.jpg)
རུས་པའི་རྒྱན་ཅན་ནམ་གཙང་སྨྱོན་ཧེ་རུ་ཀའམ། སངས་རྒྱས་རྒྱལ་མཚན་ལགས་ནི།སྤྱི་ལོ1452ལོར་སྐྱེས་པའི་བོད་རང་གི་བྱིས་པ་སྣབས་ལུག་ཅིག་རེད།རྩོམ་རིག་གི་བག་ཆགས་སྟེས་དབང་སད་པའི་གྲུབ་མཐའ་བཀའ་བརྒྱུད་པའི་མི་ཕོ་རྩོམ་དགའ་ཞིག་རེད།སྤྱི་ལོ1507ལོར་དམྱལ་བར་ཕྱིན་པའི་བོད་རང་གི་ཤི་བོ་སྒྲུང་གཏམ་ཅན་ཐོག་མ་རེད།སོ་སོའི་བརྩམས་ཆོས་ཁྲོད་ཀྱི་མི་སྣ་དངོས་ཡོད་ལྟར་གྱུར་ཅིང་རང་ཉིད་ལྷ་སྒྲུང་བཞིན་ཡལ་པའི་འཛམ་གླིང་གི་མཚར་མི་ཡན་གར་པ་ཞིག་རེད། ཁོང་ནི་བོད་ཡུལ་དུ་རྒྱ་གར་པ་དབྱུག་པ་ཅན་གྱི་རྩོམ་སྲོལ་མ་དར་སྔོན་གྱི་གཉུག་མའི་རང་བཞིན་གྱི་སྙན་ངག་པ་གཅིག་པུ་དེ་རེད།ད་དུང་མ་སྐད་མ་ཡིག་ལ་ལག་ཐོགས་མེད་པའི་རི་སུལ་གྱི་ཆོས་པ་གདོང་དམར་ཅན་དེའང་རེད།
རྒད་པོ་འདིས་མི་ལ་རས་པར་འབོད་པའི་སྤྱིར་བཏང་གི་ཆོས་ལུགས་པ་ཞིག་མཐོང་སྣེར་བླངས་ཏེ་བཙོག་ཏུ་བཅུག ། འགྲོ་རུ་བྱས། རྣ་བ་ཇེ་ཆེར་བདལ། སྣ་གདོང་ཇེ་རིང་འཐེན། བྱུང་རིམ་གྱི་གཏིང་ལ་དབྱུགས། གཏམ་རྒྱུད་ཀྱི་ཟབས་ལ་བསྐྱལ། ཕྱིར་ཞིང་ཆོས་ལུགས་ཀྱི་ཉག་ཐག་ཕྲ་སྦོམ་རིང་གསུམ་མི་ལ་རས་པར་འབོད་པའི་རྩོམ་རིག་ཁྲོད་ཀྱི་མི་སྣ་འདིའི་ཤ་པགས་ལ་བྲེས། རྩ་རྒྱུས་ལ་བཀྲམ། གློ་མཆིན་ལ་སྦྲེལ། རུས་ཚིགས་ལ་མདུད་དེ་ལས་ཡར་མར་བཅོ་བརྒྱད་བྱེད་དུ་བཅུག །དོན་བཟང་ངན་བཅོ་བརྒྱད་བསྒྲུབས་སུ་བཅུག །དགའ་སྡུག་གི་སྐུད་སྣེ་གཅུས་ལོག་སྤུ་འཛིང་བློས་མི་ལྕིགས་པ་འབའ་ཞིག་བྲིས་པར་མཛད་དོ། །
དེ་ཡང་མཐོང་རེག་འཛིན་དུ་ཡོད་པའི་འཚོ་བའི་ཕྱེ་སྡོར་ཆུ་གསུམ་གྱི་བསྟར་ལ་བརྒྱུས། ཧྲིལ་པོར་བསྒྲིལ། འུབ་ཀྱིས་བསྡམས། ཡང་སྨྲ་བསམ་བརྗོད་དུ་མེད་པའི་སེམས་བྱུང་དགུ་དགུ་གྱ་གཅིག་གི་རྡང་ལ་བརྟོལ། ཚོར་བ་དང་ཚོར་བའི་བར་ནས་གློག་འཁྱུགས་སུ་བཅུག །ཐོག་བརྒྱབ་ཏུ་བཅུག །སྐད་ཆ་དང་སྐད་ཆ་ཡོངས་རྫོགས་སྤོ་སྐྱོད་ཅན་རྐྱང་དུ་བྱས།མིང་ཚིག་གི་གྲུ་མོས་འཕུད་རྡེག་བྱེད།བྱ་ཚིག་གི་རྐང་པས་རྡོག་འཕྲ་འཕེན། ཐ་སྙད་ལ་ཁ་མིག་བཏོད་ཅིང་ཕྲད་དང་རྣམ་དབྱེ་མ་ལུས་གསོན་པོ་དབང་རྩ་འཕག་འཕག་དང་དྲོན་མོ་ཁ་རླངས་ཐོལ་ཐོལ་དུ་གྱུར་པར་མཛད་པས།བོད་མི་རྣམས་དར་ཅིག་ཧོན་ཐོར། རེ་ཞིག་མགོ་རྨོངས། ཅི་འདི་མེད་པར་མི་ལོ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་རིང་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་ཞིག་སྐྱབས་སུ་བསྟེན་ཞིང་མགོན་དུ་བཀུར་ཞིང་ལྷ་རུ་སྙམ་པའི་ཚོད་འདིར་བརྒྱབ་པ་ཡིན་ཨང་།
སྐུ་ཞབས་རུས་པའི་རྒྱན་ཅན་ལགས་ཀྱི་འཐུས་ཚབ་བརྩམས་ཆོས། དུས་རབས་བཅོ་ལྔ་པའི་རྟིང་སོར་དབྱངས་ཡིག་དང་གསལ་བྱེད་ཀྱི་གཟུགས་སུ་ཐོན་པའི་ཡི་གེའི་མཛད་པ་རླབས་ཆེན།<<མི་ལ་རས་པའི་རྣམ་ཐར>>ཞེས་པའི་དཔེ་པོད་འདི་ལ་སྔ་ཕྱིར་ཤིང་པར་རིགས་མི་འདྲ་བ་འགའ་ཙམ་མཆིས་ཤིང་།དེའང་ལྷ་ས་དང་སྡེ་དགེ་དང་དིང་རི་དང་པེ་ཅིན་སོགས་ཀྱི་སྟེ།དེང་སྐབས་བོད་མི་རྣམས་ཀྱི་ཁྱིམ་ཕུག་ཏུ་བཤམས་ཤིང་དད་ཕྱག་གིས་མཆོད་ཀྱིན་པ་ནི་སྡེ་དགེའི་པར་མ་གཞིར་བཟུང་ཀྱིས་བསྒྲིགས་པ་དེ་ཡིན་ཚོད་རེད།
བརྩམས་ཆོས་འདིར་ད་སྔ་ཡན་ཆོད་དུ།རྒྱ་ནག་དང་སོག་པོ་དང་ཧྥ་རན་སི་དང་ཉི་ཧོང་དང་དབྱིན་ཇི་དང་ལ་ཏིང་སོགས་ཀྱི་སྐད་དུ་བསྒྱུར་ཞུས་མཛད་ཡོད་ཅིང་།དེའི་ཁྲོད1951ལོར་དབྱི་ཝུན་ཚི་དང་ཟླ་བ་བསམ་འགྲུབ་ཟུང་གིས་བསྒྱུར་ཅིང་དབྱིན་ཇིའི་རྒྱལ་ས་ལུན་ཏིན་ལ་པར་དུ་བསྐྲུན་པའི་དབྱིན་ཡིག་གི་འགྱུར་གཞི་དེ་ཅུང་སྐད་གྲགས་ཆེ་བར་བཤད་མོད།དེ་དག་གང་ཡང་མ་ཡིག་གི་དོན་ཇི་བཞིན་དང་ཆ་ཚང་དང་ཡོངས་རྫོགས་ཤིག་ཐོན་ཨེ་ཡོད་ཁོ་བོར་ཏན་ཏན་སོམ་ཉི་ཆེ་སྟེ།རྒྱུ་མཚན་ནི།ལོ་འདི་ཚོར་རྒྱ་འགྱུར་མའི<<མི་ལ་རས་པའི་རྣམ་ཐར>>གྱི་འཁྲུལ་སྐྱོན་བསལ་བའི་རྩོམ་ཡིག་མང་ཞིག་མཐོང་བ་དང་།དེ་དག་ལས་ཧ་གོ་བ་ལྟར་ན།རྒྱ་ཡིག་གི་འགྱུར་རྩོམ་མང་ཤོས་ནི་ཁྲལ་འགྲོ་སླ་བཅོས་དང་དོན་ལོག་བརྡ་ནོར་རང་ཡིན་པ་ལབ་མེད་དུ་འདུག་ཅིང་།དེ་བས་ཀྱང་།བློ་ཡུལ་གྲང་ཤུམ་ཤུམ་མི་བྱེད་ཐུ་མེད་གཅིག་ཡོད་པ་ནི།སྐད་རིགས་གཞན་གྱི་འགྱུར་ཡིག་ཕལ་ཆེར་ཞིག་རྒྱ་ཡིག་ཙམ་ལ་གཞི་ཁུངས་བཅོལ་ནས་བསྒྱུར་སྐད་འདུག་པས།རེ་ཞིག་ཙམ་ལ་ཁོ་རང་ཚོས་ཡུལ་བྲག་དཀར་རྟ་སོ་ཁྱི་སོ་རུ་བཏང་མེད་པའི་ཁུལ་བྱེད་ལས་ཆེ་ནའང་།བསམ་བློ་བག་རེ་བཏང་ན།སྤུ་སེར་དེ་ཚོས་བཤོས་འོར་མ་གྲུ་གསུམ་སྤྱོད་ཁང་དུ་གོ་མེད་པའི་རྒྱུ་མཚན་ཉག་ཙམ་ཡང་སྟོན་རྒྱུ་ག་ལ་ཡོད།ལྷག་པར་དུ།ཆོས་རྣམས་ཟད་སར་སྐྱོལ་ཞེས་པ་ནས་རིག་པ་ཟངས་ཐལ་དུ་གྱུར་ཅེས་པའི་བར་གྱི་བརྡ་དོན་དང་འབྲུ་ཚིག་དེ་དག་ཁོ་པ་ཚོས་འབར་རྫས་སམ་ཁོ་ཧྥེ་གང་རུང་དུ་བསྒྱུར་བཞག་ཨེ་ཡོད་ཁོ་བོ་དོགས་པ་ཚད་མེད་ཟ་ཡི་འདུག །
སྐུ་ཞབས་རུས་པའི་རྒྱན་ཅན་ལགས་ཀྱི་འཐུས་ཚབ་བརྩམས་ཆོས།སྐོར་ཚོ་ལྔ་བཅུ་ང་བདུན་དང་ཚན་པ་ལྔ་བརྒྱ་ལྷག་ཡོད་པའི་བཅད་ལྷུག་སྤེལ་མའི་རིག་བྱེད།བོད་ཀྱི་རྣམ་ཐར་ལྐུགས་པ་མང་པོའི་ནང་གི་ཁ་གྲག་ཤེས་པ་གཅིག་པུ།གངས་རིའི་བསྟན་བཅོས་སྐམ་པོ་དག་གི་ཁྲོད་གུད་ན་མེད་པའི་གཤེར་ཁུའི་ཚབ་བྱེད།རྐང་རྐྱོང་ལག་རྐྱོང་བྱེད་པའི་ཡི་གེ་རྒོད་པོ། ས་ངུ་རྡོ་ངུ་རྒྱག་པའི་གཙུག་ལག་དྲེད་པོ།ཀུན་གྱིས་གོ་ནའང་ཡོངས་ཀྱིས་མི་རྟོགས་པའི<<མི་ལ་རས་པའི་རྣམ་ཐར>>འདི་ནི།རྩོམ་རིག་བྱུང་འཕེལ་གྱི་ཆོས་ཉིད་དང་སྦྲགས་ཏེ་བཤད་དུས།སྐབས་དེར་བོད་རང་སའི་བྲན་གཡོག་ལམ་ལུགས་ཀྱི་འབྲས་སྐྲན་ཇེ་སྤོས་སུ་འགྲོ་བཞིན་པའི་ནང་རྐྱེན་བག་ལ་ཞ་བ་གང་དག་དང་།ཆོས་པའམ་བྲན་བདག་རྣམས་ཀྱིས་རང་གི་དབང་སྒྱུར་གོ་གནས་ཇེ་བརྟན་དུ་གཏོང་བ་སོགས་ཀྱི་ཆེད་དུ་རྣམ་ཐར་དང་ལོ་རྒྱུས་མང་པོ་རྩོམ་འབྲི་བགྱིས་པའི་ཕྱི་རྐྱེན་ཁ་ལ་ཡེངས་པ་དེ་སོགས་ཀྱིས་བརླབས་ཡོད་པ་ལྟ་ཅི་སྨོས་ཏེ།རྒྱུ་དེ་དང་རྐྱེན་དེ་འདྲ་ནི་བརྩམས་ཆོས་འདིའི་རྒྱབ་ལྗོངས་ཀྱི་ཚོན་འོད་གཙོ་བོ་ཡིན་པར་ཁོ་བོ་ཡང་ཤུན་ཏུ་འཐད་མོད་ཀྱང་།
ཝང་ཡའོ་ལགས་ཀྱིས།བོད་ཀྱི་དབང་སྒྱུར་པས་རྒྱ་ནག་གི་རིག་གནས་མཁན་མང་པོ་ཁོ་ཚོའི་སྲིད་གཞུང་ལས་ཁུངས་ནང་དུ་གདན་དྲངས་ཏེ་ཡིག་རིགས་ཀྱི་བྱ་ལས་སུ་བཅུག་སྟབས། རྒྱུག་ཆུའི་ཤུལ་དུ་ཡུར་བ་རང་ཤུགས་སུ་ཆགས་པའི་དཔེ་ལྟར། རྒྱའི་རིག་གནས་ཀྱི་ཤན་བོད་ལ་ངམ་ངམ་ཤུགས་ཀྱིས་ཞུགས་པའི་རྐྱེན་གྱིས། ལོ་རྒྱུས་དང་རྣམ་ཐར་གྱི་རྩོམ་ཚད་ལྡན་མང་པོ་རང་བཞིན་དུ་བྱུང་།?ཞེས་པ་སོགས་མི་རིགས་ཆེན་པོའི་ཕོ་ཚོད་དང་སྣང་བ་ཙམ་པོ་ང་རྒྱལ་དུ་ཁྱེར་བ་ནི་ཅུང་ཐལ་དྲགས་ཞིག་པ་སྟེ།དུས་དེ་ཤེད་དང་སྐབས་དེ་ཤེད་དུ་བོད་ཀྱི་རིག་གནས་དང་ཆབ་སྲིད་ཀྱི་གནས་སྟངས་ག་འདྲ་ཡིན་པ་ཚང་མས་ཤེས་ཏེ། རྣམ་པ་ཀུན་ཏུ། རྒྱ་ཤན་བོད་ལ་ཞུགས་ཐུབ་པའི་ཡུས་ཅི་ཡང་ལབ་རྒྱུ་མེད་པ་ནི་ལོ་རྒྱུས་ཀྱི་སྒང་ལ་བལྟས་ན་ཁྲ་ཤིག་ཤིག་ཡིན་ཨང་། བརྡ་སྐད་ཀྱི་ཟབས་ནས་བསྡུར་ན་གསལ་ཐིང་ཐིང་རེད་ཨང་།
སྐུ་ཞབས་རུས་པའི་རྒྱན་ཅན་ལགས་ཀྱི་འཐུས་ཚབ་བརྩམས་ཆོས། <<མི་ལ་རས་པའི་རྣམ་ཐར>>ཞུ་བ་འདི་ནི། བསྟན་བཅོས་དེའི་ས་ལེ་འོད་དང་ཁ་ཐོར་སྣ་ཚོགས་ཀྱི་སྐོར་སོགས་ཞེས་པའི་མཇུག་ཏུ་ཁ་གསལ་པོས་བསྟན་པ་ཇི་བཞིན། ཐུགས་སྲས་སམ་བུ་ཆེན་ནམ་ཉ་མའམ་སློབ་བུ་རྣམས་ཀྱིས་ཡི་གེར་བཀོད་པ་སྟེ། གནད་འདུས་ཤིང་རྗེན་ལྷེན་ནེར་བཤད་ན།རུས་པའི་རྒྱན་ཅན་ཁོང་གིས་མི་ལའི་རྣམ་མགུར་དུ་གྲགས་པའི་ཟེར་ལོ་ཐོས་ལོ་ཙམ་པོ་རྒྱུ་ཆར་བཏུས་ཤིང་།བཀའ་བརྒྱུད་བསྟན་པའི་རུ་དར་ཆེན་པོ་ཕྱོགས་བཅུར་གཡོ་བ་དགོངས་ཡུལ་དུ་དམིགས་ཏེ།ཉིན་ལ་བསམས་ཤིང་བསམ། མཚན་ལ་བསྡུར་ཞིང་བསྡུར། གཉིད་བཅག་ཟས་བརྗེད་ཀྱི་བགྱི་བ་དྲག་པོ་ལྷུར་དུ་བླངས་ཤིང་།མི་བུའི་རྣམ་དཔྱོད་ཀྱི་རྩལ་རྒུ་མ་ལུས་ཁོང་ནས་སྤྲུགས་ཏེ།མནོ་བསམ་གྱི་མུ་ལ་མནོ་བསམ་མཐུད་དེ་དུས་རིང་ལོ་ཟླ་ཟད་ཟད་ཀྱི་མཐར་ལ་བརྩམས་ཆོས་རིལ་བོ་འདི་ཉིད་གངས་རིའི་ཞིང་ལ་འོད་འཚུབ་བེར་བཞག་སོང་བ་ཞིག་རེད།
ཞར་བྱུང་ནཱ་རོ་བོན་ཆུང་གི་སྐོར།
ལར་ཆོས་ལུགས་ཕན་ཚུན་བར་གྱི་འཐབ་རྩོད་ནི་བསྐལ་པ་ཡ་ཐོག་ནས་བཟུང་རྒྱུན་མ་ཆད་པའི་ལོ་རྒྱུས་ཀྱི་སྣང་ཚུལ་ཞིག་རེད།སྣང་ཚུལ་དེས་རྩོམ་རིག་སོགས་སྟེང་གི་བཀོད་པ་གཞན་དག་ལའང་རས་ལ་སྣུམ་གྱིས་ཟིན་པ་ལྟར་ཁྱབ་བཞག་ཡོད།སྐུ་ཞབས་རུས་པའི་རྒྱན་ཅན་ལགས་ཀྱི་འཐུས་ཚབ་བརྩམས་ཆོས།<<མི་ལ་རས་པའི་རྣམ་ཐར>>ནའང་སྣང་ཚུལ་དེ་ཉིད་སློག་སྤུའི་གསེབ་ཀྱི་ཤིག་བཞིན་དུ་བརྡོལ་ཡོད་པ་སྟེ།འུ་ཅག་གི་གླིང་སྒྲུང་འབྲི་མཁན་ཚོས་གེ་སར་རྒྱལ་པོ་ཁོ་ན་དཔའ་བ་དང་མཛངས་པ་དང་དེས་པ་སོགས་ཀྱི་མ་དཔེ་འབའ་ཞིག་བྱེད་པ་ལྟར།རུས་པའི་རྒྱན་ཅན་ལགས་ཀྱི་སྨྱུག་སྣེར་ཡང་བན་བོན་རུས་འཁྱེར་གྱི་ཆགས་སྡང་ནི་ཀྱུ་རུ་ལུགས་སུ་འཁོར་གྱིན་ཡོད་པ་རེད།
དྲང་བོར་བཤད་ན།སངས་རྒྱས་པའི་ལུགས་འདི་དར་བ་ནས་བོན་པོའི་ཆོས་ལུགས་ཀྱི་ལྟེ་སྙིང་ལ་ཆག་གྲུམ་ཤོར་ཞིང་མཐའ་ཤན་ལ་སེར་ཁ་ལྷུང་བ་སྨོས་མ་དགོས་ཏེ།དང་པོ་ཙམ་ནས་རྗེ་ཡིས་བན་བོན་སུ་བདེན་གྱི་རྩོད་པའི་གཡུལ་བཤམས་སྐད་ནས།མཐར་སོག་སྙིགས་ཞུགས་ལ་བཏབ་པ་བཞིན་དུ་བོན་རྣམས་རྩ་བ་ནས་ཕམ་ཞུམ་དུ་གྱུར་ཅེས་པ་གང་ཡིན་ཡང་རུང་སྟེ།མདོར་དེད་ན།ཡུལ་རྒྱ་གར་སོགས་ནས་ཐོན་པའི་སངས་རྒྱས་པ་པད་འབྱུང་སོགས་ཀྱི་སྣང་མི་སྣང་མཚམས་ཀྱི་དགྲ་སྟ་གཡུགས་སྟངས་དང་གསལ་མི་གསལ་བར་གྱི་སྒྱོགས་ཆེན་འཕེན་ཚུལ་ཞིག་ཅི་ལ་མིན་ཨང་།
ཁོ་བོས་འདིར་ཅིས་ཀྱང་ནཱ་རོ་བོན་ཆུང་མི་ལ་རས་པ་ལས་རྒྱལ་དགོས་ཟེར་བའི་དོན་མ་ཡིན་མོད།གལ་ཏེ་རྣམ་ཐར་འདི་ཉིད་བོན་པོ་ཞིག་གིས་བོན་ལུགས་སུ་བྲིས་པ་ཡིན་པར་ཆ་བཞག་ན་ནི།མི་སྣ་གཙོ་བོ་མི་ལ་རས་པ་ཡིན་དགོས་པའི་ཨུ་ཚུགས་བྱེད་ས་ཁྱོན་ནས་མེད་ལ་ནཱ་རོ་བོན་ཆུང་ཡང་འདི་འདྲའི་ལྐུགས་རྟགས་ཚ་བོ་ཅན་ཞིག་ག་ལ་ཡིན་གྱི་རེད།འོན་ཀྱང་།ཁས་མི་ལེན་ཐབས་མེད་དུ་གྱུར་པ་ཞིག་ནི།བོན་པོ་སོགས་གྲུབ་མཐའ་གཞན་གང་ལའང་རུས་པའི་རྒྱན་ཅན་ལྟ་བུའི་ཡི་གེའི་ཐབས་རྩལ་ལ་དབང་ཕྱུག་པ་ཞིག་ད་སྔའི་བར་བྱོན་མ་སོང་བ་དེ་རེད།སྤྱིར་བརྩམས་ཆོས་ལ་བརྩམས་ཆོས་ཀྱི་ཚོད་དུ་བལྟས་པ་ཡིན་ན་ནི།རུས་པའི་རྒྱན་ཅན་ཁོང་གིས་དེ་ལྟར་བྲིས་པ་ཨེ་མི་སྐྱོན་ཏེ།དཔྱད་བརྗོད་པར་དཔྱད་པ་བརྗོད་སའི་བར་སྟོང་ཡོད་ཅིང་།ལྷག་ཏུ་རྩོམ་རིག་ཁྲོད་ཀྱི་མི་སྣ་ཞིག་ཏུ་ངོས་བཟུང་སྟེ་བརྟགས་ན་ནི་དེ་ཙམ་གྱི་གནོད་ཆ་ཐལ་དྲགས་པ་རང་མ་ཡོད་ཀྱང་།བདག་རང་ཡིད་ཁོང་དུ་ཆུད་དེ་སྡོད་མི་བཟོད་དོན་ནི།ད་ལྟའི་བར་བོད་མི་རྣམས་ཀྱིས་དངོས་གནས་དྲང་གནས་ནཱ་རོ་བོན་ཆུང་ཞེས་པ་ཞིག་ཕམ་སོང་བ་གཞིར་བཞག་གིས།བོན་རྣམས་སངས་རྒྱས་པའི་ལུགས་དང་བསྡུར་ན་ཤིན་ཏུ་ཉམ་ཆུང་དང་གུ་ཐུག་ཅིག་རེད་སྙམ་པའི་བྱིས་པའི་ལུགས་ཀྱི་འདར་ཚུགས་དང་ཀྱལ་ཀྱོལ་འདི་ལ་ཡིན།
ཁོ་བོ་ཆོས་ཀྱི་ལུགས་ཀུན་ལ་རྩིས་ཆེན་མི་བྱེད་མཁན་ཞིག་ཡིན་པའི་ཆ་ནས།བན་བོན་གང་ཡང་འོད་འབར་འབར་གྱི་ཕུང་བོ་ཞིག་རེད་ཟེར་མི་དགའ་མོད།རྣམ་པ་ཀུན་ཏུ།སྲིད་གཞུང་གི་རྒྱབ་རྩ་དང་རྩོམ་རིག་གི་བློས་བསླངས་ཙམ་ལ་བརྟེན་ཏེ་རིང་ལུགས་གཞན་དག་རྩ་བ་ནས་ཚར་གཅོད་བྱེད་པའི་སངས་རྒྱས་པའི་ལུགས་འདིར་ཅུང་ཞིག་གུ་ཡངས་བྱེད་ཁག་པོ་རེད།དེ་ལས་ཀྱང་།བརྩམས་སྒྲུང་ནང་གི་མི་སྣ་དང་ངག་སྒྲོས་ཁྲོད་ཀྱི་རྒྱལ་ཕམ་ཡོངས་རྫོགས་ཀྱང་དེ་དེ་བཞིན་རྐྱང་དུ་སྙིང་ལ་ཉར་བའི་བོད་ཀྱི་མཁས་རྒན་རྣམས་ལ་འཁོན་སྙིང་ན་པོ་སྐྱེ་ཡི་འདུག །
འདིར་འུ་ཚོས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པར་གྲགས་པས་ནཱ་རོ་བོན་ཆུང་གངས་ཏི་སེ་ནས་ཡུལ་སྤྱུགས་ཤིང་ཐུབ་ཚོད་བྱེད་སྒང་གསུངས་པའི་མགུར་ཚན་གཅིག་ལ་བལྟ་འགྲོ །དེར་རྗེ་བཙུན་ན་རེ།འཛམ་གླིང་རི་རྒྱལ་ཏི་སེ་འདི། །སྤྱིར་སངས་རྒྱས་བསྟན་འཛིན་ཐམས་ཅད་དབང་། །སྒོས་མི་ལ་རྒྱུད་པར་བཅས་ལ་དབང་། །ཁྱེད་ལྟ་ལོག་ཅན་གྱི་བོན་པོ་རྣམས། །དམ་ཆོས་བྱེད་ན་ཀུན་ལ་ཕན། །མི་བྱེད་རྫུ་འཕྲུལ་ང་ཆེ་བས། །ཡུལ་ཕྱོགས་ས་ཆ་གཞན་དུ་སོངས། །བོད་ཀྱི་རྣལ་འབྱོར་རས་པ་ངས། །བོན་པོ་ཆོས་ནི་ཕམ་བྱས་ཏེ། །ཐུབ་བསྟན་སྒྲུབ་རྒྱུད་ཉིན་མོར་བྱས། །ཅེས་པའོ། །དེས་ན་བོད་ཀྱི་ཤེས་ལྡན་པ་ཁྱེད་ཅག་ནི་ཇི་ལྟར་དུ་དགོངས་སམ།དོན་དམ་དུ་ནཱ་རོ་བོན་ཆུང་རྒྱལ་ལམ་མི་ལ་རས་པ་རྒྱལ།དོན་དམ་དུ་གཤེན་རབ་སྟོན་པ་ཕམ་མམ་རྣམ་འདྲེན་ཐུབ་པ་ཕམ།དོན་དམ་དུ་མི་ལ་རས་པ་མཚར་རམ་རུས་པའི་རྒྱན་ཅན་མཚར།
?ཝང་ཡའོ་ནས་བྲིས་པའི<<མི་ལ་རས་པའི་རྣམ་མགུར་གྱི་དཔྱད་གཏམ>>ཞེས་པར་གསལ།