ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> ཟིན་བྲིས་རྐང་འཛིན་པའི་སྡེ།

འབྲོང་གི་ཕོ་ཁུག

ཁ་བའི་ཁྲོད་དུ་བཏང་བའི་གཅིན་པ།

 

ས་ཆེན་གྱི་གཡོ་འཁྱོམ་ཁྲོད་སྐྱོད་པའི་གཟན་ཤམ་དམར་པོ། (ཚན་པ་གཉིས)  

                                                                --------ཡུལ་ཤུལ་ས་ཡོམ་ཁྲོད་ཀྱི་གྲྭ་བཙུན་ཡོངས་ལ།                       ཞོགས་པ་དེར།  ཉི་འོད་སྔར་ལྟར་འཕྲོ་བར་སྟ་གོན་བྱེད་ཀྱིན་ཡོད་ལ།      ཐབ་ཁུང་ལས་མཆེད་པའི་དུ་བ་དག་ཀྱང༌། དལ་བ་དལ་བུར།               ཀྱ་ཀྱུའི་ངང་རྨི་ལམ་གྱི་སྔས་འགྲམ་ལས་ལྡང་སྟེ་མཁའ་དབྱིངས་སུ་འཕྱོ་བ།               ཁྱོད་ཀྱི་ཉིན་གཅིག་གི་རེ་སྨོན་གྱི་སྔོན་བརྡ་ཡིན་ངེས།            ཡིན་ན་ཡང༌།  ཞོགས་པ་དེར།  འཇིག་རྟེན་གྱི་སྤྱི་གཙུག་འདིར།          སྦྱོར་མི་ཐུབ་པའི་གས་ཆག་ཐེངས་ཤིག་ཐེབས་སོང༌།          སོས་མི་ཐུབ་པའི་རྨ་ཁ་ཐེངས་ཤིག་བཟོས་སོང༌།          གྱང་གོགས་དང་མཁར་ཆག་གི་འོག་ཏུ།  ཉམ་ཐག་པའི། སྙིང་ཉེ་བའི།          ཚེ་སྲོག་གྲངས་མེད་ཀྱིས་འཁུན་སྒྲ་ཏིར་ཏིར།  ངུ་སྐད་ལྷང་ལྷང་གིས།          གསོལ་འདེབས་དང་སྐྱབས་བཅོལ་ཡོད་ཚད་དུས་གཅིག་ལ་བྱས་སོང༌།            ངུ་ངག་དང་གསོལ་འདེབས་འདི་དག དམར་པོའི་བཀའ་ཡིག་ཇི་བཞིན།          ཁྱོད་ལ་བྲེལ་སྟབས་ཀྱིས་འབྱོར་ཞིང༌།  སྔངས་སྟབས་ཀྱིས་ཐོན་དུས།          ཁྱོད་ནི་སྦྱོང་བརྡར་ཐོབ་པའི་ཧྲག་དམག་ཅིག་དང་ཇི་འདྲའི་མཚུངས་ཨང༌།            ཁྱོད་ནི་གློག་ཞགས་ཇི་བཞིན།  སྐད་ཅིག་མ་དེར།  རྔུལ་ནག་ཁྲོམ་ཁྲོམ་གྱིས།          ཁྲག་དང་ངུ་འབོད་ཀྱིས་ཟིན་པའི་ཡུལ་གྲུ་འདིར་ཐོན་དུས།          ཁྱོད་ཀྱི་ལག་ཟུང་ནི་དྲག་པོའི་གོ་མཚོན་ཞིག་དང་འདྲ་བར།          འཆི་བདག་དང་ཚེ་སྲོག་འཕྲོག་རྩོད་ཀྱི་གཡུལ་འཐབ་ཐེངས་ཤིག་བརྒྱབ་སོང༌།            ས་དང་རྡོ་བའི་ཁྲོད་ནས། ཨར་འདམ་དང་རྣོ་ལྕགས་ཀྱི་གསེབ་ནས།          ཤི་གསོན་གང་རུང་སེམས་ཆུང་གིས་བླངས་ཏེ། སྙིང་ཁར་སྦྱོར་བཞིན།          བྲེལ་སྟབས་ཀྱིས་འགྲོ་ལ། མིག་ཆུའང་སྔ་མོ་ནས་འཐོར་ཚར།          ཁྱོད་ཀྱི་མིག་ཆུ་འདི་དང་རྔུལ་ཆུ་འདིས། མུ་ནས་མུ་རུ།  ཡུན་ནས་ཡུན་དུ།          གསོན་པོ་རྣམས་ཀྱི་སེམས་པ་བརླན་ཡོད་ལ། ཤི་བོ་རྣམས་ཀྱི་རྣམ་ཤེས་བྲན་ཡོད།            དུས་འདིར། ཁྱོད་ཀྱིས་རང་ཉིད་ཀྱི་ངལ་དུབ་བརྗེད་ཚར་ལ།          རང་ཉིད་ཀྱི་ལྟོགས་སྐོམ་དོར་ཚར། ཡོད་ཚད་ཀྱི་ཡོད་ཚད།          ཉམ་ང་བའི་ཚེ་སྲོག་གི་ལྷག་མ་དག་ལ་དམ་དུ་འཁྱུད་དེ།          ཤ་ཁྲག་གི་ཕུང་བོས་མགོན་དང་སྐྱབས་ཀྱི་བཙན་རྫོང་ཞིག་སྐྲུན་དུས།          ཁྱོད་ནི་ངུར་སྨྲིག་གི་དམག་ལྭ་གྱོན་པའི་ཧྲག་དམག་ཅིག་དང་ཇི་འདྲའི་མཚུངས་ཨང༌།            འཇིགས་སྔངས་ཀྱིས་བཙོས་ཤིང༌།  སྐྱོ་སྡུག་གིས་གཡོགས་པའི་ངོ་གདོང་དག་ལ།          སེམས་གསོ་ཡི་ཉི་འོད་སྦྱིན་ཞིང༌།  ཡིད་ཆེས་ཀྱི་དར་ཆ་གནང་ཡོད།          ཞེན་ཆགས་ཀྱིས་བཟུང་ཞིང༌།  དངངས་སྐྲག་གིས་སོང་བའི་རྣམ་ཤེས་དག་ལ།          མཐོ་རིས་ཀྱི་ལམ་སྣ་དྲངས་ཤིང༌།  དག་ཞིང་གི་སྒོ་འཕར་ཕྱེས་ཡོད།            རླུང་དང་ཁ་བའི་ཁྲོད་ན། ངུ་འབོད་དང་འཁུན་སྒྲའི་བར་ན།          ཁྱོད་ཀྱི་མཛུབ་རྩེ་ནས་བཞུར་བའི་དམར་ལམ་ལམ་གྱི་ཟུངས་ཁྲག་དེ།          སྒྲུབ་སྦྱོང་ཁྲི་ཕྲག་གི་ཕན་ཡོན་ལས་རིང་དུ་བརྒལ་ཡོད།          མར་མེ་གྲངས་མེད་ཀྱི་རིན་དོད་ལས་བླ་ན་འཕགས་ཡོད།            ས་ཆེན་གྱི་གཡོ་འཁྱོམ་ཁྲོད་ན་བྲེལ་ཚུབ་ཀྱིས་སྐྱོད་པའི་གཟན་ཤམ་དམར་པོ་ཡ།          དུས་དེར། ངས་དངོས་གནས།  སྙིང་དང་རུས་པའི་གཏིང་རུམ་ནས།          སངས་རྒྱས་ཀྱི་འོད་ཟེར། ཁྱོད་ལས་གཟུགས་ཅན་དུ་མཐོང་ཡོད་ལ།          བྱང་སེམས་ཀྱི་དུང་སྐད། ཁྱོད་ལས་ཇི་བཞིན་དུ་ཐོས་ཡོད།          སྙིང་རྗེ་ཡི་རང་གཟུགས། ཁྱོད་ལས་མངོན་སུམ་དུ་རེག་ཡོད།            ཐུགས་རྗེ་ཆེ། ས་ཆེན་གྱི་གཡོ་འཁྱོམ་ཁྲོད་སྐྱོད་པའི་གཟན་ཤམ་དམར་པོ།                                                          ཐོལ་བྱུང་གི་སྙན་ངག་བཞི་གཅིག་བཞི།            དུས་འདིར།  ང་རླུང་འཕྲིན་གྱི་ཐད་གཏོང་ཁང་དུ་ཡོད།          ས་ཡོམ་ཡུལ་དངོས་ཀྱི་སྙིང་དུ་གཟན་པའི་འཕྲིན་པ་ཡོད་ཚད།          ངས་མགྲིན་པ་བརྣངས་བཞིན།  མིག་ཆུ་བསྲན་ནས།          དུས་ངེས་མེད་དུ།  སྟོང་བའི་དབྱིངས་ནས་ཁྱོད་ཚོར་སྒྲོག་གིན་ཡོད།            དུས་འདིར།  འུ་ཅག་ཚང་མའི་གློ་སྙིང་མཆིན་གསུམ་རྨང་ནས་བསྲེགས་སོང་ཨང་།            སྐབས་འདིར།  ངས་མིག་ཟུང་གྲངས་མེད་ཀྱི་ཐབས་ཟད་མཐོང་ཡོང་ལ།          རྣམ་ཤེས་ཁྲི་སྟོང་།  ཕྱི་མིག་ལྷང་ངེར་རྒྱང་དུ་བཞུད་པ་ཚོར་བྱུང་།          ངའི་ཤ་དང་རུས་པ་མཐུན་ཞིང་།  ཁྲག་དང་རྐང་མར་གཅིག་པའི་ཕུ་ནུ་མིང་སྲིང་ཡ།          ང་ལ་ཤི་སོས་འཇིགས་སྐྱོབ་ཀྱི་སྒྱུ་འཕྲུལ་སྟོབས་པོ་ཞིག་མངའ་ན་ཅིས་མ་ཆོག་ཨང་།  
1

རྩོམ་གསར།
བོད་མི་ཞིག་གི་དྲང་གཏམ།
[2010-9-5]
ང་ཡིས་གྲོགས་པོ་ཁྱེད་ལ་འདི་སྐད་གླེང་།
[2010-9-5]
མི་བུ་ཞིག་གི་ལོ་རྒྱུས།
[2010-9-5]
རྡོ་འབུམ་དྲ་བའི་དཔེ་འཕྲིན། ཨ་མདོའི་གོམས་སྲོལ་ཉུང་བསྡུས། ཚེ་བརྟན་རྒྱལ་གྱི་བརྩམས་ཆོས།
[2010-9-4]
སྙན་ངག་གི་མཐར་ཐུག་སངས་རྒྱས་རེད།
[2010-9-4]
མཚོ་ཁུགས་གྲོང་ཁྱེར་ནས་མཐོང་བའི་བོད་ཀྱི་སྐུ་པར་ཞིག
[2010-9-4]
ལབ་རྒན་ལེའུ་བདུན་མ།
[2010-9-4]
དྲ་འབུ་ཡ་རབས་དག་གིས་འདི་ལྟར་གསུང་གི་འདུག
[2010-9-4]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2403]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2170]
<<རྟུལ་ཕོད>>ཆ་ཚང་།
[1468]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1402]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1327]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1251]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1234]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1227]
友情链接: 青海汽车网