ཕབ་ལེན་སྣ་ཚོགས།
ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།
༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་།
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
དོན་དམ་གྱི་འོད་སྣང་ལ་མུན་ནག་གི་དུས་སྐབས་ཡེ་ནས་མེད་པ་མ་ཡིན་ཏེ། དུས་གཏན་ཏུ་མུན་ནག་གིས་ཁྱོན་ནས་བསྣུབས་མི་སྲིད་པའོ། །དོན་དམ་གྱི་དཔའ་བོ་ལ་ཐ་ཤལ་གྱི་བསམ་སྤྱོད་ཡེ་ནས་མེད་པ་མ་ཡིན་ཏེ། དུས་གཏན་ཏུ་ཐ་ཤལ་གྱི་བསམ་སྤྱོད་ཀྱི་དབང་དུ་མི་འགྲོ་བའོ། །
____(ཧྥ་རན་སི) ལུའོ་མན.ལུའོ་ལན།
ནུབ་བྱང་མི་རིགས་སློབ་གྲྭ་ན་ཡོད་པའི། ཕ་ཡུལ་གྱི་གསར་བུ་ཞིག་ལ་ཕྲན་གྱིས་ཟླ་བ་འགར་མཐེབ་ཐུག་ཞག་ཁུ་ཅན་བླུད་རྒྱུ་བརྗེད་པས་ཁྱོན་ནས་མ་འགྲིག་སོང་སྟེ།ཁོང་གིས་ཏག་ཏག་བར་སྐབས་འདིར་གཏད་དེ་ཁོ་བོར་ལེ་འཁང་དང་བཅས་མི་གཞི་དང་མི་གཤིས་ཀྱི་ངོས་ཐད་ནས་དོགས་སློང་རྣོན་པོ་བྱེད་ཀྱིན་པ་སྐད་དོ། །དོན་དག་ནི་མི་ལོ་བཅུ་ཕྲག་ཡར་སྔོན་གྱི་གནའ་ཤིའི་ཐོད་སྐམ་རྙིང་བ་ཞིག་ཡིན་ཟེར་ཏེ། ཉིད་ཀྱིས་ལོ་ཟླ་འདི་འདྲ་མང་པོ་ཞིག་གི་ཡུན་ལ་བདག་གི་གམ་ནས་ཤ་རྩིབ་ཚོན་པོ་དང་འོ་སྤྲི་མངར་མོ་བཞེས་དུས་ནི་དོན་དག་དེ་རང་ཡེ་ནས་བརྗེད་སོང་བ་ཡིན་ལས་ཆེ་ལ།མཐའ་ན་ལོ་ངོ་གཅིག་ཙམ་གྱི་སྔོན་ལ་མཆོག་གིས་ཕྲན་གྱི་རྩོམ་ཧྲུལ<<ཤོབ་ཕུང་བརྒྱད་ཁྲི་བཞི་སྟོང>>སོགས་ལ་མཇུག་སྒྲོ་ནར་མོ་སྤྲད་དེ་བོད་སྐད་ཡིག་ཟིན་བྲིས་སོགས་སུ་གནམ་ལ་འཇོག་སྐབས་ཀྱང་གནད་འགག་དེ་ག་རྩ་བ་ནས་ཡིད་དུ་མ་དྲན་ཚོད་རེད།འོན་ཀྱང་། ཤག་ཤག་གུས་པོ་ཁྱིམ་ཚང་གི་གཏིང་དུ་ལྷུང་ཞིང་འཁོར་བ་ཡི་སྤར་དུ་ཚུད་པའི་དེ་རིང་ནི།<<ང་དང་མ་བླ་རྫུན་ཡིན་དུས>>བཞིན་དུ་ཉིད་ལ་དུས་ལྟར་དུ་ནོར་ལུག་གི་ནང་ཁྲོལ་དང་མངར་སིལ་གྱི་སྐོམ་ཆུ་སོགས་བལྡུད་རྒྱུ་མེད་དྲགས་པས་ལོས་ཡིན་ཏེ།མཆོག་གི་ཐུགས་རྒྱུད་ལ་གློ་བུར་དུ་དཔྱོད་ཤེས་ཀྱི་མེ་སྟག་འཚུབ་ཅིང་རྒྱུ་འབྲས་ཀྱི་སྐྱ་མདའ་གསལ་བྱུང་བ་ནི་བག་ཙམ་མཚར་བོ་འདུག་ལ།སྐད་ཅིག་ཉིད་ལ་གླིང་གེ་སར་རྒྱལ་པོ་མུན་ཆུ་ལས་ཐར་བ་ཇི་བཞིན། རྨ་ཡུལ་སྟག་ཐང་ཕྲ་མོ་ནས་བཟུང་སྟེ་ཨ་མ་འགག་བཟའི་སྐྲ་ལོ་ཡི་དབར་དུ་དང་། ཨ་རོགས་སེང་ལྕམ་འབྲུག་མོ་ནས་བཟུང་སྟེ་འདོ་བ་རྐྱང་རྒོད་ཕེར་བོ་ཡི་དབར་སོགས་སུ་ཅི་ཡང་ཐོགས་རྡུགས་མེད་པར་མཁྱེན་བྱུང་བ་ནི་དེ་ལས་ཀྱང་ཤིན་ཏུ་མཚར་བོ་འདུག་ཨང་།ཟླ་བ་འགའི་ཡར་སྔོན་འདིར་མཆོག་ཉིད་འབྲོག་པ་ཚོའི་སྐད་ལྟར་བཤད་ན་གཤེད་ཀྱིས་བཟུང་བའམ་བདུད་ཀྱིས་བརླམས་པ་ཇི་བཞིན་དུ།ལག་གཡས་པའི་ནང་ལ་མི་གཞི་ཞེས་པའི་ཐོ་རྒན་ཞིག་བཟུང་ཞིང་ལག་གཡོན་པའི་ནང་ལ་མི་གཤིས་ཞེས་པའི་གྲི་རིང་ཞིག་བསྣམས་ཏེ།ཨ་ལགས་ཚོ་དང་དཔུང་པ་བསྡོངས་ཏེ་ཕ་ཡུལ་གྱི་མང་ཚོགས་རྣམས་ལ་གནའ་ཤི་ད་དྲན་བྱེད་དགོས་པའི་འབོད་སྐུལ་དྲག་པོ་གནང་གི་ཡོད་ཚོད་ལ། དྲ་ཐོག་དང་ཁེའུ་ཚོགས་བཅས་སུ་མི་ངོ་ཟིན་ཟིན་དང་མི་སྐད་གོ་གོ་ཚང་མར་སེང་རྡོར་ལ་གནའ་གནའ་ཞིག་ལ་གནད་དོན་གཅིག་ཡོད་པ་རེད་ཅེས་ཁ་ལྕེ་སྐམ་རག་དབར་དུ་དང་དང་ག་ཚ་རག་དབར་དུ་བརྗོད་གྱིན་ཡོད་པ་ནི། གང་ལྟར་དཔྱད་ནའང་ཨ་མཚར་མཚར་དགུའི་བཅུ་གཉིས་པར་མ་བཞག་ཐུ་མེད་དུ་སོང་འདུག་པས། མཐེབ་ཐུག་དཀར་ཡོལ་གང་གིས་མི་གཞི་བརླགས་སོང་བའི་བདག་གིས་ཉིད་ལ་གོ་ཐོབ་འདིའི་ཐད་ནས་བཀྲ་ཤིས་བདེ་ལགས་ཞུ་བཞིན་ཡོད་དོ། །
སྨྲས་པ། སོ་སོའི་ཆུང་མའི་ཐུ་སྣེ་བསྒུལ་མཁན་སོལ་བ་ནག་པོ་ནག་རྐྱང་ཡིན། །སོ་སོའི་དགའ་མའི་དོར་ཆབ་བཀྲོལ་མཁན་ཝ་འདྲེ་གདུག་པ་གདུག་རྐྱང་ཡིན། །རང་གི་ངོ་ལ་སྤོ་མཁན་ཚང་མར་མི་གཞི་མེད་ཅེས་འཕྱ་བ་ཡི། །ཡུལ་གྱི་ལོ་གཞོན་མགོ་བདེ་ཁྱོད་ཚོས་འཆི་རུ་མི་འཇུག་ཁོ་ཐག་རེད། །དུས་བཅད་བཞིན་དུ་ལྟོགས་ཟས་བླུད་ན་མི་གཤིས་བཀན་པའི་ཆ་འཇོག་བྱེད། །ཤ་དང་ཚོད་མའི་རྫོང་བ་མེད་ན་མི་གཞི་ཤོར་བའི་སྡོམ་ཚིག་འགོད། །རང་གི་གྲིབ་མ་འཁོར་དང་བཅས་པར་མཇིང་བ་སྦོམ་ཞེས་སྤུར་བ་ཡི། །ཡུལ་གྱི་ལོ་གཞོན་མགོ་བདེ་ཁྱོད་ཚོས་འཆི་རུ་མི་འཇུག་ཁོ་ཐག་རེད། །བློ་གྲོས་ཚང་གིས་གཏོང་མི་བྲ་བར་སེར་སྣ་ཆེ་ཞེས་བརྙས་པར་བྱེད། །དགེ་ལེགས་རང་གིས་བཀོལ་དུ་ཕངས་པར་གྲོན་ཆུང་ཡིན་ཞེས་འུར་བར་དགའ། །བརྡ་ཡི་སྙན་ཆ་བརྗེས་པ་ཙམ་གྱིས་ལེགས་དང་ཉེས་སུ་སྨྲ་བ་ཡི། །ཡུལ་གྱི་ལོ་གཞོན་མགོ་བདེ་ཁྱོད་ཚོས་འཆི་རུ་མི་འཇུག་ཁོ་ཐག་རེད། །ཅལ་གྱིས་བྲོས་པའི་རི་བོང་འདི་དག་ཞེན་པ་ཁྲེལ་བའི་གཞི་རྩ་ཡིན། །ཅལ་གྱིས་ཞེད་པའི་ཝ་མོ་འདི་དག་སྣང་བ་ཁྲོ་བའི་མདོ་དོན་ཡིན། །ཅལ་སྒྲ་ཙམ་གྱིས་སྐྱེ་བོ་གཞན་ལ་མི་གཞིའི་ཞྭ་ཆེན་གཡོགས་པ་ཡི། །ཡུལ་གྱི་ལོ་གཞོན་མགོ་བདེ་ཁྱོད་ཚོས་འཆི་རུ་མི་འཇུག་ཁོ་ཐག་རེད། །ཆོས་གོས་གྱོན་པའི་སྤྱང་ཀི་རེད་ཅེས་མི་གཤིས་ཁྱད་གསོད་བྱེད་ཚུལ་ལ། །སྒོར་རྫུན་བཟོ་བའི་ཡ་བོ་རེད་ཅེས་མི་གཞི་རྡོག་བརྫིས་གཏོང་ཚུལ་ལ། །ཡུལ་གྱི་ལོ་གཞོན་མགོ་བདེ་འདི་ཚོས་ལད་སྤྱོང་བྱས་པ་ཨེ་མི་དམན། །ད་ནི་ལྕེ་ཆུང་འགུལ་ཤེས་ཙམ་གྱིས་མི་གཞིའི་ཨོང་དོ་དབྱུགས་རྐྱང་བྱེད། །འོན་ཀྱང་སོ་སྐྱེས་གཤིས་ཀ་ཞེས་པ་ཁ་ལ་ལེན་སྟངས་བདེ་ནའང་། །དེ་ཡིས་ཅི་སྟོན་གང་མཚོན་སོགས་ནི་ནུབ་ལུགས་བརྒྱ་དང་ཤར་ལུགས་སྟོང་། །ཁྱོད་ཚོས་འདོད་འདོད་མོས་མོས་ལྟར་དུ་ཁ་སྣ་གཉིས་སུ་སྦྱོར་བ་འདིར། །ཚད་ལྡན་གཞུང་གིས་འགྲེལ་ཚོད་མེད་ལ་ཐོས་པ་ཅན་དག་གད་མོ་དགོད། །བག་ཆགས་ངོས་ཀྱི་མི་གཞི་ཞེས་པ་བརྡ་ཡིས་མཚོན་དང་མ་མཚོན་ཙམ། །འདུ་ཤེས་གཏིང་གི་མི་གཤིས་ཞེས་པ་དཔེ་ཡིས་སྟོན་དང་མི་སྟོན་ཙམ། །ཟབ་ལ་ཕྲ་བའི་བརྡ་ཆད་འདི་དག་མཁས་པས་ཀྱང་ནི་འགྲེལ་དཀའ་ན། །ཕྱོགས་ཀྱི་ལོ་གཞོན་མགོ་བདེ་ཁྱོད་ཚོས་འཆུམས་པ་ལྟ་ཞོག་གོ་བ་མེད། །དགའ་སྡུག་གཉིས་ཀས་དེད་དེ་འགྲོ་བ་མི་གཞི་ཡིན་ཞེས་ཟེར་སྲོལ་ཡོད། །བདེ་སྡུག་གཉིས་ཀས་འཚོ་སྟེ་འོང་བ་མི་གཤིས་ཡིན་ཞེས་འགྲེལ་སྲོལ་ཡོད། །ཐོབ་ཤོར་གཉིས་ཀས་སྦྲེལ་ཏེ་བཞུད་པའང་མི་ཡི་གཤིས་དང་གཞི་རྩ་སྟེ། །འདི་ནས་བལྟས་ན་ཁྱོད་ཚོས་བཤད་པའི་རྨི་གཏམ་དེ་དག་གང་ལ་འཇོག །དགག་སྒྲུབ་གཉིས་ཀྱི་སེམས་བྱུང་ཡོད་པ་འགྲོ་བ་མི་ལ་སྤྱི་མཐུན་ཡིན། །དགྲ་གཉེན་གཉིས་ཀྱི་རིས་ཁྱད་ལྡན་པ་སྲོག་ལྡན་ཕལ་ལ་ལྷན་སྐྱེས་ཡིན། །དྲང་ལྡོག་གཉིས་ཀའི་ས་མཚམས་འབྱེད་ལ་དུས་ཀྱི་ར་སྤྲོད་དགོས་པས་ན། །ཁྱོད་ཚོས་ལབ་པའི་ཡ་ལ་སཱོ་དེས་གོ་ཞིག་ཆོད་ཀྱིན་ཨེ་ཡོད་དམ། །ཕ་དང་མ་ལ་བཀུར་བསྟི་ཡོད་པ་བོད་ཕྲུག་རང་གི་རྩ་དོན་ཡིན། །ཆེ་དང་གཉན་ལ་ངོ་དགའ་མེད་པ་འཁྱམས་པོ་བདག་གི་རང་བཞིན་ཡིན། །གཤེ་བར་གཤེ་ལན་དུས་སུ་སྤྲོད་པ་ཨ་ཕོ་རང་གི་འཐད་ཕྱོགས་ཏེ། །དེས་ན་ཁྱོད་ཚོའི་ཐོ་ཆུང་དེ་ཡིས་ཁོ་བོའི་སྟེང་གི་ཅི་ཞིག་གཅོག །སྐྱེ་བོ་རེ་ལ་མི་ཁ་རེ་སྟེ་དེ་ཉིད་མེད་ན་ཁྱི་རོ་རེད། །སྐྱོན་ཟད་ལྷ་བུ་སྲིད་ན་མེད་པ་འབྱུང་བ་གཤིས་ཀྱི་ཆོས་ཉིད་གཅིག །གནའ་ཤིའི་ཐོད་སྐམ་ཅི་ཙམ་མང་ཡང་དུར་ཁྲོད་བདག་ལ་མི་སྐྱོན་ཏེ། །འདྲ་བོ་འདྲ་བོ་བསྡུར་ཏེ་སོང་ན་གེ་སར་ལས་ནི་ཀླུ་བཙན་བརྗིད། །ཨ་མ་ལགས་ཀྱིས་མི་གཞི་མེད་ཅེས་སྤྲོད་ཚིག་དུམ་གཅིག་མ་གསུང་གདའ། །ཆུང་མ་ཉིད་ཀྱིས་མི་གཤིས་མེད་ཅེས་ཁྲེལ་གཏམ་ལན་གཅིག་མ་བརྗོད་བྱུང་། །གོ་ཁའི་ནང་དུ་དགོད་སྒྲ་ཡོད་ལ་མལ་སའི་ནང་དུ་སྙིང་གཏམ་ཡོད། །འདི་ནི་ཁོ་བོས་མི་གཞིའི་ཕྱོགས་ནས་ཤུགས་རིང་མི་ལེན་རྒྱུ་མཚན་ཡིན། །རང་གི་ཚོད་ཀྱིས་མི་རིགས་འདི་ལ་དྲང་གཏམ་འབའ་ཞིག་བརྗོད་ཀྱིན་ཡོད། །རང་གི་ཚོད་ཀྱིས་ཀློག་མཁན་དག་ལ་གནས་ལུགས་རྐྱང་ཞིག་ལབ་ཀྱིན་ཡོད། །བོད་དང་བོད་ཀྱི་མི་རབས་འདི་ལ་ཁོ་བོ་བག་ཙམ་དག་པ་སྟེ། ། འདི་ནི་བདག་གིས་མི་གཞིའི་ཐད་ནས་ཁས་ལེན་མི་སྟེར་དོན་པོ་ཡིན། །ཟ་རོགས་འགའ་ཞིག་རྒྱང་དུ་བྱེར་བས་ཁོ་བོར་གྱོང་ཁ་ཅི་ཞིག་རེག །འཐུང་རོགས་རེ་གཉིས་ཉུང་དུ་ཕྱིན་པས་བདག་ལ་རྒུད་པ་ཅི་ཞིག་འབྱུང་། །བྲང་མགོ་བཙོས་ན་གྲི་ཆུང་འཛིན་མཁན་མ་བོས་ནའང་འདུ་བ་སྟེ། །ད་ལྟ་ད་དུང་སེང་རྡོར་འབོད་པ་མི་ཚོགས་ནང་ན་ཁོམ་གྱིན་མེད། །
2010.1.26