མི་ཆོས་རིང་ལུགས་ལ་འགྲེལ་ཚུལ་སྣ་མ་སྣ་ཚོགས་ཤིག་ཡོད་ཅིང་། གཞུང་ལུགས་ཀྱིས་བཅངས་ནས་དེབ་རྒན་མཐའ་ཡས་པ་ཞིག་མཐོང་ལམ་དུ་བསྟར་གྱི་ཡོད་ལ། མི་གཞིའི་རིན་ཐང་སྟེ་ཚེ་སྲོག་དང་འཚོ་སྡོད། བདེ་སྐྱིད་དང་རོགས་རེས་མངོན་འགྱུར་བྱེད་ཐབས་ཡིན་པས། དེ་དག་མངོན་འགྱུར་བྱེད་ཐུབ་མིན་མི་ཆོས་རིང་ལུགས་ཀྱི་ནང་སྙིང་ངམ་མཚོན་དོན་གཙོ་བོར་ཐུག་ཡོད་དེ། མདོར་ན་སྐད་ཆ་དྲང་མོར་བཤད་ཕོད་མི་ཕོད་ལ་ཐུག་ཡོད། སྐད་ཆ་འདི་ཐོས་མ་ཐག་མི་ཚང་མས་རང་རང་སོ་སོའང་སྐད་ཆ་དྲང་མོར་བཤད་ཐུབ་མཁན་ཤ་སྟག་ཡིན་བསམ་སྲིད་མོད། ལག་ལེན་ཁྲོད་དངོས་སུ་བཏབ་པའི་ཉིན་མོར༼ཕོད༽ཅེས་པ་འདིའི་ཁ་གཏད་དུ་ལངས་དགོས་ཀྱི་ཡོད་པས། ༼ཁ་ནས་བཤད་ན་ལྷ་ལས་ཤིང་། ལག་ཏུ་བཞག་ཉིན་སྣབས་ལུག་ཡོང༽ཞེས་པ་ལས་འདའ་ཐུབ་ཀྱི་མེད། དེ་བས། མི་ཆོས་རིང་ལུགས་ཀྱི་ངོས་གཉིས་ནི་དྲང་བཤད་དང་ཕོད་མཁན་ཞེས་པ་འདི་གཉིས་ཡིན་ལ། ངོས་དེ་གཉིས་ཏག་ཏག་སེང་རྡོར་ལགས་ཀྱི་ཟིན་བྲིས༼སོ་སྐྱེའི་སྐད་སྒྲ༽ལས་མཐོང་ཐུབ་ཀྱི་འདུག ཚབ་མཚོན་འགའ་དྲངས་ན་འདི་ལྟ་སྟེ། ༼ རིགས་སྤུན་མདའ་སྨྱུག་ཀྱེ། ཁྱེད་རང་མི་ཡུལ་དུ་བཞུགས་སམ་མི་བཞུགས།༽ལྟ་བུ་རེད་ལ། གཤམ་གྱི་དྲ་ཐིག་བརྒྱུད་ནས་བསྐྱར་ཀློག་གནང་རོགས། (u/sanggeduojie/archives/2009/6348.html) གཞན་གཅིག་དེ༼རྐང་ཚའི་བྱིས་པ་ཞིག་གིས་རང་སྲོག་བཅད་པར་འབྲེལ་ཡོད་ཀྱི་སྐད་ཆ༽ཡིན་པས། བསྐྱར་ཀློག་བྱེད་འོས། (u/sanggeduojie/archives/2008/1385.html ) ཡང་༼ལོ་གསར་ལ་བཏང་བའི་གཞས༽འདི་གཤམ་གྱི་དྲ་ཐིག་འདིའི་སྒང་བརྒྱུད་ནས་ཀློག་དང་ད་གཟོད་ཤེས་ཐུབ།
ཧི་གཟུགས་ཀྱི་ཀློག་མཁན་ཞིག་ལ་མཚོན་ན། སེང་རྡོར་ལགས་ཀྱི་འབོལ་རྩོམ༼དྲིན་ཕ་མ་ཉི་ཟླ་རྙེད་མེད་རེད།___ གཤེགས་ལ་ཉེ་བའི་རང་གི་ཨ་མ་ལགས་ལ་བཟོད་གསོལ་དུ། ༽ཞེས་པ་འདི་ཀློག་ཡོད་སྲིད་ལ། མིག་ཆུ་བརྡོལ་བའམ་སེམས་སྐྱོ་བའི་གནས་སུ་བསྐྱལ་ཡོད་པ་གསལ་བོ་ཡིན། འོ་ན། ཅིའི་ཕྱིར་རྩོམ་ཡིག་འདིས་མི་རྣམས་མིག་ཆུ་བརྡོལ་བའམ་སེམས་སྐྱོ་དགོས་པའི་གནས་སུ་བསྐྱལ་བ་རེད་དམ། འདིར་སྒྱུ་རྩལ་བརྩམས་ཆོས་ཀྱི་ཁྱད་ཆོས་སམ༼ཀུན་གྱིས་བརྗོད་འདོད་ཀྱིན་པ་ཞིག་ཐོག་མར་ཡི་གེ་ཕབ་ཐུབ་ཡོད༽པ་མ་ཐེ་བའམ་ཕུད་ཤུལ་དུ་མཐོང་ཡོང་བའང༼དྲང་བཤད༽ཀྱི་ཆ་དེ་ཡིན་ལ། དེང་སྐབས༼དྲང་བཤད༽ཀྱིས་འདི་ལྟར་མིག་ཆུ་སློང་ཐུབ་དོན་ཡང་ཚུལ་འཆོས་ཀྱི་ཕྱི་ཤུན་བཤུས་ནས་མི་ངོ་མ་ཞིག་གི་དགའ་སྐྱོ་ཆགས་སྡང་མཚོན་ཡོད་པས་ཡིན་ཞིང་། ཕྲན་གྱིས་བྱ་སྤྱོད་འདི་བཞིན༼མི་གཤིས་ཀྱི་བརྟུལ་ཕོད་བསྐྱར་བཞེངས༽ལ་གོ་བ་ལེན་གྱི་ཡོད། མ་གཞི་མི་གཤིས་འདི་གདོད་མ་ནས་ཡོད་པ་ཞིག་ཡིན་ནའང་། ལོ་ངོ་ཁྲི་ཕྲག་མང་བོ་བརྒྱུད་ནས་དེང་གི་དུས་སྐབས་སུ་སླེབས་མཚམས་གཤིས་ཀ་དེ་ཚུལ་འཆོས་ཀྱི་བྲན་དུ་གྱུར་ཡོད་པར་མ་ཟད། ང་དང་ཁྱོད་འདུ་བའི་མི་རྣམས་ད་དུང་བྲན་ར་འདིར་ཁ་འབྲལ་ཐུབ་མེད་པ་དང་རང་ཉིད་ཀྱི་མི་འདང་སར་གླེང་སློང་ཕར་ཞོག་གསང་སྦས་ནས་གཡོལ་ཐབས་འཚོལ་བཞིན་པས་ཀྱང་ཡིན། ངོས་འདི་ནས་ལྟ་སྐབས། དྲང་བཤད་ཕོད་མི་ཕོད་ནི་ཆེ་ས་ནས་སྤྱི་དོན་དང་ཆུང་ས་ནས་སྒེར་དོན། དེ་ལས་ཀྱང་ཞིབ་ས་ནས་ཉིན་རྒྱུན་གྱི་འཚོ་བའི་ཟུར་ངོས་ཡོད་ཚད་ལ་ཁྱབ་ཡོད་པའི་བྱ་སྤྱོད་ཅིག་ཏུ་ངོས་འཛིན་བྱེད་འོས་པས། དྲང་བཤད་ཀྱི་གོམ་རིམ་ལས་མི་ཆོས་རིང་ལུགས་ཀྱི་སྤུས་ཀ་ཐག་གཅོད་བྱེད་ཀྱི་ཡོད་ཅིང་། སྤུས་ཀ་དེ་ལས་ད་གཟོད་ལས་དོན་གང་དང་གང་ཡང་རུང་བ་ཞིག་གི་དར་རྒུད་ཐག་གཅོད་བྱེད་ཀྱི་ཡོད་པ་གསལ་བོ་ཡིན་པར་གོར་མ་ཆག
གོང་དུ་བརྗོད་ཟིན་པའི་དྲང་བཤད་དང་ཕོད་མཁན་གཉིས་ནི་དེ་ལྟར་བྱུང་ཞིང་། འདི་ལྟར་འོད་སྟོང་འབར་བ་ཞིག་ཡིན་ནའང་། ད་དུང་གནད་དོན་ནམ་དོན་དག་གཞན་ཞིག་ལ་ངེས་པར་དུ་གདོང་ལེན་བྱེད་དགོས་ཀྱི་ཡོད་ལ། དེའི་ཐད་ཀྱི་སྔོན་འགྲོའི་བསམ་བློ་ནི་སེང་རྡོར་ལགས་ཀྱི་སྙན་རྩོམ༼བདེན་པའི་དོན་དུ་བླ་མའི་ཆོས་འབྲེལ་གཅོད། །བདེན་པའི་དོན་དུ་ཕ་མའི་ཐུགས་སྨོན་གཅོད། །བདེན་པའི་དོན་དུ་རང་གི་ཁེ་ཕན་གཅོད། ངོ་སོ་མེད་པའི་རལ་གྲི་དེ་རིང་གཡུག བདེན་པའི་དོན་དུ་ངན་མཚང་རྗེན་པར་སྨྲ། བདེན་པའི་དོན་དུ་ཆགས་གཏམ་ཤར་མར་བརྗོད། བདེན་པའི་དོན་དུ་རང་མིང་ཐལ་བར་གཏོང་། གྱོན་གོས་མེད་པའི་ལུས་པོ་དེ་རིང་སྟོན། བཙུན་པའི་ཕ་ཡབ་རྣམས་ནི་ཐུགས་མ་སྐྱོ། སྐུ་ལོའི་མ་ཡུམ་དག་ཀྱང་ཞེ་མ་འཚབ། བདེན་པའི་དོན་དུ་སུ་ཞིག་སྨྱོས་གྱུར་ན། འདི་འདྲའི་གླེན་རྟགས་སྟོན་པ་བཅོས་སུ་མེད། 2005.3.11སྙན་ངག་བསྡུས་དེབ<<གྲུ་ཟུར་གྱི་གསལ་སྒྲིབ>>ལས་བདམས༽ལ་གཟིགས་འོས་ཤིང་། ད་གཟོད༼དྲང་བཤད༽ནི་ཁེ་གྱོང་མཉམ་གནས་སུ་ཡོད་པའི་བྱ་སྤྱོད་ཅིག་ཡིན་པ་ཤེས་ཐུབ་ལ། དེ་གཉིས་གཤིབས་བསྡུར་བརྒྱུད་ནས་གང་གི་ལྕི་ཚད་མཐོ་བའམ། གང་བདེན་པར་བར་ཐག་ཉེ་ན་དེའི་ཕྱོགས་སུ་འབད་འོས་པར་སྣང་། ཡིན་ནའང་། ཕུགས་བསམ་གྱི་དུས་རབས་ལ་མཚོན་ན། སྒེར་དོན་ལས་སྤྱི་དོན་གལ་ཆེར་འཛིན་ཞིང་། གནས་སྐབས་རིང་གི་དཀའ་བ་ཁྱད་དུ་གསོད་ཀྱིན་ཡོད། དེ་ལས་ལྡོག་པ་ནི་སྤྱི་དོན་ལས་སྒེར་དོན་གཙིགས་ཆེན་དུ་འཛིན་བཞིན་པ་སྟེ། ཤེས་བཞིན་དུ་རྫུན་སྨྲ་མཁན་ཡང་འདིའི་ནང་དུ་འདུ་བ་ཡིན་པས། ཉུང་མཐར་སྤྱི་དོན་དང་རང་དོན་དོ་མཉམ་དུ་འཛིན་མཁན་ཞིག་ལ་སྤྱི་ཚོགས་ཀྱི་གྲུ་ཁ་ཡོངས་ན་རེ་བ་རྒྱག་གི་ཡོད་པ་རེད། འོ་ན། དེང་སྐབས༼དྲང་བཤད་ཕོད་མཁན༽འདི་ལྟར་ཤིན་ཏུ་ཉུང་ཞིང་ཉག་ཕྲ་དོན་གང་ཡིན་ཞེ་ན། དེ་ནི་གཙོ་བོ་གཞན་གཅུན་ལ་ཐུག་ཡོད་པ་ཞིག་ཡིན་མོད། ཞིབ་ཏུ་དཔྱད་སྐབས། གོ་རིམ་དེའི་ནང་དུ་གཞན་གཅུན་ལས་བྱུང་བའི་དཔེར་མཚོན་རེ་འགའ་རྒྱུ་མཚན་དུ་བྱས་ནས་རང་གཅུན་གྱི་གཟེབ་ནང་དུ་ལྷུང་བ་ནི་འགོག་རྐྱེན་ཆེ་ཤོས་སུ་བཤད་ཆོག་ཅིང་། འདིར་གཏམ་དཔེ་ལྟར་བཤད་ན། ༼རྐྱང་རྐྱང་ལ་འདྲོགས། རྐྱང་ཞར་མ་རང་ལ་འདྲོགས༽ཞེས་པར་ཐུག་ཡོད་སྙམ། འདིར༼ཞར༽ཞེས་པ་ནི༼ལོང་བའི༽དོན་ཡིན།
ང་ཚོས་མཉམ་དུ་འདིར་བསམ་གཞིགས་བྱ་འོས་པའི་དོན་དག་ཁ་ཤས་ཤིག་ཀྱང་འདུག་སྟེ།
༡ ང་ཚོ་དང་བརྟུལ་ཕོད་དམ་དྲང་བཤད་ཕོད་མཁན་ཞིག་ལ་བར་ཐག་ག་ཚད་འདུག་གམ།
༢ དྲང་བཤད་ཕོད་མཁན་ཞིག་གི་ལམ་ཁར་བསྐྱོད་ན་ཉུང་མཐར་རང་ཉིད་ཀྱི་མིང་ངོ་མ་བཀོལ་ནས་དཔྱད་བརྗོད་སྤེལ་བའམ་བསམ་ཚུལ་བཤད་ཐུབ་དགོས་ཀྱི་ཡོད་དམ།
༣ དྲང་བཤད་མ་ཕོད་པའི་ཉེར་ལེན་ལ་བརྟེན་ནས་ཆེ་ས་ནས་གཞན་དང་ཆུང་ས་ནས་རང་ལ་གྱོང་གུད་ག་ཚད་ཅིག་རེག་གི་འདུག་གམ།
༤ གལ་སྲིད་མི་རྣམས་དྲང་འཁྱོག་གཉིས་ལས༼དྲང༽ལ་སྐོམ་པ་ཆུ་འདོད་ལྟར་རེ་བཞིན་ཡོད་ན། ༼འཁྱོག༽ལས་ཐར་བའམ་གྲོལ་རྒྱུ་འདི་ལྟར་དཀའ་ལས་ཅན་ཞིག་ཏུ་གྱུར་དོན་གང་ཡིན་ནམ།
དྲང་བོའི་ངག་གིས་གསོང་བོའི་གཏམ་སྨྲ་མཁན།
སྲིད་པ་རྒན་པོ་ཞེས་གྲགས་དེང་གི་བུ།
ཆགས་འཇིག་ཡོ་ལང་གར་གྱི་སྡིངས་ཀ་ནས།
འོད་དུ་འཚེར་ཉིན་སྲིན་བྱ་ལོང་དོན་ཅི།
_____ཞེས་པ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚབ་ཏུའོ། །
དྲང་བཤད་དང་ཕོད་མཁན་གཉིས་ལས་ཅི་ཞིག་སྟོན་བཞིན་ཡོད་དམ་ཞེ་ན། རྣམ་དཔྱོད་དང་ཤེས་རྒྱ་ཁྱད་དུ་འཕགས་པ་ཞིག་གཞིར་གཞག་གིས་བློ་ཁོག་གམ་སྙིང་སྟོབས་ཤིག་མི་རྣམས་ཀྱི་སྤྱན་ལམ་དུ་བསྟར་བཞིན་པར་མ་ཟད། འདི་ནི་སྤྱི་ཚོགས་ལ་འགན་ལེན་ཡོད་པའི་བྱ་སྤྱོད་མཆོག་ཏུ་གྱུར་བ་ཞིག་ཡིན་ལ། སྲོལ་རྒྱུན་ལྟར་ན་གཞན་ཕན་ཞེས་པའི་མཚོན་དོན་ལའང་འདི་དག་ལས་ལྷག་པའི་བྱ་སྤྱོད་གཞན་ཞིག་འཇོག་རྒྱུ་མེད་པ་གསལ་བོ་ཡིན་ཞིང་། བྱ་སྤྱོད་འདི་རྩོམ་གཞི་ནས་ཕ་མཐའི་བར་བགྲོད་པར་ཁ་ཐག་རིང་བ་དང་གྲུབ་འབྲས་ཀྱང་འདི་ཡིན་ཞེས་སྟོན་རུང་ཞིག་མེད་མོད། མི་རིགས་ཤིག་གི་མདུན་ལམ་ཁྲོད་སྣེ་ཁྲིད་དམ། མིག་དཔེ་རང་བཞིན་གྱི་གོ་གནས་གལ་ཆེན་བཟུང་ཡོད་པ་ཞིག་ཡིན། གལ་སྲིད་མི་རིགས་ཤིག་ལ་དྲང་བཤད་ཕོད་མཁན་གཅིག་ཀྱང་མ་བྱུང་བའམ། མེད་པར་གྱུར་བའི་ཕྱི་ཉིན་མི་རིགས་དེ་ཉིད་ཉམས་ཉེན་ལ་ཐུག་ཟིན་པ་གསལ་བོར་མཚོན་བཞིན་ཡོད་པས། དོན་ལ་བྱ་སྤྱོད་འདིར༼ཁྲེལ་གཞུང་ངམ་ཕྱི་ཐག་གི་བརྟུལ་ཕོད༽ཅེས་འབོད་འོས་པར་འདོད། རྒྱུ་མཚན་ཁ་ཤས་ཤིག་བགྲངས་པ་ཡིན་ན། དེང་གི་ཆར་དོན་དག་འདི་རིགས་ལ་ཕྱི་ཚུལ་དུ་དོ་སྣང་བྱེད་མི་མང་བོ་ཡོད་ཀྱང་དོན་དངོས་སུ་དྲང་མོར་བཤད་ཕོད་མཁན་ཁ་ཤས་ཤིག་མ་གཏོགས་ལྷག་མེད་པའམ། མཐོང་དུ་མེད་པའི་ཆ་ནས་ཀྱང་བྱ་སྤྱོད་འདིའི་རིན་ཐང་ངོ་འཕྲོད་ཡོང་ལ། བྱ་སྤྱོད་འདི་བཞིན་འབྱུང་ཡུལ་དངོས་དེ་སྤྱི་དོན་ཐད་ཀྱི་ཕྱི་ཐག་གམ་ཁྲེལ་གཞུང་ངོ་མ་དེ་ཡིན་ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཐུབ། དཔེར་མཚོན་འགར་ལྟ་འདོད་ན། ཕྲན་གྱི་རྩོམ་འཁྱོག༼དྲ་ཡོམ་དང་བསམ་གཞིགས༽ལ་གཟིགས་འཚལ།