞིག་ཡིན་ཚེ། ཁྱོད་ཀྱིས་གནས་ལུགས་བརྩི་ཞིང་རང་དབང་དང་དམངས་གཙོ་བཙལ་བའི་གོ་རིམ་ནི་བདེ་སྐྱིད་དུ་སེམས་པ་ལས། ལུས་ཀྱི་སྡུག་བསྔལ་དེར་སྡུག་བསྔལ་ཞེས་མི་འདོད་དོ། ། འདི་ནི་བདེ་སྐྱིད་ཀྱི་མཐར་མཐུག་ཀྱང་ཡིན་པར་སྙམ།
གལ་ཏེ། བདེ་སྐྱིད་འདི་ཉིད་འཚོལ་འདོད་ཡོད་ན། ཁྱོད་ཀྱིས་ཆོས་ལུགས་ཞེས་པའི་ཐ་སྙད་དེར་གོ་བ་ལྐོག་གྱུར་ཞིག་ལེན་དགོས་མེད་དེ། བདག་གི་སྐད་ཆ་སླ་མོ་འདི་ཡང་ཁྱོད་ལ་མཚོན་ན“ཆོས་ལུགས”དྲི་མེད་པ་ཞིག་ཡིན་ངེས་སོ། །
༢༠༡༠ལོའི་ཟླ༨པའི་ཚེས་༣ཉིན། གནའ་མཁར་ཟི་ལིང་ནས་ཞོགས་ལྗང་གིས་རང་གི་མྱོང་ཚོར་རིགས་ཤིག་ཤར་མར་སྤེལ་བའོ། །
——ཉིན་འདི་འགའི་ཚོར་བ་རིགས་ཤིག
སྤྲིན་པ་དམར་བོ་དེའི་གསེབ་ན་ཁྱོད་རང་ཡོད་དམ
བདག་གིས་མངོན་ཆུང་གིས་བལྟས
རྩྭ་མགོའི་ཟིལ་བ་འདྲ་བའི་ཆུ་ཐིགས་དེ
ལུང་བ་ཁ་བྱང་ལྟ་དེའི་ནང་གི་མེ་ཏོག་གཅིག
ཟླ་མཚན་འོང་གིན་པའི་བུ་མོ་ཞིག་དང་འདྲ་བར
ཉིན་མཚན་མེད་པར་དགུན་ཉལ་བྱེད་དགོས་པ་གང་དེ
རླུང་གི་ཟེ་བ་ནས་འཐོར་བའི་མཆིལ་མའི་ཟེགས་པ
སུ་དང་གང་གི་སྙིང་ཁར་ལྷུང་གིན་པ་གསང་དགོས
2010.8.1 གནའ་མཁར་ཟི་ལིང་ནས།
དུས་ཚོད་ཀྱི་སྒལ་གཞུང་ན་ཨམ་གཙིགས་བསྡམས་པའི་སྐར་མ་དེ
རླུང་གི་ངོགས་སུ་ཞི་འཇམ་གྱི་སྡོང་ལོ་བཞིན་ལྷུང་དུས
སྡོང་ལོ་དག་ལམ་འགྲམ་གྱི་གད་སྙིགས་སུ་འཐིམ
ཉི་མའི་བྲང་གཞུང་ལ་ཞེན་པ་ལོག་པའི
ཟླ་བའི་འཁྲིགས་སྦྱོར་ལ་ཨ་ཐང་ཆད་པའི
ལམ་འགྲམ་གྱི་ལོ་མ་དེ
ལོ་མ་དེ་སྟོན་མཇུག་འདིའི་ལག་ཡོང་རེད་དམ
ཁྱོད་ཀྱིས་སུ་ལའང་འདི་ལྟར་བཤད་ཆོག་སྟེ
རྔུལ་དང་ཁྲག་གི་ལོ་མ་དེ
ལྕགས་ཀྱི་ལྕེ་ཐོག་ལ་ལྷུང་བའི
གསེར་གྱི་ས་བོན་ཞིག
2010.6.15ཉིན་བླ་བྲང་ནས།
ལོ་ངོ་འདི་དག་གི་རིང་དུ་། ཁོ་བོས་ཀྱང་ཀུན་དང་འདྲ་བར་དྲ་ཐོག་གསར་ལམ་འདིར་བརྟེན་ནས་འུར་བརྒྱབ་ཅིང་། འུར་ཆུང་དེས་མང་བོ་ཞིག་ལ་གཙེས་ཡོད་འདུག དེ་རིང་ཡང་འདི་ལྟར་འདས་ལོག་བརྒྱབ་པའི་སེང་རྡོར་དྲ་བ་འདི་ཉིད་དུ། རང་གི་གཞིས་ཁྱིམ་ཞིག་ཀྱང་གནངས་པར། ཁོ་བོས་གྲོགས་པོ་གང་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག རང་ཉིད་སྤྱང་ཚང་སྒོ་ཁའི་ལུ་གུ་ཞིག་ཏུ་བཅའ་དགོས་པའི་རྒྱུ་རྐྱེན་ཞིག་བཤད་འདོད་དེ། དེ་ཡང་། འུ་བུ་ཅག་གི་ཤ་གསེང་རུས་གསེང་དུ་ཁྱོད་ཉིད་རང་དགར་མི་འཇོག་པའི་ཟུག་གཟེར་ཅིག་ཡོད་ཅིང་། ཟུག་གཟེར་དེས་ཀུན་ནས་བསླངས་ན། ཁྱོད་ཀྱི་བརྩམས་ཆོས་དག་མ་བཙིར་ཤུགས་ཀྱིས་བཞུར་འོང་བས་ཡིན།
འུ་ཅག་ལ་མཚོན་ན། དྲ་བ་ནི་རང་ཉིད་ཁྱབ་སྒྲོག་བྱེད་ས་ཞིག་གམ། དཀྲོག་གཏམ་གང་རུང་བཟོ་ས་འབའ་ཞིག་ལས་མ་མཆིས་ཀྱང་། ཉེ་བའི་དུས་ཐུང་ཞིག་གི་ནང་དུ། དྲ་ཚིགས་རེ་གཉིས་རྒྱུ་བྱས་ཏེ་དྲ་རྩོམ་དག་ཀྱང་ཅུང་གཟབ་ནན་ཅན་དུ་འགྱུར་གྱིན་འདུག འདི་ནི་གོང་འོག་གང་ན་ཡང་བཙིར་གནོན་ཐེབས་པའི་འུ་ཅག་ལ་མཚོན་ནས་བཤད་ན་དགའ་འོས་པའི་དོན་བཟང་ཞིག་རེད། སྐབས་འདིར། རེ་གཉིས་ཤིག་གིས་རང་ཉིད་དྲ་བའི་རིག་གནས་ལ་ཆ་རྒྱུས་ཡོད་མདོག་དང་། དྲ་བའི་རིག་གནས་ལ་ཟུར་རྒྱན་འདོགས་ཁུལ་གྱིས། སྔོན་ཐོན་རྒྱལ་ཁབ་ཀྱི་དྲ་བའི་རིག་གནས་ནི་ཅིག་ཅིག་ཅིག་དང་། ཉེ་འཁོར་མི་རིགས་ཀྱི་དྲ་བ་ནི་ཉིག་ཉིག་ཉིག་ཅིག་རེད་ཅེས་སྒྲོག་ན་ཡང་། ཞིབ་ཀྱིས་བསམ་ཞིང་ནན་གྱིས་གཞིགས་ན། འུ་བུ་ཅག་དང་སྔོན་ཐོན་རྒྱལ་ཁབ། ཡང་ན། འུ་བུ་ཅག་དང་ཉེ་འཁོར་མི་རིགས་དག་རྦད་དེ་མི་འདྲ་ཞིང་། རྩ་ནས་ཁྱད་འདུག་པས། འུ་ཚོས་ནི་རང་ལམ་རང་གིས་གདམ་འོས་ཨང་།
སྤྱིར་ན་དྲ་བ་གང་ནི་ཅི་བསམ་ཤར་གྱིས་འབྲི་སའི་ཤོག་ལྷེ་ཁ་ཆད་སྣ་རལ་ཞིག་དང་། ཅི་སྣང་ཐོལ་གྱིས་གྱེར་བའི་མི་རྐྱང་ཆང་རྐྱལ་སྨྱོན་པ་ལྟ་བུ་ཞིག་ཡིན་ཀྱང་ཆོག་མོད། ད་ལྟ་ཁ་མིག་ཡར་ལྟ་དང་། སྐུད་མ་ཡར་འཁེལ་བྱེད་སའི་སྒེར་གཞུང་དྲ་བ་ཡང་མང་དུ་ཡོད་པ་འུ་ཚོས་ཤེས་དགོས་ཨང་། དྲ་བ་འདི་དག་ཞིབ་ཀྱིས་བཀླགས་ན། རང་གི་སེམས་སུ་ཡང་གཟེར་ཤད་ཙག་ཙག་ཅིག་བརྒྱབ་འོང་ཞིང་། འདི་ནི་གཞི་ནས་རང་དབང་དམངས་གཙོའི་དྲ་བ་ཞིག་རེད་ཨང་སྙམ་པ་རེ་འཆར་འོང་། སྤྱིར་ན་མིའི་གཉུག་གཤིས་འདིར་འདོད་ཆགས་ཞེ་སྡང་གི་ས་བོན་སྟུག་པོ་ཞིག་ཡོད་ཀྱང་། ང་ནི་སྙན་ངག་པའམ་གང་རུང་ཞིག་ཡིན་མདོག་གིས༼སྤྱོད་པ་འཆལ་བོ༽སྟོན་པ་ནི་དངོས་གནས་རང་ངོ་རང་གིས་མ་ཟིན་པའི་གླེན་རྟགས་ཁ་ཚ་བོ་ཞིག་རེད་བཞག འདི་ལྟར་སོང་ན། ང་ཚོས་ནམ་ཡང་རྒྱུ་འབྲས་དང་གནས་ལུགས་ཞེས་པ་ཞིག་ཁྱོན་ནས་རྙེད་ཚོད་མ་རེད་དོ། །
དེ་ཡང་མིན་ཆོག་སྟེ། ལོ་ངོ་གཅིག་གཉིས་ཤིག་གི་སྔོན་དུ་ཨ་གསར་ཚ་བོ་ཡོད་པའི་དྲ་བའི་སྣང་ཚུལ་འདི། ད་ལྟ་ཞི་འཇགས་ཞེ་ལྷོད་དུ་འགྱུར་བཞིན་འདུག་པ་འུ་ཚོ་སུ་ལ་ཡང་གསལ་ཆ་ཁྲིགས་སེ་ཡོད་པ་རེད། འདི་ལྟར་བལྟས་ན་འུ་ཅག་ནི་ཨ་གསར་ཡང་གསར་གྱི་ཁྱེའུ་སྙིང་རྗེ་འགའ་ཡིན་པ་དོན་གྱིས་གྲུབ་འདུག ད་ལྟ་ཡང་། གྲོགས་པོ་གང་གི་དྲ་བའི་སྒོ་གསར་དུ་ཕྱེས་ཤིང་། ལྷག་པར་དུ། གྲོགས་པོ་ཉི་ཤུ་ལ་རང་གི་ཟིན་བྲིས་ཤར་མར་སྤེལ་ཆོག་སའི་བར་སྟོང་རེ་བྱིན་ཡོད་ན། དེ་མ་ཐག་ཚོར་བ་བདག་མེད་དེས་ཟིན་བྲིས་མང་དུ་སྤེལ་ཡང་། ཡུན་ལ་བཅར་ཚེ་ཁྱོད་འདུག་ང་འགྲོ་མི་བྱེད་པ་ནི་ཟིན་བྲིས་རིག་གནས་ལ་མཚོན་ན་གཟབ་ནན་ཏན་ཏིག་བྱ་དགོས་ས་ཞིག་རེད་སྙམ།
དེ་ན། ཉེ་ལམ་ཚོར་ཤེས་དང་དཔྱོད་ཤེས་གང་རུང་གི་བང་འགྲན་གྱིན་པའི་གྲོགས་པོ་དག་གིས། འུ་ཅག་ལ་ཡོད་པའི༼སེང་རྡོར་དྲ་བ༽དང་གྲོགས་པོ་རྣོ་སྦྲེང་ལགས་ཀྱིས་སྒྲུབ་ཀྱིན་པའི༼ན་གཞོན་གསར་བའི་དྲ་བ༽སོགས་ལ་བདག་པོ་འོས་འཚམ་རེ་རྒྱག་འོས། ཁོ་བོས་ནི་དྲ་བ་འདི་དག་བློས་མ་ཐོངས་ཟེར་ན་ཡང་འདྲ། གང་ལྟར། རང་གི་དུས་ཚོད་གསེར་འདྲ་བ་དེ་དྲ་བའི་རིག་གནས་ཀྱི་ཕྱོགས་སུ་བཀོལ་དོན་ཡང་གཞན་མིན་ཏེ། གཅིག་ན་རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་ཙམ་དང་།༼རྒྱུ་འབྲས་བློ་མིག་ཟེར་ན་ཡང་རུང་།༽ གཉིས་སུ་ཁ་གདངས་མིག་ཅེར་གྱི་ཆོམ་པོ་རྣམས་ལ་སྙིང་རྩེ་ཆེད་ཡིན་ནོ། ། ཡང་གཅིག་བཤད། གཏོར་བཤིག་ཚ་ཐག་ཆོད་པ་ཞིག་བྱ་འདོད་མ་ཡིན་ནམ།