ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> སེང་རྡོར་བྲིས་རྩོམ།

རྡོ་རྗེའི་གླུ་ལ་རྣམ་འགྱུར་ཟད་མཐའ་མེད། (ཞར་བཀོད་གཅིག)

སེང་རྡོར།

_______ཚིགས་བཅད་ཀྱིས་གཞུང་ལུགས་བྱེད་ནུས་སམ་དང་ཚིགས་བཅད་ཀྱིས་དགག་སྒྲུབ་རྩོམ་ཡིག་བྲི་ཆོག་གམ་ཞེས་པ་སོགས་ཀྱི་ལན་དུ་ཕུལ།  

 
 
བརྡ་སུམ་རྟགས་གཉི་ཀའི་སྡོམ་བྱང་ཚིགས་བཅད་རེད། །
གཞུང་ཟབ་མོའི་དཀའ་གནད་འཆད་ལ་མ་སྐྱོན་ཐལ། །
ཆོས་མདོ་སྔགས་གཉིས་ཀྱི་རྩ་བ་ཚིགས་བཅད་རེད། །
རྒྱུ་ཀུན་གཞིའི་ཕྲ་ཞིབ་སྟོན་ལ་མ་གནོད་ཐལ། །
 
 
གཞུང་བཀའ་པོད་སྣ་ལྔར་གྲགས་པ་ཚིགས་བཅད་རེད། །
རྩོད་དགག་སྒྲུབ་རང་ཆས་ཡིན་པ་ཤེས་རྐྱང་བྱོས། །
སྒྲུང་གེ་སར་གླུ་མཛོད་ཅེས་པ་ཚིགས་བཅད་རེད། །
དཔེ་སྣང་སྲིད་ལག་ཐོགས་མེད་པ་གོ་རྐྱང་བྱོས། །
 
 
རྗེ་མི་ལའི་མགུར་འབུམ་སྐད་པ་ཚིགས་བཅད་རེད། །
གང་མ་ཤོད་བསྐྱུར་བཞག་ཡོད་པ་ངས་མ་མཐོང་། །
དཔལ་ཨོ་རྒྱན་བཀའ་ཐང་འབོད་པ་ཚིགས་བཅད་རེད། །
ཅི་མ་འཕྲོད་བརྫད་བཞག་ཡོད་པ་ངས་མ་རིག །
 
 
ཁྲིམས་ཞལ་ལྕེ་བཅུ་དྲུག་ཟེར་བ་ཚིགས་བཅད་རེད། །
ལས་བདེན་རྫུན་ཧྲིལ་གྱིས་ཤོད་པའི་སྐྱིད་ཅིག་ཡོད། །
སྨན་གསོ་རིག་རྒྱུད་བཞི་ཟེར་བ་ཚིགས་བཅད་རེད། །
རོ་ཕན་ནུས་རྫོགས་ཀྱིས་འཁྲོལ་པའི་གདེང་ཞིག་ཡོད། །
 
 
སེམས་སྤྲོས་པའི་གྲངས་ཚད་ཆིག་འབུམ་གཏན་ལ་འབེབས། །
ཡིད་ཤེས་པའི་འགྲོ་འོང་ས་ཡ་ཐིག་ལ་འདེབས། །
ཁམས་སྟོང་བའི་རང་བཞིན་དེ་ཡང་དངོས་སུ་སྨྲ། །
ཚིགས་བཅད་མས་གཤིས་ལུགས་ཨེ་སྟོན་དེ་ལྟར་དགོངས། །
 
 
གཞུང་དབུ་མ་རྩ་ཤེ་ཀླུ་སྒྲུབ་ཞབས་ཀྱིས་མཛད། །
གཞུང་ཚད་མ་རྣམ་འགྲེལ་ཆོས་ཀྱི་གྲགས་པས་བྱས། །
གཞུང་ངག་གི་མེ་ལོང་དབྱུག་གི་གཉེན་པོས་བཀོད། །
ཚིགས་བཅད་མས་གཞུང་ལུགས་ཨེ་ཤོད་དེ་ལྟར་དགོངས། །
 
 

མཚར་ཐག་ཆོད་འདོད་པའི་བསྟན་བཅོས་ཚིགས་བཅད་ཡིན། །

འདི་སྙན་ངག་གཞུང་དུ་གྲུབ་པའི་མ་དཔེར་ལྟ། །

ཟབ་ཐག་ཆོད་འདོད་པའི་བསྟན་བཅོས་ཚིགས་བཅད་ཡིན། །

དེ་གཞུང་ལུགས་ངག་ཏུ་འབར་བའི་ཚད་གཞིར་འཇོག །

 

 
བོད་རང་གི་ཆོས་དང་རིག་གཞུང་ཟེར་ལོ་དང་། །
བོད་རང་གི་དེབ་དང་རྩོམ་ཡིག་ཟེར་ལོ་དང་། །
བོད་རང་གི་གཏམ་དང་བརྗོད་པ་ཟེར་ལོ་ཕལ། །
ཚིགས་བཅད་མའི་གཟུགས་སུ་ཡོད་པར་ཅི་ལྟར་བསྙོན། །
 
 
ཚིགས་བཅད་མར་སྦྱངས་པ་བྱས་པ་དམན་དྲགས་ན། །
བོད་རིག་པའི་སྐད་ཆ་བཤད་རྒྱུ་སྔ་ཙམ་འདུག །
ཚིགས་བཅད་མར་གོ་བ་བླངས་པ་ཕྲ་དྲགས་ན། །
བོད་མཁས་པའི་གསུང་རྩོམ་དགག་རྒྱུ་འཕྱི་ཙམ་བྱོས། །
 
 
ལྷུག་སྤེལ་མའི་རྩོམ་སྟངས་དོན་ཆུང་མ་རེད་ཀྱང་། །
བཅད་འགྲིག་མའི་བྲི་ཚུལ་དོ་གལ་ཅིར་ཡང་ཆེ། །
མཆོང་ལྡིང་མའི་མགུར་ལུགས་འདི་དང་འདི་འདྲ་ཡང་། །
ཚིགས་བཅད་མའི་དཔེ་སྲོལ་བཀོལ་བདེ་སྤྱོད་དགའ་ཡིན། །
 
 
 
                                       2010-2-12
 

 

རྒྱ་ནག་སྐེག་ཟློག་གི་འགྲེལ་སྟངས་གཞན་ཞིག
 

____<<<གནམ་ས་གོ་འབྱེད>>ལ་བལྟས་རྗེས།  

 

ལྷ་ས་ཞེས་པའི་སྙན་ངག་བརྒྱ་ཚར་གྱི། །
གབ་དང་སྦས་པ་ཡོངས་རྫོགས་འདི་ཡིས་སྟོན། །
མི་རིགས་ཞེས་པའི་ཐ་སྙད་ཁྲི་གྲངས་ཀྱི། །
མདོ་དང་རྩ་བ་ཧྲིལ་བོ་འདི་ཡིས་བཤད། །

 

 

ལྟོ་བའི་སླད་དུ་མིན་པའི་འཐབ་རྩོད་ལ། །
མཁོ་དང་དགོས་པ་ཨེ་ཡོད་ད་རེས་ལྟོས། །
བསྟན་པའི་ཕྱིར་དུ་མིན་པའི་དཀའ་ལས་ལ། །
ཕན་དང་སྨན་པ་ཨེ་འདུག་ག་ལེར་སོམས། །

 

 

རྒྱལ་དབང་བླ་མའི་ཆེད་དུ་འདུར་བ་ཚོ། །
བྱ་དཀའ་བྱེད་གཏད་ཅིག་ལ་བསྐྱལ་ཚོད་ཡོད། །
འཇམ་དབྱངས་གོང་མའི་དོན་དུ་འཁུམས་པ་ཚོ། །
ཅི་ཟེར་གང་དྲག་ཅིག་ལ་གཏུགས་ཚོད་ཡིན། །

 

 

མི་ལོ་ལྔ་བཅུར་བསྒྲིབས་པའི་ནམ་མཁའ་འདི། །
ཡར་དེད་བསྐལ་པའི་མགོ་ལ་གོ་འབྱེད་བྱས། །
མི་ལོ་ལྔ་བཅུར་བསུབས་པའི་ས་གཞི་འདི། །
མར་གཏུགས་དུས་ཀྱི་མཐའ་ལ་གོ་འབྱེད་བྱས། །

 

 

གསར་འགྱུར་རྫུས་མ་སྟོང་གི་ཨོང་གཞུག་ཕུད། །
དངོས་བྲིས་བཅོས་མ་ཁྲི་ཡི་གདོང་སྐོགས་བཤུས། །
བཅར་འདྲི་ལྷད་མ་འབུམ་གྱི་གསང་བ་བརྟོལ། །
འདི་ནི་གོ་འབྱེད་མ་རེད་ཅི་ཞིག་རེད། །

 

 

སྲིད་པ་འགྲོ་མིའི་ཁམས་ལ་ཆ་ཞིག་བཞག །
འཛམ་གླིང་རྒྱལ་སྤྱིའི་སྒང་ལ་དཔེ་ཞིག་བཀོད། །
སྒང་བ་གངས་ཅན་བོད་ལ་གནད་ཅིག་བསྟན། །
འདི་ནི་གོ་འབྱེད་མ་རེད་ཅི་ཞིག་རེད། །

 

 

ཡ་གླིང་ཤར་མའི་བྱུང་རབས་ལྷུགས་ལྷུགས་འཆད། །
ཡོ་རོབ་ནུབ་མའི་རྒྱལ་དོན་ཁྲིགས་ཁྲིགས་སྨྲ། །
ཡུལ་དབུས་བོད་མའི་སྐྱིད་སྡུག་ཤར་ཤར་བྲིས། །
འདི་ནི་གོ་འབྱེད་མ་རེད་ཅི་ཞིག་རེད། །

 

 

དང་པོ་འཇིག་རྟེན་སྤྱི་ཡི་འཕྲེད་གཞུང་བཤད། །
དེ་ནས་སྤྱི་ཚོགས་ཆེན་པོའི་གདགས་སྲིབ་སྨྲས། །
མཐའ་མར་སྦྲུལ་ཚང་ནང་གི་ང་ཚོ་བསྟན། །
འདི་ཡང་གོ་འབྱེད་མ་རེད་ཅི་ཞིག་རེད། །

 

 

བོད་རྩོམ་ཕལ་ཆེར་སྐྱབས་འགྲོའི་སེམས་སྐྱེད་ཡིན། །
བོད་རྩོམ་ཕལ་ཆེར་ཞབས་བརྟན་གསོལ་འདེབས་ཡིན། །
བོད་རྩོམ་ཕལ་ཆེར་བསྟན་རྒྱས་སྨོན་ལམ་ཡིན། །
རྒྱ་ནག་སྐེག་ཟློག་བཀླགས་པ་ད་རེས་ཡིན། །

 

 

ལྷག་པར་ཟླ་ཕོགས་ཡིན་ནམ་གླ་ཕོགས་དེས། །
མགྲིན་ལྕེ་ཨར་ལ་མ་གཏད་འགའ་ཡང་མེད། །
བདེན་པ་སྒོར་མོའི་བརྒལ་བ་འདི་ཙམ་རེད། །
ལས་བྱེད་སྒོར་མོའི་བརྒལ་བ་ཁྱོད་ཙམ་རེད། །

 

 

ཁུངས་བཙུན་གསར་བརྗེ་མང་པོའི་ལྷུ་ཡིས་བསྒྲོགས། །
བདེན་ཐུབ་ལོ་ཚིགས་མང་པོའི་གཟེར་གྱིས་མནན། །
དཔངས་ཆེའི་རྒྱུ་མཚན་མང་པོའི་ཚ་ཡིས་སྦྱར། །
འཕྲུལ་སྒྲོམ་འདི་ལ་གནམ་ས་གོ་འབྱེད་འབོད། །

 

 

ཕུན་དབང་ལགས་ཀྱིས་གསལ་ཙམ་བྲིས་མོད་ཀྱང་། །
དེ་ལས་ཀྱང་ནི་ཡང་གསལ་འདི་ན་ཡོད། །
སྡེ་རོང་ཉིད་ཀྱིས་བཙན་ཙམ་གསུངས་མོད་ཀྱང་། །
དེ་ལས་ཀྱང་ནི་ཡང་བཙན་འདི་ན་ཡོད། །

 

 

འདི་ནི་ཤུགས་ཀྱིས་བསྟན་པའི་གྲིབ་རིས་མིན། །
ལྷག་ཏུ་གབ་ཀྱིས་བརྗོད་པའི་ཉམས་ཚིགས་མིན། །
གདོང་ལ་མཛུབ་མོ་བཙུགས་ནས་དགག་པ་རེད། །
ངོ་ལ་མཆིལ་མ་བཏབ་ནས་སྡིགས་པ་རེད། །

 

 

འདི་ནི་ཚིག་སྣེ་ཕར་བསྒྱུར་ཚུར་བསྒྱུར་མིན། །
འདི་ནི་བཤད་སྟངས་ཡར་དཀྱོགས་མར་དཀྱོགས་མིན། །
དམར་དམར་རྗེན་རྗེན་རྐྱང་ཞིག་བྲིས་པ་རེད། །
ཡིན་ཡིན་ཏན་ཏན་རྐྱང་ཞིག་ལབ་པ་རེད། །

 

 

དེབ་ཐེར་ནག་པོ་འདི་ཡི་དམན་ཙམ་སྟེ། །
རང་དབང་ལུང་པར་བྲིས་པའི་ཚོད་ན་མེད།
འདི་ཡིས་འུ་ཚོའི་བྲང་ཁོག་བཤལ་བྱས་ཏེ། །
ཤུལ་ཏུ་གངས་ཆུ་ཚ་བོ་བརྙོག་གེར་ལྡུག །

 

 

ནགས་ཚང་ཞི་ལུའི་སྐྱིད་སྡུག་མ་ཟེར་རོགས། །
འདི་དང་བསྡུར་ན་བགྲེས་པོའི་ཇ་གཏམ་ཙམ། །
སྲིན་བུ་མེ་ཁྱེར་བཞིན་དུ་ཉམས་རེ་ཆུང་། །
གྲོག་མ་དོས་ཁུར་ལྟར་དུ་སྙིང་རེ་རྗེ། །

 

 

འདི་ནི་གཉན་འཕྲང་འགྲིམས་པའི་ལམ་ཡིག་སྟེ། །
འོད་སྡེར་ཟད་པོ་དག་དང་མ་གཤིབ་ཀྱེ། །
འདི་ནི་འཁོར་བ་ཉུལ་བའི་མན་ངག་སྟེ། །
དེབ་རྒན་གླེན་པ་བརྒྱ་ཡིས་འགྲན་ཐབས་ཅི། །

 

 

གཅིག་ན་རིག་པའི་གཞུང་གི་ཆིངས་ལ་གནས། །
གཉིས་ན་སྐབས་བབ་དོན་གྱི་སྡོམ་ལ་འགྲིལ། །
གསུམ་ན་ཞིབ་བཤད་གཏམ་གྱི་བོངས་དང་ལྡན། །
བོད་མིའི་ཆབ་སྲིད་དཔེ་དེབ་དང་པོར་བསྟོད། །

 

 

རླུང་དམར་འུར་འུར་འདོན་ན་ལྷན་ཐབས་བྱོས། །
སྲིད་དོན་རྒྱལ་རབས་བཀླག་ན་རྒྱུགས་གཞི་བྱོས། །
གངས་སེང་ངར་སྒྲར་བལྟ་ན་དཀའ་མཆན་བྱོས། །
ཁོ་བོས་དཔེ་དེབ་འདི་ལ་དེ་ལྟར་བསྔགས། །

 

 

བོད་མི་ཡོད་ཚད་ཀུན་གྱིས་ལྟ་དགོས་པའི། །
རྩོམ་ཞིག་གཏན་འཁེལ་ཡོད་པའི་ཆ་བཞག་ན། །
གུས་པོས་བརྒྱད་ཁྲི་བཞི་སྟོང་མི་དྲན་པར། །
ཨུ་ཚུགས་ནན་ཏུར་བྱས་ཏེ་པོད་འདི་འཇོག །

 

 

གུང་བྲན་ས་ཡ་དྲུག་གིས་གྲོས་བྱས་ཏེ། །
སྙན་ཞུ་དེབ་ཅིག་བརྩམས་ཀྱང་འདི་ལས་ཅི། །
དེས་ན་འགྲོ་བའི་སྒྲ་ནི་ཇི་ཙམ་བར། །
ཐམས་ཅད་སྐད་དུ་ཆོས་འདི་བསྟན་པར་བྱ། །

 

 

ངོ་སྤྲོད་མེད་པའི་ཤི་བོ་དེ་ཚོ་ཡི། །
ཡིག་ཚགས་མེད་པའི་གཤིན་པོ་དེ་ཚོ་ཡི། །
དགེ་བའི་རྫོང་བ་གནམ་ས་གོ་འབྱེད་ཡིན། །
ཁྱེད་ཅག་དག་པའི་ཞིང་དུ་ཅི་ལྟར་འགྲོ །

 

 

གནམ་ས་གོ་འབྱེད་འཁྲུངས་པའི་མཚན་ལྟས་སུ། །
དུར་ཁྲོད་ཀུན་ཏུ་རོ་ལངས་བརྒྱབ་པར་ཤོག །
རུས་ཀྲང་རེ་རེས་རང་བཙན་སྨྲ་བར་ཤོག །
མགོ་སྐོགས་རེ་རེས་འདྲ་མཉམ་རྩོད་པར་ཤོག །

 

 

སྤྱིར་ན་ང་ཚོའི་ཡུལ་འདིར་བསྔགས་འོས་པའི། །
ལས་དང་བྱ་བ་རབ་ཏུ་ཁག་མོད་ཀྱང་། །
ལོ་ངོ་དྲུག་ལ་དགག་ཚིག་རྐྱང་སྨྲས་པའི། །
ཁོ་བོས་ད་ལམ་མེ་ཏོག་པང་གང་གཏོར། །

 

 

 

                        2010-2-5

 

 

འདིར་སྡིགས་ཅེས་བྲིས་པ་ནི་སྙན་ཚིག་རང་ངོས་ཀྱི་ཡོངས་སྟངས་ཤིག་ལས་གོ་དོན་གཞན་ཅི་ཡང་མེད་པ་ཤེས་དགོས་སོ། །
 

འདིར་ལོ་ངོ་དྲུག་ལ་དགག་ཚིག་བྲིས་ཟེར་དོན་ནི་ཁོ་བོ་དང་བོད་མིའི་ངོས་ཐད་ནས<<རྟུལ་ཕོད>>དང<<སོ་སྐྱེས་སྐད་སྒྲ>>སོགས་ལ་གོ་དགོས་པ་ཡིན་ནོ། །

 

ཡོང་ཁུངས།[ངེད་དྲ་བ།]     [2010-2-12] ཀློག་གྲངས།[638] འབྲུ་ཚད། [ཆེ།] [འབྲིང་།] [ཆུང་།]
རྩོམ་གོང་མ།མཐེབ་ཐུག་དཀར་ཡོལ་གང་གིས་མི་གཞི་བརླགས་སོང་བའི་ཁོ་བོ།
རྩོམ་ཞོལ་མ།ཕཱན་ཏུའུ་ལའི་སྒམ་ཆུང་ཡལ་མི་སྲིད་པའི་རྒྱུ་མཚན།?
དཔྱད་བརྗོད།


དཔྱད་བརྗོད་སྤེལ་བ།
རྩོམ་གསར།
བླ་མ་དག་མ་ཡིན་ན་ལ་རྒྱ་མེད།
[2010-9-8]
པེ་ཅིན་ནས་ལྷ་ས་དྲན་ཚུལ།
[2010-9-8]
དེ་རིང་ང་འབའ་ཐང་དུ་ཐོན་ཡོད།
[2010-9-8]
དགེ་ཆོས་ཀྱིས་འཁོར་བ་གླེང་བ། ཁག་དང་པོ།
[2010-9-8]
ཇོ་མོ་ཚོ། ཞབས་བྲོ་འཁྲབ་རོགས།
[2010-9-8]
ཁ་ཕོ་ཙམ་གྱིས་དུས་འདའ་མཁན།
[2010-9-8]
ལྷད་མེད་གྲོགས་ཀྱི་བརྩེ་བ་ཡིད་དུ་འོང་།
[2010-9-8]
འབུལ་ལོ་བརྒལ་བརྟག་སྨྲ་བའི་སྡེ་རྣམས་ལ།
[2010-9-7]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2419]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2182]
<<རྟུལ་ཕོད>>ཆ་ཚང་།
[1476]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1434]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1345]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1265]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1252]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1247]
友情链接: 青海汽车网