ཆོས་ལུགས་གང་དང་གང་ལའང་བྱུང་རིམ་མམ། འཕེལ་རིམ་ཁྲོད་ཡུན་གནས་ཡོང་ཐབས་དང་འབྲེལ་བའི་ཐབས་ལམ་རབ་དང་རིམ་པ་འཐེན་ཡོད་ཅིང་། དེའི་ནང་གི་གཙོ་བོ་གཅིག་འཁྲུག་སྤྱོད་ཀྱི་ཆ་འདི་རེད་ལ། དེའང་མི་ཞིག་གི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་པ་ཧ་གོ་ཡོད་མེད་གང་ལྟར༼གྲྭ་རྟ༽ཞེས་པའི་མིང་ཚིག་དམིགས་བསལ་བ་འདི་བོད་དུ་བྱུང་ནས་དུས་ཡུན་ག་ཚོད་ཅིག་ཕྱིན་ཡོད་མེད་སུ་ལའང་ཏག་ཏག་ཅིག་གསལ་ཁ་ཡོད་མི་སྲིད། སད་མི་བདུན་ནས་བཤད་ན་རིང་དྲགས་པའི་སྐྱོན་འབྱུང་སྲིད་ལ་སེང་རྡོར་ལགས་འཕྲད་སའི་བླ་རྒན་དེ་ནས་བརྩིས་ན་ཐུང་དྲགས་པའི་སྐྱོན་ཡོད་པ་གསལ་བོ་ཡིན་པར་མ་ཟད། ཞིབ་ཕྲ་སེང་རྡོར་ལགས་ཀྱི༼ཁུ་བ་གང་དགར་གཏོར་བའི་དགེ་བཤེས་ཚོ༽གཟིགས་འཚལ། དབུས་སྐད་ནང་དུ་དགེ་སློང་ནང་ཁུལ་གྱི་བྱ་སྤྱོད་འདིར་ཧ་ལམ༼ཕོ་ལྕམ༽ཞེས་འབོད་ཀྱིན་པར་འདོད། དེའང་བཀྲ་ཤིས་ཚེ་རིང་འབོད་པའི་གྲྭ་ཟུར་རྒན་པ་ཞིག་གི་རང་རྣམ<<བོད་ནི་ངའི་ཕ་ཁྱིམ་ཡིན།བོད་མི་ཞིག་གིས་ཁྱོད་ལ་བོད་ངོ་མ་ཞིག་གི་ལོ་རྒྱུས་བཤད>>(རྒྱ་ཡིག)ཏུའང་ཁོ་རང་སྔར༼ཕོ་ལྕམ༽དུ་གྱུར་ཚུལ་བཀོད་ཡོད། གང་ལྟར་བོད་ཡིག་ནང༼གྲྭ་རྟ༽འགོད་མཁན་ཐོག་མ་དེ་སེང་རྡོར་ལགས་ཡིན་པས། ལོ་ངོ་སྟོང་ཕྲག་རིང་གི་བརྣག་ཐུམ་འདི་བརྟོལ་རྒྱུ་ལས་སླ་བོ་ཞིག་མ་ཡིན་པའི་ཁར། <<རྟུལ་ཕོད>>ནི་དོན་ལ་གནས་པའི་རྟུལ་ཕོད་ཅིག་མ་ཡིན་པར་ལབ་མཁན་ཡང་འབྱུང་མི་སྲིད།
མཚན་མཐུན་འཁྲིག་སྤྱོད་ནི་དེང་སྐབས་ཁྲིམས་མཐུན་རང་བཞིན་གྱི་ལམ་ཁར་ཕྱོགས་ཀྱིན་པའི་ཞེ་བརྩེ་མཚོན་པའི་བྱ་སྤྱོད་ཡན་གར་བ་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་ཆེན་པོ་ཁག་གི་ནང་དུ་ཆོག་མཆན་ཡོད་པའི་འཁྲིག་སྤྱོད་ཀྱི་གྲས་ཡིན་ལ། གཉེན་སྒྲིག་ཀྱང་བྱས་ཆོག དེ་ཡང་ཕོ་དང་ཕོའི་བར་འཁྲིག་པ་སྤྱད་མཁན་ཚོར་དབྱིན་སྐད་ནང༼རྒའེ ༽(Gay)དང་། མོ་དང་མོའི་བར་འཁྲིག་པ་སྤྱད་མཁན་ཚོར་དབྱིན་སྐད་ནང༼ལེ་སུ་བྷེན༽(LESBIAN)འབོད་ཅིང་། རྒྱ་སྐད་ནང༼མཚན་མཐུན་དགའ་རོགས༽འབོད་ཀྱིན་་པས། བྱ་སྤྱོད་འདི་རིགས་དང༼གྲྭ་རྟ༽གཉིས་ཆ་མཉམ་གྱི་ལམ་ནས་བལྟ་རུང་མིན་ཁ་ཚོན་གཅོད་དཀའ་མོད། ༼གྲྭ་རྟ༽ཡང་བོད་ལུགས་མཚན་མཐུན་འཁྲིག་སྤྱོད་ཅིག་ཡིན་པས། བོད་ལ་མཚན་མཐུན་འཁྲིག་སྤྱོད་རིག་པ་དར་བའང་གཞན་རྗེས་སུ་ལུས་མེད་པའི་ཁར། གཤིབས་བསྡུར་ཞིབ་འཇུག་གི་རིན་ཐང་ཡོད་པའི་རིག་ཚན་འཐུས་སྒོ་ཚང་བ་ཞིག་ཀྱང་ཡིན་སྲིད་པས། མཐོང་ཆུང་དང་འཕྱ་སྨོད་ཀྱི་གྲས་སུ་མི་འདེད་པར་བློ་གཟུ་བོའི་ལམ་ནས་ཕྱི་ནང་གཉིས་ཀྱི་བྱ་སྤྱོད་ལ་གཤིབས་བསྡུར་གྱིས་ཞིབ་འཇུག་བྱེད་ཐུབ་པ་བྱུང་ན། དུས་རིམ་ཁག་གི་མཚན་མཐུན་འཁྲིག་སྤྱོད་འཕེལ་རིམ་དང་འབྲེལ་འཁྲིག་སྤྱོད་འཕྲོད་བསྟེན་ཡང་དག་པའི་ལམ་ནང་འཇུག་པར་ཕན་ཐོགས་རྒྱ་ཆེན་པོ་ཡོད་ངེས་ལ། དེ་ལས་བསྐྱེད་པའི༼འཁྲིག་སྤྱོད་བཅིངས་འགྲོལ་ལས་འགུལ༽ལམ༼ཐ་དད་པའི་འཁྲིག་སྤྱོད༽ལའང་ལམ་སྟོན་རང་བཞིན་གྱི་ནུས་པ་ཐོན་ཐུབ་པའི་ཁར། <<འདོད་པའི་བསྟན་བཅོས་ཕྱི་མ>>ཞེས་མཚན་གསོལ་ཆོག་ཆོག་ཡིན།
འདིར་བཤད་ཀྱིན་པའི༼འཁྲིག་སྤྱོད་བཅིངས་འགྲོལ་ལས་འགུལ༽ལམ༼ཐ་དད་པའི་འཁྲིག་སྤྱོད༽ཅེས་པ་ནི་ཚད་འཛིན་མེད་པའི་འཁྲིག་སྤྱོད་བཤད་ཀྱི་མེད་པའི་ཁར། གང་འདོད་དུ་འཁྲིག་སྤྱོད་བྱེད་ཆོག་ཅེས་པའི་དོན་ཡང་མ་ཡིན་པར༼འཁྲིག་སྤྱོད༽མ་གཞི་རིག་ཚན་ཡན་གར་བ་ཞིག་ཡིན་པས། དེ་ལ་ངེས་པར་དུ་ཤེས་དགོས་པའི་ཡན་ལག་ཉིང་ལག་མཐའ་ཡས་པ་ཞིག་ཡོད། ཕྱི་རྒྱལ་གྱི་སློབ་གྲྭ་ཁག་ཏུ༼འཁྲིག་སྤྱོད་སློབ་ཚན༽ལོགས་སུ་ཡོད་པས། འཁྲིག་པ་སྤྱད་པ་ཙམ་གྱིས་ཕྲུ་གུ་ཆགས་མི་ཡོང་བའི་ཁར། དུས་མིན་ནད་རིགས་སྔོན་འགོག་ལ་ནུས་པ་ཐོན་བཞིན་པ་དང༼མཆོག་གི་བདེ་བ༽ཞེས་པའི་འཚོལ་སྟངས་ལའང་གཞོགས་འདེགས་བྱེད་ཀྱིན་འདུག འདིའི་ཆ་ནས་བལྟ་སྐབས། ཤར་ཕྱོགས་པ་མང་ཆེ་ཤོས་དང་སྒོས་སུ་བོད་ནི་འཁྲིག་སྤྱོད་ལ་རྨོངས་པའི་མི་རིགས་ཤིག་རེད་ཅེས་བཤད་མ་ཆོག་པ་མེད་སྙམ་ཞིང་། འདིའི་ནང་དུ་ཐིག་ལེ་ཡར་འདྲེན་གྱི་ནུས་པ་སྦྱངས་ནས་རེག་ཡོད་མཁན་ཚོ་ཚུད་མེད་ལ། ནུས་པ་འདི་རྩ་རླུང་ལ་བརྟེན་ནས་མངོན་འགྱུར་བྱེད་ཀྱི་ཡོད་པས་ཡིན།
སྐབས་སུ་བབས་པའི་བརྗོད་གཞི་སྟེ། བོད་ཀྱི་མཚན་མཐུན་འཁྲིག་སྤྱོད་དམ༼གྲྭ་རྟ༽(བཙུན་མ་ཚོའང་མིང་གཞན་ཞིག་ཡོད་དམ)མཚོན་ན། ཞན་ཆ་མེད་པའི་བྱ་སྤྱོད་ཅིག་མ་ཡིན་པའི་ཁར། སྒོས་སུ་གྲྭ་བ་ཆུང་ཆུང་ཚོར༼གྲྭ་རྟ༽བརྒྱབ་པ་ཡིན་ན། གཅིག་ནས་མི་གཤིས་དང་འཚམས་ཀྱི་མེད་པ་དང་། ཕྱི་ནང་སུས་ཀྱང་བཟོད་བསྒོམ་བྱེད་མི་ཐུབ་པའི་བྱ་སྤྱོད་ཅིག་ཡིན་པར་མ་ཟད། ཧ་ལས་དགོས་པའི་དོན་རྐྱེན་ཁྱད་མཚར་བའི་གྲས་སུ་མི་འདེད་པའི་ངེས་པ་ནམ་ཡང་མེད། གཉིས་ནས་དེང་གནམ་བདག་ཆོས་ལུགས་ནང་འཕྲད་ཀྱིན་པའི་དཀའ་ངལ་ཏེ་ལོ་ཆུང་ཆོས་པའི་རྐུབ་ནང་འཁྲིག་པ་སྤྱད་མཁན་ཆོས་དཔོན་ཁག་ཁྲིམས་ལ་སྦྱར་ནས་ཆོས་ཁང་ཁ་ཤས་ཀྱིས་བསྐྱིན་ཚབ་སྒོར་མོ་ས་ཡ་མང་བོ་སྤྲད་དགོས་ཐུག་སྟེ་འུ་ཐུག་ཡོད་པའི་ཁར། ན་ནིང་གནམ་བདག་ཆོས་ལུགས་ཀྱི་བླ་ཆེན་སྐུ་དངོས་ཀྱིས་གསར་ལམ་ཁག་བརྒྱུད་ནས་ཆོས་པ་གཡེམ་དགའ་ཚོའི་བྱ་སྤྱོད་ཀྱིས་མང་ཚོགས་ཀྱི་ལུས་སེམས་གཉིས་ཀར་གྱོང་གུད་བཟོས་པར་བཟོད་གསོལ་ཞུ་དགོས་ཐུག་པ་རེད། ནམ་ཞིག་བོད་ལའང་གནད་དོན་དེ་ལྷགས་མི་སྲིད་པ་རྕ་བ་ནས་མིན་ཞེས་བརྗོད་ཆོག་པས། སེང་རྡོར་ལགས་ཀྱིས་དུས་སུ་འཁེལ་བའི་ལམ་ནས་བརྣག་ཐུམ་རྙིང་བ་ཞིག་བརྟོལ་འདུག་ཅེས་བརྗོད་ཆོག་སྙམ། དེ་མཚུངས་སུ་འདིར་དྲི་བ་ཁ་ཤས་ལྷགས་ཀྱི་ཡོད་དེ།
༡ བོད་བརྒྱུད་ནང་བསྟན་དགོན་པའི་ནང་དུ༼གྲྭ་རྟ༽མུ་མཐུད་དུ་གནས་དགོས་དོན་འདུག་གམ་མི་འདུག དེའི་ཚབ་ཏུ་རུང་བའི་བྱེད་ཐབས་གསར་བ་འདྲ་ཡོད་དམ། དཔེར་ན། སོག་པོའི་གྲྭ་བས་ལྕམ་བཞེས་ཆོག་པར་ལྟ་སྐབས། ༼གྲྭ་རྟ༽ཧ་ལམ་དར་ཐུབ་མེད་པར་འདོད། འདིའི་སྒང་ནས་ལྟ་སྐབས། ཉེ་ཆར་རྒྱ་གར་དུ་ཐོན་པའི་དགེ་བཤེས་དང་བཙུན་མའི་འཁྲིག་སྤྱོད་བརྙན་ཐག་ནི་གནད་དོན་འདི་རིགས་སེལ་བྱེད་ཀྱི་ལམ་ཁ་ཡན་གར་བ་ཞིག་ཏུ་བཤད་ཀྱང་མ་ཆོག་པ་འདུག་གམ།
༢ གལ་སྲིད་སྔར་སྲོལ་རྒྱུན་སྐྱོང་བྱེད་དགོས་ཀྱི་ཡོད་ན། བན་ཕྲུག་ཚོའི་ཁེ་དབང་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་ཅིང་། འདི་ནི་ཆ་རྐྱེན་གང་ཡང་མེད་པའི་ལམ་ནས་སྲུང་སྐྱོབ་ཐུབ་དགོས་པའི་གྲས་ཀྱི་གཅིག་ཡིན། དཔེར་ན། ཕྱི་རྒྱལ་ཁག་ཏུ་ལོ་ཆུང་ཚོར་འཁྲིག་པ་སྤྱོད་པའམ་བཙན་གཡེམ་བྱེད་མཁན་ཚོར་ཁྲིམས་ཆད་ལྕི་མོ་ཕོག་རྒྱུ་ཕར་ཞོག་བཙོན་གྲོལ་ཐོབ་རྗེས་འགྲོ་ས་མི་བརྙེད་པའི་དཀའ་ངལ་ལ་འཕྲད་ཀྱིན་ཡོད། དེའང་མི་རྣམས་ཀྱིས་མི་དེ་རིགས་ནས་ལོ་ཆུང་ཚོར་ཉེན་ཁ་བཟོ་སྲིད་པར་ངོས་འཛིན་བྱེད་ཀྱིན་པས་ཡིན།
༣ <<འདུལ་བ>>ནི་བོད་ལུགས་མཚན་མཐུན་འཁྲིག་སྤྱོད་ལ་གུ་ཡངས་ཡོད་པའི་གཞུང་ཞིག་ཡིན་ནམ། དྲི་བ་འདི་བོད་བརྒྱུད་ནང་བསྟན་རྒྱུད་འཛིན་གནང་མཁན་གྱི་བླ་ཆེན་ཚོའི་ལན་རྒྱག་བྱར་གྱུར་ཡོད་ཅིང་། དྲི་བ་འདི་ཡོང་ངེས་པ་ནི༼གྲྭ་རྟ༽རང་ངོས་ནས་བསྐྱེད་ཡོད་པ་ཞིག་ཡིན།
ཁ་ནུས་ཟས་ཟ་བཤང་ལམ་སྐྱག་པའི་ཁུང་།
སྟུ་ལྡག་མཇེ་མུར་དར་བས་འཁྲུག་པ་དང་།
བརླ་བར་མཆན་ཁུང་གྲུ་ཁུག་སྒྱིད་ཁུག་སོགས།
༼གྲྭ་རྟའི༽དབྱར་གནས་ཡིན་ནམ་འཕྱང་མོ་ཉུག
ཞེས་པ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚབ་ཏུའོ། །