འཛམ་གླིང་སྤྱི་དང་སྒོས་སུ་བོད་གཙོས་ནང་བསྟན་དར་ཡུལ་ཁག་ལ་མཚོན་ན། ཕྱོགས་གཅིག་ནས་བསམ་བློའི་ཁྱབ་ཁོངས་སུ་གཡོ་ཡོམ་འབྱུང་ངེས་པ་དང་བྱུང་སྲིད་པ་ནི་སྟོན་པ་ཤཱཀྱ་ཐུབ་པས་རང་ཉིད་ཀྱི་བསྟན་པ་འདི་བཞིན་དོགས་སློང་བྱེད་ཆོག་པའི་ཁར། བསྲེགས་བཅད་བརྡར་གསུམ་བརྒྱུད་ནས་གཏན་འབེབས་བྱེད་འོས་པ་ཞིག་ཏུ་ངོས་འཛིན་གནང་ཡོད་པར་ཐུག་ཡོད། ཕྱོགས་གཞན་ཞིག་ནས་དེའི་ཉེར་ལེན་གྱིས་དེང་ཆོས་ལུགས་གཞན་དག་ལས་ནང་བསྟན་རིག་པ་གཅིག་པུ་ཚན་རིག་དང་མཉམ་བསྐྱོད་མཉམ་བསྡུར་བྱེད་ཐུབ་ཡོད་ཅིང་། དེའང་རྒྱ་གར་ངྷ་རམ་སཱ་ལ་ནས་རིམ་བཞིན་ནང་བསྟན་དང་ཚན་རིག་གཤིབས་བསྡུར་ཞིབ་འཇུག་གི་ཚོགས་འདུ་ཕྱི་ལོ ༢༠༠༩ལོའི་བར་ཐེངས ༡༨ལ་བསྡུ་བསྐོང་གནང་ཡོད་པར་ཐུག་ཡོད་པ་ཞིག་ཀྱང་ཡིན་སྟབས། ཞིབ་ཕྲ་ཕྲན་གྱི་ཟིན་བྲིས་སུ་སྤེལ་བའི་གསར་གནས༼ཚན་རིག་དང་ནང་ཆོས་དགའ་བོ་ཆགས་གྲབས་འདུག༽(u/Dongsi/archives/2009/10358.html) གཟིགས་འཚལ།
དེང་སྐབས་གཙོ་བོ་ནང་བསྟན་གྱི་བྱེད་ནུས་བསྔོག་འདོན་བྱེད་ཀྱིན་པ་སྟེ། ༼ ལོ་ངོ༢༢རིང་ལ་ཚན་རིག་དང་ནང་ཆོས་བར་བགྲོ་གླེང་གོ་བསྡུར་དང༌།བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་དེ།གནད་འགག་ཁག་ཅིག་ལ་གྲུབ་འབྲས་ལྡན་པ་བྱུང་ཡོད་པར་ཡིད་ཆེས་ཡོད།ཕྱི་དངོས་པའི་གནས་ལུགས་དང་རྡུལ་ཕྲན་གྱི་རྣམ་བཞགནང་སེམས་ཀྱི་ཆོས་ཉིད།ལྷག་པར་དུ་ཚོར་ཤུགས་ཧ་ཅང་རྣོ་བའི་ནང་སེམས་ཀྱི་མྱོང་ཚོར་དང་འགྱུར་འགྲོས་བཅས་ལ།ང་ཚོའི་གྲོས་བསྡུར་རིམ་པ་བྱས་ཏེ་གསལ་བོ་ཆགས་ཡོད།དེར་བརྟེན།ནང་སེམས་ཀྱི་བྱེད་ལས་ལ་དོ་སྣང་མེད་རིགས་ཚོར་ཡང་དོ་སྣང་གསར་དུ་སླེབས་ཡོད།༽ ཡིན་ནའང་། ནང་བསྟན་དང་ཚན་རིག་བར་འགལ་བ་རྩ་བ་ནས་མེད་པ་ཡིན་ནམ་ཞེ་ན། དེའང་མ་རེད། དཔེར་ན། ཚན་རིག་གི་འཇིག་རྟེན་ཆགས་ཚུལ༼སྒོང་གཟུགས༽དང་ནང་བསྟན་གྱི་འཇིག་རྟེན་ཆགས་ཚུལ༼འཇོང་གཟུགས༽གཉིས་འགལ་བ་ལྟག་སྤྲོད་ཡིན་པས། ཉུང་མཐར<<བཀའ་པོད་ལྔ>>ལས<<མཛོད>>ལ་ཚན་རིག་དང་གཤིབས་བསྡུར་གྱི་རིན་ཐང་ཆེར་མེད་པར་གྱུར་ཡོད་ཅིང་། དེ་མིན་སྐྱེ་བ་སྔ་ཕྱི་དང་མྱང་འདས། སངས་རྒྱས་ཀྱི་གོ་འཕང་སོགས་གཤིབས་བསྡུར་གྱི་ཁྱབ་ཁོངས་སུ་ཚུད་མེད། གཞན་ཉི་འཛིན་ཟླ་འཛིན་གྱི་འགྲེལ་སྟངས་ཀྱང་རྦད་དེ་ཚན་རིག་དང་ཁ་ཁར་གྱུར་ཡོད་པ་རེད། དེ་བས། ནང་བསྟན་རིག་པར་ལྟ་སྐབས། ཚན་རིག་གི་ཆ་ཞིག་དང་མཚན་ཉིད་རིག་པའི་ཆ་ཞིག རྩོམ་རིག་གི་ཆ་ཞིག་དང་དད་པའི་མ་ལག་གི་ཆ་ཞིག་བཅས་ཁག་བཞི་རུ་དབྱེ་འོས་ཤིང་། དེང་སྐབས་གནད་དོན་མང་ཆེ་ཤོས་དད་པའི་མ་ལག་གི་ཁྱབ་ཁོངས་སུ་ཐོན་བཞིན་པར་མ་ཟད། སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་འདས་དང་བཀའ་བསྡུའི་བྱུང་རིམ་བཅས་ལའང་བཤད་སྟངས་གཅིག་གྱུར་ཞིག་ཡོང་ཐུབ་མེད།
གནས་སྟངས་འདིའི་སྒང་ནས་བཤད་ན། སེང་རྡོར་ལགས་ཀྱི་སྨྱུག་ཁ་ནས་ཐོན་པའི<<ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང__ སངས་རྒྱས་ཆོས་ལུགས་ཐད་ཀྱི་ཟིན་བྲིས>>ནི་ནང་བསྟན་ཞིབ་འཇུག་པ་ཞིག་གིས་ལོ་མང་ཉམས་ཞིབ་བརྒྱུད་ནས་ནང་བསྟན་རིག་པའི་བྱུང་བ་དང་འབྲེལ་བའི་ཁྲོད་དུ་བརྙེད་པའི་དྲི་བའམ། དོགས་སློང་ཕྱོགས་བསྡུས་ཤིག་སྟེ། ཞིབ་ཀློག་མ་གནང་བའི་ཡར་སྔོན་ནས་བསྡོམས་ཚིག་འཇོག་པའམ་ལྟ་ལོག་ཡིན་ཤག་གནང་བ་ཡིན་ན། སྟོན་པ་ཤཱཀྱ་ཐུབ་པའི༼བསྲེགས་བཅད་བརྡར༽གསུམ་གྱི་དགོངས་དོན་དང་འགལ་གྱི་ཡོད་པའི་ཁར། དེ་ལྟུའི་བརྟུལ་ཞུགས་འཛིན་མཁན་དག་ལྟ་ལོག་མ་ཡིན་པའི་སྒྲུབ་བྱེད་གཞན་ཞིག་གང་དུ་ཡོད་དམ། ཡང་ཅིག་བཤད་ན། ནང་བསྟན་ཡིན་ན་དོགས་སློང་བྱེད་ཆོག་པའི་ཁྱབ་ཀྱི་ཡོད་པ་དང་དོགས་སློང་བྱེད་ཆོག་པའི་ཆོས་ལུགས་ཀྱང་འཛམ་གླིང་འདིར་ནང་བསྟན་ཁོ་ན་ཡིན་པས། འདི་ནི་གཟི་བརྗིད་ཅིག་དང་ངོམ་སོ་བྱེད་འོས་པ་ཞིག་ཡིན་པའི་ཁར། ནང་བསྟན་རང་ངོས་ཀྱི་བསྟན་དོན༼འདུས་བྱས་ཐམས་ཅད་མི་རྟག་པར༽སྒོ་ཀུན་ནས་མཐུན་ཞིང་། ནང་བསྟན་རིག་པ་ཡུན་གནས་དང་འཐུས་སྒོ་ཚང་བའི་ཕྱོགས་སུ་བསྐུལ་འདེད་ཀྱི་རྒྱུ་རུ་ཇི་ལྟར་མ་གྱུར་བ་རེད་དམ། འདི་ནི་ནང་བསྟན་རིག་པའི་དད་པའི་མ་ལག་ཏུ་དག་ཐེར་ཡང་དག་ཅིག་བྱེད་འོས་པའི་དུས་སུ་འཁེལ་ཟིན་པར་ཅིས་གོ་མ་ཆོག་པ་རེད་དམ།
<<ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང__ སངས་རྒྱས་ཆོས་ལུགས་ཐད་ཀྱི་ཟིན་བྲིས>>གི་མགོ་མཇུག་བར་གསུམ་ཞིབ་ཏུ་ཀློག་པ་ཡིན་ན།ཐེར་འདོན་ནམ་དོགས་སློང་གི་ཆ་ལས་ཐད་ཀར་སྟོན་པ་བསྙོན་འབྱིན་བྱས་པའི་ཆ་ཞིག་མཐོང་དུ་མེད་ཅིང་།དེའང་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་དེ་བཞིན་སྟོན་པ་ཤཱཀྱ་ཐུབ་པ་ལས་བརྒྱུད་ནས་གྲུབ་པ་ཞིག་ཡིན་མིན།ལུང་ཚིག་རེ་འགའི་སྒང་གི་ནང་འགལ།བཀའ་འགྱུར་ལས་སྐོར་ཞིག་སྟོན་པའི་གསུང་ལ་བརྫུས་པའི་དོགས་གཞི་སོགས་རྩལ་དུ་སྤྲུགས་ཡོད་པས་སྟོན་པ་ཤཱཀྱ་ཐུབ་པའི་དགོངས་དོན་དངོས་སམ༼བསྲེགས་བཅད་བརྡར་གསུམ་གྱི་དགོངས་པར༽ལྷུ་འགྲིག་ཆ་འགྲིག་ཏུ་གྱུར་ཡོད་པར་མ་ཟད།སེང་རྡོར་ལགས་ཀྱི་ཚིག་བཅད་གཞན་གཅིག་གིས་ཀྱང་དེ་དོན་མཚོན་ཐུབ་ཀྱི་ཡོད་དེ།༼སྟོན་པའི་དགོངས་པ*ཡིན་ས་ཡོད་ལ་མ་ཡིན་དེ་དང་འགལ་ས་ཡོད། ཀླུ་སྒྲུབ་ལུགས་དང་མཐུན་ས་ཡོད་ལ་མི་མཐུན་དེ་དང་ལྡོག་ས་ཡོད། ཚད་གྲུབ་མིན་པའི་ཚད་མ་ཞིག་ཀྱང་ཕྲ་ཞིབ་རིག་པས་འཇོག་བཞིན་ཡོད། དབུ་མ་མིན་པའི་དབུ་མ་ཞིག་ཀྱང་མི་ཡི་སྤོབས་པས་སྒྲོག་བཞིན་ཡོད།༽ གལ་སྲིད་སུ་ཞིག་གི་སྣང་བར་དོགས་སློང་འདི་དག་མི་འགྲོ་ན། དོགས་སེལ་དགག་བཞག་སྤེལ་འོས་པ་ལས་གང་བྱུང་དུ་སྡིགས་དམོད་བྱེད་པ་ནི་རང་རྐུབ་རང་གིས་བརྟོལ་བ་ལས་མེད། དོན་ལ་ནང་བསྟན་གྱིས ༼སངས་རྒྱས་ཆོས་དགེ་འདུན༽གསུམ་གཞི་རྩར་བཟུང་ཡོད་པས།མ་རིག་པ་ལས་སངས་པར་བྱེད་རྒྱུའམ། རྟོགས་པ་སད་རྒྱུ་དམིགས་ཡུལ་ལམ་བསྙེག་ཡུལ་དང་དེ་ལུགས་འགྲུབ་པར་བྱེད་པའི་ཐབས་ལམ་ཆོས་ཀྱི་གནས་ལུགས་ཇི་བཞིན་ཤེས་པར་བྱེད་པའི་སྒང་ལ་བབས་ཡོད་པས། ཐབས་ལམ་དེ་དག་ལག་ལེན་དུ་འདེབས་མཁན་དགེ་འདུན་པའི་སྡེ་ཡིན་པ་སྟོན་བཞིན་པའི་ཁར།དགེ་འདུན་པའང་བདེ་བའམ། གནས་ལུགས་འཚོལ་ཐབས་སྟོན་མཁན་ཙམ་ལས་འདྲེན་མཁན་ནམ་སྐྱོབ་མཁན་ཡིན་ཞེས་སྟོན་གྱི་མེད་ཅིང་།༼རང་ཉིད་རང་གི་མགོན་ཡིན༽ཞེས་མཐའ་མཇུག་རང་ཉིད་ཀྱིས་རང་ཉིད་སྐྱོབ་དགོས་ཀྱི་ཡོད་པ་མ་གཏོགས་སྐྱོབ་མཁན་གཞན་ཞིག་ལོགས་སུ་མེད་ཅེས་གསལ་ཡོད་ལ། ༼ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་ཐེག་པ༽ཞེས་ཐུབ་པའམ། སངས་རྒྱས་རྣམས་ཀྱིས་མི་གཞན་གྱི་སྡིག་པ་ཆུས་བཀྲུ་བ་ནང་བཞིན་གནང་བའི་ནུས་པ་མེད་པ་བསྟན་ཡོད། དེ་བས།ལྷ་ཡུལ་ནས་ཁུར་ཡོང་བ་དང་ཀླུ་ཡུལ་ནས་དྲངས་ཡོང་བ་ཡིན་ཞེས་པའི་བཤད་སྟངས་སོགས་ནང་བསྟན་དང་ལྟག་སྤྲོད་དུ་ལངས་ཡོད་པའི་བཤད་ཡམས་འབའ་ཞིག་ཡིན་པར་མ་ཟད།དེ་ནི་ལྷ་ཆོས་རིག་གནས་དང་ནང་བསྟན་རིག་གནས་གཉིས་མི་འདྲ་བའི་ཆ་གཙོ་བོ་ཡིན་ལ། དེང་ཚན་རིག་དང་མཉམ་བསྐྱོད་མཉམ་བསྡུར་བྱེད་ཐུབ་ཀྱིན་པའི་ཆ་ནས་ཀྱང་གསལ་བོ་བཟོ་ཐུབ་ཡོད།
འོ་ན། ཅིའི་ཕྱིར<<བརྟུལ་ཕོད>>སྤྱི་དང་སྒོས་སུ<<སོར་སྐྱེའི་སྐད་སྒྲ>>བརྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་བསམ་བློའི་ཁྱབ་ཁོངས་སུ་གཡོ་ཡོམ་བསླངས་པ་རེད་དམ་ཞེ་ན། སྨྱུག་ཐོགས་པས་གཤམ་གྱི་དོན་ཚན་གཉིས་བརྒྱུད་ནས་གསལ་ཁ་བཏོད་ཨེ་ཐུབ་ལ་འབད་པ་བྱེད་རྩིས་ཡིན།
གཅིག ཞེན་ཁོག་ཁོ་ནས་བསླངས་པའི་འུར་ཟིང་།
འུར་ཟིང་གི་གནད་དོན་འདི་ཆོས་ལུགས་གང་དང་གང་གི་ཁྱབ་ཁོངས་སུ་ཤོག་བུ་སྣུམ་ཟོས་ལྟར་གནས་ཡོད་པ་ཞིག་ཡིན་ཞིང་། ནང་བསྟན་ལ་དད་པ་བྱེད་མཁན་གྱི་ཁྲོད་དུའང་ཤུགས་རྐྱེན་དེ་སླེབས་འདུག མ་གཞི་གོང་དུ་བརྗོད་པ་བཞིན་ནང་ཆོས་ནི་དོགས་སློང་བྱས་ཆོག་པ་ཞིག་ཡིན་པའི་ཁར། གནས་ལུགས་ཀྱི་རྗེས་སུ་མ་གཏོགས་མི་འབྲངས་པའི་ཆོས་ལུགས་ཤིག་ཀྱང་ཡིན་པས། ཆོས་ལུགས་གཞན་དང་མ་འདྲ་བའི་ཁྱད་ཆོས་ཀྱང་དེའི་སྒང་ན་ཐོན་གྱི་ཡོད་པར་མ་ཟད། དེ་ཡི་རྗེས་སུ་འཇུག་མཁན་ལའང་དེ་མཚུངས་ཀྱི་སྤུས་ཀའམ་ཤེས་ཚད་ཅིག་ལྡན་དགོས་ཀྱི་ཡོད་པའི་ཁར། དོགས་སློང་ལ་གནས་ལུགས་ཕྱར་ནས་གསལ་ཁ་བཏོད་པའམ་དོགས་སེལ་གནང་དགོས་ཀྱི་ཡོད་མོད། སེམས་ཕམ་པ་ཞིག་ལ་ནང་བའི་རྗེས་འཇུག་པར་བཤད་ཀྱིན་པའི་བོད་མི་ཕལ་ཆེ་བར་གཤིས་ཀ་དེ་འཇགས་རྒྱུ་ཕར་ཞོག་ཆུ་སྣ་གར་འཁྲིད་ལ་ཤེད་ཆེ་བ་དང་། གནས་ལུགས་མི་རློམ་ཟེར་སྒྲོས་རློམ་པའི་བྱ་སྤྱོད་ལ་འཇུག་ཀྱིན་པས། ལེགས་ཉེས་མ་འབྱེད་པའི་ཞེན་ཁོག་ཁོ་ནར་བརྟེན་ནས་འུར་ཟིང་བསླངས་པར་གོ་མ་ཆོག་པ་མེད་ལ། སྒོས་སུ་དེང་མིའི་རིགས་ཀྱི་མདུན་དུ་ལྷགས་ཀྱིན་པའི་དཀའ་ངལ་ཆེ་ཤོས་གཉིས་ཀྱི་ནང་གི་གཅིག་སྟེ། མ་རིག་པར་ཐད་ཀར་འབྲེལ་བ་ཆགས་ཡོད་པ་ཞིག་ཀྱང་ཡིན་པས། དེའི་གཉེན་པོ་རིག་པ་སྟེ། གནས་ལུགས་ལ་ངེས་ཤེས་བརྙེད་ཐབས་བཙལ་བ་ལས་ལམ་ཁ་གཞན་ལྷག་མེད། དེ་བས། དོགས་སློང་ལ་དོགས་སེལ། དོགས་སེལ་བརྒྱུད་ནས་དག་ཐེར་ཡོང་ཐུབ་པས། འདི་ལས་ལྷག་པའི་དགག་སྒྲུབ་ཀྱི་ལམ་ཁ་ཡན་གར་བ་ཞིག་བརྙེད་དུ་ཡོད་དམ། འདི་ལས་ལྷག་པའི་སྙིགས་དོར་བཅུད་ལེན་གྱི་ལས་གཞི་རླབས་ཆེན་ཞིག་གང་ནས་རེག་གམ།
གཉིས། ཆོས་ལུགས་མི་སྣའི་ཁེ་ཕན་ལ་ཕོག་ཐུག་བཟོས་པ།
མ་རིག་པའི་དབང་གིས་ཆུ་སྣ་གར་འཁྲིད་ལ་ཕྱོགས་པའི་དད་ལྡན་མང་ཚོགས་ལ་མཚོན་ན། ནང་བསྟན་རིག་པའི་བསྟན་དོན་ལ་གོ་བ་ལེན་ཐབས་བྱེད་རྒྱུ་ཕར་གཡུགས་ནས་ཆོས་ལུགས་མི་སྣའི་རྗེས་སུ་འབྲངས་ཀྱིན་པས། ཆོས་ལུགས་མི་སྣའི་ཁྲོད་དུ་སྤུས་ཀ་བཟང་མིན་ཅི་རིགས་ཤིག་ཡོད་པ་སོགས་གཞིར་བྱས་མང་ཚོགས་ཁྲོད་ནང་བསྟན་ལ་གོ་བ་མ་ནོར་བ་ཞིག་ལེན་ཐབས་ལ་བསྐུལ་མ་བྱེད་མཁན་བྱུང་ཚེ་དེ་ནི་ཆོས་ལུགས་མི་སྣས་གནོན་ཅི་ཐུབ་བྱེད་ཡུལ་དུ་གྱུར་ཡོད། དེ་ནི་ཁེ་ཕན་སྲུང་ཐབས་ཤིག་སྟེ། རང་ཉིད་ཀྱི་མི་འདང་སའམ་ཆོས་ཀྱི་གནས་ལུགས་ལ་རྨོངས་པའི་དངོས་དོན་གསང་སྦས་ཀྱིས་མུ་མཐུད་དུ་ཁྱད་དབང་རོལ་ཐབས་ཀྱི་བྱ་སྤྱོད་ཉག་གཅིག་ཡིན་པ་ལས་ནང་སྟན་རིག་པ་སྲུང་སྐྱོབ་དང་དར་སྤེལ་གྱི་བྱེད་བབས་ཤིག་རྩ་བ་ནས་མིན། དེ་ལྟ་མིན་ན་ཅིའི་ཕྱིར་སྟོན་པ་ཤཱཀྱ་ཐུབ་པས་བསྟན་དོན་ལྟར་ནང་བསྟན་ལ༼བསྲེགས་བཅད་བརྡར་གསུམ༽བྱེད་མ་ཆོག་པ་རེད་དམ། བྱ་སྤྱོད་དེ་རིགས་རྦད་དེ་སྟོན་པ་ཤཱཀྱ་ཐུབ་པའི་ལྡོག་ཕྱོགས་སུ་ལངས་པའི་བྱེད་སྟངས་ཤ་སྟག་མ་ཡིན་ནམ། དག་ཐེར་མེད་པའི་ཆོས་ལུགས་ཡིན་ནའང་འདྲ། རིག་གཞུང་ཡིན་ནའང་ཆོག བྱ་དངོས་གང་དང་གང་ཡང་དུས་རབས་ཀྱིས་དང་ལེན་མ་བྱས་མིན་ཡང་རང་ངོས་ནས་དུས་རབས་ལ་ལག་འཇུ་མ་བྱས་པ་ཡིན་པས། ཡུན་གནས་ཀྱི་ལང་ཚོར་རེ་བ་ནི་གཤོག་པ་མ་ཐོགས་གོང་འཕུར་འདོད་ཀྱི་སྟོང་བསམ་འབའ་ཞིག་བསྒོམ་བཞིན་པ་ལས་གཉིས་སུ་མེད།
མདོར་ན། ཟིན་བྲིས<<མེ་ཏོག་མ>>ལས་ཚིག་འགའ་དྲངས་ན་འདི་ལྟ་སྟེ། ༼སྐུ་ཞབས་སེང་རྡོར་ལགས་གླེང་བ་ནི་དོན་དམ་པར་རིག་གནས་ཤིག་གླེང་བ་ཡིན་ཞིང་།རིག་གནས་དེ་ནི་ང་ཚོའི་གཙོ་རྒྱུགས་རིག་གནས་སྟེ་ནང་བསྟན་ཆོས་ལུགས་གླེང་བ་རེད།འདི་ལྟར་རྒྱུན་མུར་སོང་ན་གྲགས་ཐལ་ཆེ་བའི་སེང་རྡོར་གྱི་གནས་མལ་དེ་གཏན་ཁེལ་བྱེད་ཐུབ་པ་མ་ཟད།བོད་གཞོན་རྣམས་ཀྱིས་དགག་ཅིང་དམོད་ཀྱིན་པའི་ཐུབ་བསྟན་ཆོས་ལུགས་ཀྱི་གནས་མལ་ཀྱང་གཏན་ཁེལ་བྱེད་ཐུབ་པ་རེད།༽དྲ་ཐིག་འདིར་རྡེག་ན་ཀློག་ཐུབ།
དེ་མཚུངས་སུ་ཚང་མར་ངེས་དགོས་པ་ནི་དོགས་སློང་ནི་གསར་བཏོད་ཀྱི་སྔོན་འགྲོ་དང་ཐེར་འདོན་ནི་མཐོར་འདེགས་ཀྱི་རྨང་གཞི་ཡིན་ཞིང་། བོད་ལའང་གཞན་དག་དང་མཚུངས་པར་གསར་བཏོད་པ་བྱུང་ཆོག་པར་མ་ཟད། གནས་སྟངས་ངེས་པར་དུ་མཐོར་འདེགས་ཡོང་དགོས་པ་ནི་དུས་བབ་ཀྱིས་ཐག་བཅད་ཡོད་པ་ཞིག་ཡིན། དེ་ནི༼མྱུར་སྐྱོབ༽ཅེས་པའི་མིང་ཚིག་འདིའི་དམིགས་བྱར་ངོས་འཛིན་བྱེད་ཆོག་པ་ཞིག་ཏུའང་འདོད།
ནང་བསྟན་རིག་པའི་གོམ་སྟབས་དུས་ཀྱི་འགྲོས།
བསྐུལ་བར་བྱེད་པ་བསྲེགས་བཅད་བརྡར་གསུམ་སྟེ།
དེ་ལས་ལྡོག་པའི་བྱ་སྤྱོད་ཉི་ཚེ་བ།
དུས་མིན་འཆི་བར་བསྐུལ་བའི་གཡབ་མོ་ཉིད།
_____ཞེས་པ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚབ་ཏུའོ། །