ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> སེང་རྡོར་བྲིས་རྩོམ།

བདག་དང་ལྷ་སྲིན་སྡེ་བརྒྱད།

སེང་རྡོར།

 

_____ཁོ་བོ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི<<རང་མོས་གླེང་སྟེགས>>སུ་འཆད་ཁྲིད་ལ་བོས་སྐབས། ཕ་ཡུལ་གྱི་ལྐོག་ཞུ་པ་ཞིག་གིས་གེགས་རྐྱེན་བཟོས་ཚུལ་ལས་འཕྲོས་པ།


འུ་ཚོས་ཅིས་ཀྱང་ནུབ་བྱང་ཚང་ཞེས་པ་ཤེས་དགོས་དོན་ནི་ས་དེ་ན་དོར་ཞི་རུ་འབོད་པའི་དཔའ་རིས་པ་ཆོས་དགའ་ཞིག་ཡོད་པས་རེད་ལ།ང་ཚོས་ངེས་པར་དུ་ནུབ་བྱང་ཚང་ཞེས་པ་གླེང་དགོས་དོན་ཡང་གནས་དེ་ན་བདུད་ལྷ་རྒྱལ་དུ་སྐད་པའི་རེབ་གོང་བ་རྩོམ་དགའ་ཞིག་ཡོད་པས་ཀྱང་རེད་བཞག དེ་ལས་ཀྱང་ནུབ་བྱང་ཚང་ཞེས་པ་འུ་བུ་ཅག་གིས་དུས་བཅད་ཀྱི་ཟས་བཞིན་དུ་བལྡད་དགོས་དོན་གཞན་ཞིག་བདོག་པ་ནི།ཉེ་བའི་སྐབས་ཚོད་ཅིག་ལ་བོད་མི་གཡམ་འདྲོགས་པ་རྣམས་ཀྱིས་ལྷ་སྲིན་སྡེ་བརྒྱད་དུ་བསྒྲུབས་ཚར་བའི་གསར་བུ་སྣང་མཐོ་མ་སྐོར་ཞིག་ཡུལ་དེ་རུ་གློག་དམར་འཁྱུག་སེ་དང་སྐན་སྒྲ་ཐག་སེ་ཡོད་པས་ལོས་ཡིན་ནམ།གསར་བུ་དེ་དག་གིས་ནི་བདུད་རྒྱང་འཕེན་པ་ལ་དཀར་འདོན་བྱས་པའི་བསྒྲགས་ཡིག་སྤེལ་མྱོང་ཞིང་ལྷ་སྤྱན་རས་གཟིགས་ལ་ཚ་འདྲི་བྱེད་པའི་སྦྱར་བྱང་ཡང་བྲིས་ཡོད་པ་རེད།གསར་བུ་དེ་དག་ལ་ནི་ཚད་མེད་པའི་ཁྲག་གི་ཡི་གེ་བྲི་བའི་སོར་རྩལ་མངའ་ལ་མཐའ་མེད་པའི་སོ་སྐྱེས་རང་དབང་བཤད་པའི་ལྕེ་ཤེད་ཀྱང་ལྡན་ནས་ཡོད་ཨང་།ལོ་ཚོད་ཉི་ཤུའི་གཡས་གཡོན་གྱི་ན་གཞོན་འདི་དག་གིས་ནི་ཤར་དུང་རི་ཞེས་པའི་མི་པགས་ཀྱི་གཡང་བཞི་གྲུ་བརྒྱད་མ་ཞིག་ཐད་ཐད་བརྒྱངས་ཡོད་ཅིང་།ན་གཞོན་གསར་བ་ཞེས་པའི་མི་རྐང་གི་འཕྲེད་གླིང་ཟུར་གསུམ་མ་ཞིག་ཙག་ཙག་ཀྱང་བོས་ནས་ཡོད་པ་རེད་དོ། །
འཇིགས་སུ་རུང་བའི་མིང་ཨ།ནུབ་བྱང་ཚང་གི་ལྷ་སྲིན་སྡེ་བརྒྱད་ཡ།ཁོ་ཅག་ནི་རྭ་ཅོ་ཅན་སུ་དང་སུ་ཞིག་རེད་ཨང་།ཁོ་ཅག་ནི་མཇུག་མ་ཅན་གང་དང་གང་ཞིག་ཡིན་ཨང་།ནུབ་བྱང་ཚང་ལ་ཡོད་པའི་ཕོ་ཤར་ལོ་ལྟེ་ཐོགས་ཧྲིལ་བོ་ནི་ཨེ་རེད་དམ།ནུབ་བྱང་ཚང་ལ་ཡོད་པའི་སྨན་ཆུང་ལོ་ཅོ་ཐོགས་ཡོངས་རྫོགས་ནི་ཨེ་རེད་དམ།འཛིན་གྲྭ་ག་གེ་མོ་དང་ལོ་རིམ་ཆེ་གེ་མོའི་མི་བུ་ཁ་ཚང་ཡིན་སྲིད་རྒྱུ་ཨེ་རེད་དམ། དེ་འདྲ་ཁྱོན་ནས་རེད་མ་སོང་སྟེ།ནུབ་བྱང་ཚང་ཞེས་པའི་མཚན་མིང་ཆེན་ཆེན་པོའི་དེའི་རྒྱབ་ལོགས་ན་དོན་དམ་དུ་མི་བུ་ལྔ་དྲུག་ཅིག་གི་མཇིང་བ་ལས་གང་ཡང་ལྷག་མེད་པ་ཁྱོད་ཀྱིས་ཇི་ལྟར་ཤེས་སམ།གྲགས་ཚོད་ཀྱིས་མ་ཟིན་པའི་ནུབ་བྱང་ཚང་ཞེས་པ་དོན་དམ་དུ་ན་གཞོན་རེ་འགའ་ཞིག་གི་སྒལ་རུས་འབའ་ཞིག་གིས་བཏེགས་ཡོང་བའང་སུ་ཞིག་གིས་རྟོགས་ཐུབ་བམ།ན་གཞོན་འདི་དག་གིས་ནི་ལོ་ངོ་ཇི་འདྲ་མང་པོ་ཞིག་གི་ཡུན་ལ་བོད་ཁུལ་གྱི་དཔྱོད་ཤེས་པ་དང་བསམ་བློ་པ་དག་རེ་རེ་བཞིན་དུ་གདན་ཞུ་མཛད་དེ།སློབ་གླིང་གང་དེའི་རིག་གཞུང་འཆད་ཁྲིད་དང་ལྟ་ཚུལ་བགྲོ་གླེང་གི་མྱུག་སོན་ལྗང་ཐིང་ངེར་བཏང་པ་མ་བཤད་དང་། འགངས་དེ་ལས་བརྩམས་པའི་རིག་པ་དང་རིག་པ་བརྡར་བའི་མཉམ་འུར།བསམ་བློ་དང་བསམ་བློ་གཤིབ་པའི་མཛེས་པ།རྒྱུ་མཚན་དང་རྒྱུ་མཚན་གཏུགས་པའི་ཁྱད་ཆོས་ཡོད་རྒུས་ནི་མ་ཡུམ་གངས་ལྗོངས་ཀྱི་ནམ་མཁའ་ཧྲིལ་བོའང་ཡངས་ཤིང་ཆེ་བར་བྱས་ནས་ཡོད་ཨང་། གཙང་ཞིང་དག་པར་བྱས་ནས་ཡོད་ཨང་། ཁོ་པ་ཚོ་མི་རེ་འགས་བླངས་པའི་གྲུབ་འབྲས་ཀྱིས་ནི་ནུབ་བྱང་ཚང་གི་ཀླད་ལ་གསེར་གྱི་གདུགས་བསྐོར་ཡོད་ཅིང་།ཁོ་པ་ཚོ་མི་རེ་འགས་བྲིས་པའི་བརྩམས་ཆོས་ཀྱིས་ནི་ནུབ་བྱང་ཚང་གི་ཕྲག་ལ་དངུལ་གྱི་ཐོབ་བཀལ་འདུག་པ་རེད་ཨང་།  ད་དུང་ཁོ་པ་ཚོ་མི་རེ་འགས་ཐེབས་པའི་ཤན་སྟོབས་ཀྱིས་ནི་ཞིབ་འཇུག་སློབ་མ་ལག་རྡུམ་དག་ཀྱང་ཐེ་བའི་ནུབ་ཞིང་ཚང་ཧྲིལ་བོ་ནི་སུ་ཀུན་གྱིས་དོ་སྣང་བྱེད་ས་རྐྱང་ཞིག་ཏུ་བཏང་བཞག་པ་མ་རེད་དམ།དེ་ལྟ་དེ་ལྟར།ནུབ་བྱང་ཚང་ཞེས་པ་ནི་བདུད་ལྷ་རྒྱལ་ལགས་དང་དཔའ་རྩེ་ལགས་ཀྱིས་གཙོས་པའི་ཤེས་ཡོན་ཅན་རེ་གཉིས་དང་།ཞོགས་ལྗང་ལགས་དང་ཐེའུ་རང་ལགས་ཀྱིས་གཙོས་པའི་སློབ་བུ་ལ་ཤོས་ཀྱི་ཞེ་སྤོབས་ཀྱི་སྒང་ནས་བོད་ཁམས་ཡོངས་སུ་ཁ་བ་ལྟར་བྱོ་བཞིན་པ་བདག་གིས་དངོས་སུ་རིག་སོང་། གྲོགས་པོ་རྣོ་སྦྲེང་དང་སྒྲེན་པོ་སོགས་ཀྱི་ཁ་ངོ་མ་བཟློགས་པར་ནུབ་བྱང་ཚང་དུ་ཐེངས་གཅིག་སོང་བ་འདིས་ནི།གནའ་དེང་གཉིས་ལ་ཁྱབ་པའི་གནས་ལུགས་འགོ་མཚུངས་མ་ཞིག་ལ་ཡང་བསྐྱར་གོ་བ་གསལ་ཞིག་ལོན་སོང་བ་སྟེ།དེ་ནི་ཁོ་པ་ཚོའི་གྲུ་ལོགས་ནའང་མེ་ལྕེ་ལགས་ཀྱི་སྐད་ལྟར་བཤད་ན་ལྐོག་ཞུ་པ་མང་པོ་ཁ་དར་ནས་འདུག་པ་ཉག་གཅིག་རེད་དོ། །ཉི་མ་དེའི་ཕྱི་དྲོར།གྲོགས་ཞོགས་ལྗང་སོགས་ཀྱིས་བདག་གིས་རང་མོས་གླེང་སྟེགས་སུ་འཆད་ཁྲིད་ཅིག་བྱ་རྒྱུ་ཡིན་པའི་བརྡ་སྦྱོར་བཀྲམ་པ་དང་སྦྲགས།ཚོགས་ར་དང་དུས་ཚོད་ལ་སོགས་གཏན་འཁེལ་ཁྲིགས་སེ་བྱེད་སྒང་དུ།གློ་བུར་ཏུ་ལྐོག་ཞུ་པ་ཞིག་གིས་ཁོ་ལ་ཁ་པར་བཏང་ཐོན་པ་རེད་ཅིང་། བྲེལ་སྣང་དང་བཅས་ཏེ་ན་རེ།འདི་གར་སེང་རྡོར་སླེབས་ཀྱི་འདུག་ཟེར་པ་ཨེ་བདེན་ནམ་ཞེས་ཝ་གཤེད་ཀྱི་རང་མཚང་ཞིག་དངོས་སུ་བསྟན་བཞག་པ་སྐད་དོ། །(ཝ་རྔ་ནི་དེའི་རྗེས་ཀྱི་ཆུ་ཚོད་གཉིས་ཡས་མས་སུ་བསྣར་བྱུང་བའོ། །)
ཉི་མ་དེའི་ཕྱི་དྲོར།བདག་རང་གྲོང་ཁྱེར་དུ་ཐོན་པ་དང་ལྷ་སྲིན་སྡེ་བརྒྱད་གྲས་ཀྱི་གཞི་བདག་གཏུམ་པོ་གཉིས་ཕྲན་པར་སྣེ་ལེན་བྱེད་དུ་མཐོ་སྒང་གི་ཙག་ལྡོམ་ཞིག་བཞིན་འཚུབ་ནས་ཐོན་སོང་ལ།ཁོ་པ་གཉིས་ཀྱི་བཅོས་མེད་གཡའ་དག་གི་བཟོ་ལྟ་དང་བབ་ཆགས་བརྟན་བརླིང་གི་རང་བཞིན་སོགས་མཇལ་བ་ན་བདག་གི་སྣང་ངོར་ཇི་འདྲའི་ལྷ་སྲིན་སྡེ་བརྒྱད་ཚེ་རིང་རྒྱུ་དག་དག་ཨང་སྙམ་དགོས་བྱུང་སོང་།ངེད་ཚོས་ལྷན་དུ་ཇ་ཚན་དཀར་གང་དུ་ལག་ཏུ་ལེན་བཞིན་པའི་སྐབས་དེར།ཏག་ཏག་ལྐོག་ཞུ་པ་དེས་ཀྱང་ལྐོག་ཞུའི་གོ་རིམ་ཡོངས་སུ་འགྲུབ་ཡོད་ཚོད་དེ།སྡེ་ཁག་གི་རྒྱ་མི་མགོ་ཁྲིད་ཅིག་གིས་ཞོགས་ལྗང་ལགས་ལ་ཁ་པར་བཏང་འོང་སྟེ། ད་ནི་འཆད་ཁྲིད་དེ་གཏན་ནས་སྤེལ་ཆོག་གི་མི་འདུག་ཅེས་ཐ་ཚིག་བསྒྲགས་སོང་བ་རེད། མཚམས་དེར་ཞོགས་ལྗང་ཡང་རླུང་ལངས་ཏེ་ཁོ་པར་ཐད་ཀར་ཁ་འཛིང་དྲག་པོ་བརྒྱབ་པ་དང་།དེས་ན།ཁྱོད་ཀྱིས་ཞོགས་པར་སྤེལ་ཆོག་ཚུལ་གྱི་འཁྲོལ་ཆ་གནང་ཡོད་པ་མ་རེད་དམ་ཞེས་གནས་ལུགས་གཟེར་བྲེང་བྲེང་ཞིག་བཤད་བཞག་པ་རེད།འོན་ཏང་།གནའ་ནས་ད་བར་དུ།ལྐོག་ཞུ་པའི་ལས་ཀ་འདིས་ནི་དམ་པའི་སྐྱེས་བུ་རྡོ་ལ་བརྡབས་ཅིང་བདེན་པའི་རྒྱལ་སྲིད་ས་ལ་བླུགས་འགྲོ་བ་ཞིག་ཡིན་ཚོད་འདུག་པས་ན།ངེད་ཅག་གི་དུས་ཚོད་གཉིས་རིང་གི་འཆད་ཁྲིད་ཙམ་བརླག་འགྲོ་བ་ནི་བཤད་མི་དགོས་པ་ཞིག་མིན་ནམ། དེ་ནས་གྲོགས་པོ་ཁོ་གཉིས་དྲང་ཤར་རེར་རྒྱ་མི་གཞུང་ཞབས་པ་དེའི་ལས་སྒྲུབ་ཁང་ལ་རྒྱུགས་ཕྱིན་པ་རེད་ལ།དེ་གར་ཡང་ཁོ་ཚོས་ཕར་གཤེ་ཚུར་གཤེ་ལན་མང་བྱས་ཤིང་དོན་དག་དང་དོན་དག་ཐོད་གཏུགས་བྱས་ནས་ཡོང་དུས་ན།ཨ་ཙི།ང་ཚོས་རྗེས་སུ་དཔགས་པའི་གནས་ལུགས་དེ་ཡོངས་སུ་ར་འཕྲོད་སོང་བ་མ་ཡིན་ནམ།ཏག་ཏག་ལྐོག་ཞུ་པ་དེ་དང་དེ་ལ་སོགས་པའི་གདོན་གཟུགས་རེ་གཉིས་ནག་ཡོར་ཡོར་གྱིས་ལྷང་ལ་བུད་བྱུང་བར་མ་ཟད།ལྐོག་ཞུ་པ་ཆུང་ཙུག་ཅིག་གི་གྲིབ་མ་ཙམ་བཞག་པ་ཡང་གྲོགས་པོས་རིམ་གསུམ་གྱང་གི་ཕར་རྒྱབ་ནས་ཟིན་བྱུང་བ་རེད་དོ། །
དེའི་མཚན་མོར།ནུབ་བྱང་ཚང་དུ་འབོད་པའི་མི་བུ་བརྒྱད་དགུ་བོ་སྟེ།བོད་མི་རྣམས་ཀྱི་སེམས་ཁོང་གི་ལྷ་སྲིན་སྡེ་བརྒྱད་ཅེས་པ་ཁ་ཚང་བོ་གྲོང་ཁྱེར་ལན་ཀྲུའི་ཇ་ཁང་དྲོན་པོ་ཞིག་ཏུ་སྤྲིན་ནག་ལོང་ལོང་དུ་གདན་འཛོམས་པར་གྱུར་སོང་ལ།ཁོ་པ་ཚོའི་ཐུགས་རེ་བཞིན་དུ།བདག་གིས་རང་མོས་གླེང་སྟེགས་སུ་འཆད་གྲབས་ཡོད་པའི<<རྟུལ་ཕོད་ལས་འཕྲོས་ཏེ་སྐྱེ་བོ་སྒེར་གྱི་སྐད་ཆའི་གཞི་སྒྲོམ་གླེང་བ>>ཞེས་པ་བསྡུས་ཙམ་བཤད་པ་ཡིན་ལ།མེ་ལྕེ་ལགས་ནས་རང་མོས་གླེང་སྟེགས་ལས་འཕྲོས་པའི་གཏམ་བཤད་སེམས་ཁ་དྲོ་བ་ཞིག་གློད་སོང་བ་དང་།གཞན་དག་གིས་ཀྱང་རེ་རེ་བཞིན་གླེང་མོལ་ཅི་འཕྲོས་འདི་འཕྲོས་སུ་བྱས་པ་ཡིན་ནོ། །བར་མཚམས་ཤིག་ཏུ་མེ་ལྕེ་ལགས་ཀྱིས་ཁོ་བོའི་རྩོམ་བྲིས་རྩོམ་ཁག་ལ་གདེང་འཇོག་ཅི་བས་ཆེ་བ་ཞིག་བྱས་བཞག་ནའང་།དེར་འདུས་ཀྱི་ལྷ་སྲིན་སྡེ་བརྒྱད་དག་གིས་ནི་བོད་ཡུལ་གྱི་ཉེ་བའི་སྲས་ཆེན་བརྒྱད་སོགས་བཞིན་དུ་མི་དགའ་བའི་འཁུ་འཕྲིག་དང་ཆོ་འཕྲུལ་གང་ཡང་བསྟན་མ་སོང་ལ།ངའི་ཕ་ཡུལ་གྱི་ལྐོག་ཞུ་པ་ལ་ལ་བཞིན་གླེང་ཕྱོགས་བཟོ་བ་དང་ཆག་སྒོ་སློང་བའི་བཟོ་ནི་དྲི་མ་ཙམ་ཡང་བརྩམས་མ་སོང་ཐལ། ཆ་འདི་ཙམ་ནས་བལྟས་ནའང་། ནུབ་བྱང་ཚང་དུ་འབོད་པའི་མི་བུ་འདིའི་ཚོའི་བྱང་ཚད་ལ་དངོས་གནས་ཡིད་སྨོན་འཆོར་དགོས་ས་ཡིན་པ་འདྲ་ཨང་། ལམ་སེང་ཁོ་བོས་དེར་འདུས་ཀྱི་མི་བུ་དག་གི་ངོ་གདོང་ལ་ཞིབ་ཏུ་ཅིག་བལྟས་པ་ན། རེད་བཞག  བྱ་བའི་དགོས་དབང་གིས་ཐག་རིང་དུ་ཕྱིན་ཡོད་པའི་མི་རེ་གཉིས་ཙམ་དང་། ལས་བྲེལ་ཆེ་ཐལ་བས་སླེབས་མ་ཐུབ་ཁ་ཁེར་ཞིག་མ་གཏོགས།ནུབ་བྱང་ཚང་ཞེས་པ་ཡོངས་རྫོགས་པོ་གནས་དེར་གདན་འཛོམས་ནས་ཡོད་པ་ཁོ་ཐག་རེད་འདུག་གོ ཡང་མེ་ལྕེ་ལགས་ཀྱིས་ཁོ་བོའི་འཆད་ཁྲིད་དེ་རང་ཅིས་ཀྱང་ལེགས་འགྲུབ་འབྱུང་དགོས་ཚུལ་གྱི་སེམས་གཏམ་རྗེན་པོ་ཐལ་བྱུང་བར་མ་ཟད།ནུབ་བྱང་སློབ་གྲྭའི་ཡན་ལག་སྟེ་གེ་སར་གླིང་དུ་བཤད་ན་ཅི་དྲག་ཅེས་གྲོས་བསྡུར་དང་ཐབས་ཤེས་ཀྱང་བཏོན་བྱུང་བ་རེད།ཡིན་ནའང་། འདུ་ཤེས་གློད་གྲོལ་གྱི་ཆ་ཞིག་དང་། ལྟ་བ་དཀྱེལ་ཡངས་ཀྱི་ཆ་ཞིག་དང་། རིག་པ་ཁེར་ཚུགས་ཀྱི་ཆ་ཞིག་ནས་གཞལ་བ་ཡིན་ཚེ།ནུབ་བྱང་ཚང་དུ་འབོད་པའི་མི་བུ་ཁོ་ཅག་དེ་གར་དངོས་སུ་མཉམ་འཛོམས་བྱུང་ཚར་བས་ན།ཁོ་བོར་མཚོན་ན་འཆད་ཁྲིད་བྱས་ཤིང་བགྲོ་གླེང་བརྒྱབ་ཅིང་གླེང་སྟེགས་འཚོགས་སོང་བའི་ཚིམ་པ་ཞིག་སེམས་ཀྱི་གཏིང་ཞབས་ནས་ཐོན་བཞག་པ་རེད། དེ་ལྟར་ང་ཚོས་ཉིན་ཞག་ལྔ་ཙམ་ལ་ཁ་བརྡ་གློད་པའི་གོ་རིམ་ཁྲོད་དུ་ལྐོག་ཞུ་པ་དེ་དང་དེས་མཚོན་པའི་རིག་གནས་པའི་སྡེའི་གཅུས་གཟུགས་ཀྱི་སྨྱོ་འབོག་དང་། ནུབ་བྱང་ཚང་གི་རང་མོས་གླེང་སྟེགས་ཀྱིས་མཚོན་པའི་སྨྲ་བརྗོད་རང་དབང་གི་བརྡབ་གསིག་དང་།ང་ཅག་མི་སྒེར་ལ་གཟས་པའི་སྤྱི་ཚོགས་ཀྱི་གནོན་ཤུགས་སོགས་ལ་ཟུར་ངོས་གསུམ་ཞིག་དབྱེས་བཞག་པ་སྟེ།སྔ་མ་གཉིས་ནི་ཆེས་བཟོད་དུ་མི་བཏུབ་ཅིང་བསྐྱུར་དུ་མི་ནུས་པའི་སྣང་ཚུལ་མི་ལེགས་པ་གཉིས་ཤིག་ཡིན་པས་ང་ཚོས་མི་མཐུད་དུ་དགག་སྒྲུབ་དང་སུན་འབྱིན་ཀྱུ་རུ་ལུགས་སུ་བྱེད་དགོས་ཡོད་ལ། ཕྱི་མ་ཁོ་བོའི་ངོས་ཐད་ནས་བཤད་ན་ནི། དོན་འདི་ནི་ཧ་ཅང་ལེགས་པའི་ཡང་ལེགས་ཤིག་ལ་བརྩི་དགོས་ཚོད་དེ། རྒྱུ་མཚན་ནི། གྲོགས་ཞོགས་ལྗང་གིས་བཤད་པ་བཞིན་ཏེ།དཀྱེལ་ཡོད་སྐད་དང་གཏིང་ཡངས་སྐད་ཀྱི་ནུབ་བྱང་ཚང་དུ་ཡང་སེང་རྡོར་ཤོངས་ཀྱིན་མེད་ཚེ་དེའི་གྲགས་བརྗིད་ཀྱང་ཞོར་དུ་ཤེས་འོང་བ་ཞིག་ཅི་ལ་མིན་འགྲོའམ།མ་གཞི་སུ་ཞིག་གིས་ཅི་ཞིག་འགོག་དགོས་ཀྱིན་ཡོད་ཚེ་འགོག་མཁན་དེ་རང་སྐྲག་གིན་ཡོད་པ་གསལ་བོ་ཡིན་ཅིང་།དཔེར་ན།མི་རྣམས་མེ་ལ་སྐྲག་ནས་བཅད་རྒྱག་པ་དང་ཆུ་ལ་སྐྲག་ནས་རགས་བརྩིགས་པ་ལྟ་བུའོ། །ད་དུང་དཔེ་གཞན་ཞིག་གིས་བརྗོད་ན།ན་ནིང་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ག་གེ་མོར་ཨོང་སྟེགས་གཅིག་སྟོང་བར་བཞག་དགོས་དོན་ཡང་སྐྲག་གིན་ཡོད་པས་རེད་ལ།ད་ལོ་ལྐོག་ཞུ་པ་ཞིག་གིས་སེང་རྡོར་ལ་ནུབ་བྱང་ཚང་དུ་གདོང་གཏོད་མ་ཕོད་པའང་སྐྲག་གིན་ཡོད་པས་རེད་ཨང་།མཇུག་མཐར།ཁོ་བོ་རང་གི་ཟོས་འཕྲོ་དང་འཐུང་ལྷག་གིས་སྨིན་པའི་ལྐོག་ཞུ་པ་དེ་ལ་སྙན་གསན་ཞིག་ཚ་བོ་ཞིག་གཏོང་རྒྱུ་ཡོད་པ་ནི།ཁྱོད་ཀྱིས་ཉེ་ལམ་ཡང་ཚོགས་འདུ་ཐབས་ཆག་ཅིག་བསྡུ་གྲབས་ཡོད་པ་ཁོ་བོས་ཧ་གོ་བ་སྟེ།དེ་ནི་མཐའ་གཅིག་ཏུ་བདག་ལ་གླེང་ཕྱོགས་བཟོ་བའི་ཇུས་ངན་ཞིག་རེད་ཅེས་གཞན་གྱིས་ང་ལ་བཤད་བཞག་ཐལ།མཐར་གཏུགས་ན་ཚོགས་འདུ་དེར་ཁོ་བོ་མི་འབོད་དོན་ཡང་།ང་ཡོད་ས་ནས་ཁྱོད་ཀྱིས་ངག་མི་འཁྲོལ་པས་ཡིན་ལ།ང་མཐོང་ས་ནས་ཁྱོད་ཀྱིས་མགོ་མི་ཐེག་པས་ཀྱང་ཡིན་ནོ། །དེ་མ་གཏོགས།སྐད་ཆ་ཅི་ཞིག་ལབ་རྒྱུ་ཡོད་ཚེ་ཁོ་བོ་དང་དངོས་སུ་གདོང་གཏད་ནས་ཚིག་ངོ་ཐོག་བཞག་པས་འགྲིག་པ་ལས།མི་གཞན་གྱི་ཤེས་རབ་ཀྱི་ཟིལ་ཤུགས་དང་མཉམ་འུར་གྱི་སྒྲ་ཆེན་སོགས་ལ་ཕྲག་པ་དོག་སྟེ།མིང་སྟོང་ཕུང་གསུམ་པ་ཞིག་ལ་ཁ་གཡར་ཁུལ་གྱིས་ལྐོག་ཞུའི་ཚོགས་འདུ་ཞིག་བསྒྲུབ་པས་གང་ཡང་མི་ལོ་ལ། མིག་ལྡན་དག་གི་སྣང་ངོར་ལ་ནི།ཁྱོད་རང་གིས་རང་ཉིད་ནུས་མེད་ཡིན་པའི་རྒྱུ་མཚན་མང་པོ་ཁྲོམ་བསྒྲགས་བྱས་པ་ཙམ་དུ་ཟད་དོ། །

 

                                                      2009.12.7

 


ཁ་བྱང་གི་མཆན། བོད་མི་འཕྱ་དམོད་ལ་དགྱེས་མཁན་དག་གིས་ཐེའུ་རང་དང་གདོན་སོགས་ཀྱི་མིང་ལ་གཞིགས་ཏེ་ནུབ་བྱང་ཚང་གི་ལྷ་སྲིན་སྡེ་བརྒྱད་ཅེས་ཟེར་བཞིན་གདའོ། །

 

རྩོམ་ཡིག་འདི་ནི་དཔེ་དེབ་གཞན་དུ་བྱིན་ཚར་བས་སུ་ཡིས་ཀྱང་བརྒྱུད་འགོད་བྱས་མི་ཆོག་པ་ཤེས་པར་བྱའོ། །

 

ཡོང་ཁུངས།[ངེད་དྲ་བ།]     [2010-1-17] ཀློག་གྲངས།[537] འབྲུ་ཚད། [ཆེ།] [འབྲིང་།] [ཆུང་།]
རྩོམ་གོང་མ།ཁྱོད་ཚོས་གྲངས་ཀ་རྩིས་དང་། ཁོ་བོས་བྱ་དགའ་སྟེར་ཆོག
རྩོམ་ཞོལ་མ།མཐེབ་ཐུག་དཀར་ཡོལ་གང་གིས་མི་གཞི་བརླགས་སོང་བའི་ཁོ་བོ།
དཔྱད་བརྗོད།


དཔྱད་བརྗོད་སྤེལ་བ།
རྩོམ་གསར།
བླ་མ་དག་མ་ཡིན་ན་ལ་རྒྱ་མེད།
[2010-9-8]
པེ་ཅིན་ནས་ལྷ་ས་དྲན་ཚུལ།
[2010-9-8]
དེ་རིང་ང་འབའ་ཐང་དུ་ཐོན་ཡོད།
[2010-9-8]
དགེ་ཆོས་ཀྱིས་འཁོར་བ་གླེང་བ། ཁག་དང་པོ།
[2010-9-8]
ཇོ་མོ་ཚོ། ཞབས་བྲོ་འཁྲབ་རོགས།
[2010-9-8]
ཁ་ཕོ་ཙམ་གྱིས་དུས་འདའ་མཁན།
[2010-9-8]
ལྷད་མེད་གྲོགས་ཀྱི་བརྩེ་བ་ཡིད་དུ་འོང་།
[2010-9-8]
འབུལ་ལོ་བརྒལ་བརྟག་སྨྲ་བའི་སྡེ་རྣམས་ལ།
[2010-9-7]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2419]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2182]
<<རྟུལ་ཕོད>>ཆ་ཚང་།
[1476]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1434]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1345]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1265]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1252]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1247]
友情链接: 青海汽车网