སྐད་ཆའི་སྒྱུ་རྩལ་ནི་མི་རིགས་ཤིག་གི་རིག་གཞུང་གི་ཟབ་ཚད་ཀྱི་ཕྱིར་མངོན་ཡིན་ཞིང་། སྐད་ཆའི་ཁྱབ་ཁོངས་ལ་ཆ་མང་པོ་ཞིག་ཡོད་ནའང༌།བོད་ལ་མཚོན་ན་གཙོ་བོ་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་སྐད་བརྡ། དམངས་ཁྲོད་རྩོམ་རིག་གི་སྐད་བརྡ། ཡིག་ཐོག་རྩོམ་རིག་གི་སྐད་བརྡ། ཆོས་རིག་ཁྱབ་ཁོངས་ཀྱི་སྐད་བརྡ། སློབ་གླིང་གི་སྐད་བརྡ་སོགས་སུ་གྲུབ་ཡོད་པར་མ་ཟད། གཞིས་ཀྱི་སྐད་བརྡ་དང་བྱེས་ཀྱི་སྐད་བརྡ་སྟེ། སྐད་བརྡ་ཆེན་པོ་གཉིས་དང་གཞིས་ལའང་དབུས་གཙང་། ཁམས། ཨ་མདོ་བཅས་ལུང་སྐད་མ་འདྲ་བ་གསུམ་དུ་གྲུབ་ཡོད་ཅིང་། དེ་དག་ལ་ནང་གསེས་ལུང་ཚན་མང་བོ་ཡོད་ཀྱང་འདིར་འགོད་དགོས་མི་འདུག
ཚིག་སྦྱོར་རིག་པ་བཤད་སྐབས། ཡིག་ཐོག་གི་སྐད་བརྡའང་ཁྱབ་ཁོངས་མ་འདྲ་བ་ཁག་ནས་བརྒྱ་ཆའི་བརྒྱ་ཐམ་པ་གོ་ཐུབ་ཀྱི་རེད་ཅེ་ན། རང་སེམས་རང་གིས་གསོས་ན་དགའ་ཀྲོག་ཀྲོག་ཅེས་པའི་རྗེས་སུ་མི་འགྲོ་བའི་ངེས་པ་མེད་མོད། གསུང་པོད་སྤྱི་དང་སྒོས་སུ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་ནས་ཐོན་པའི<<སྦྲང་ཆར>>དང<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>ཀྱིས་མཚོན་པའི་རྩོམ་རིག་དུས་དེབ་ཁག་དང་། <<བོད་ལྗོངས་ཉིན་རེའི་ཚགས་པར>>དང<<མཚོ་སྔོན་བོད་ཡིག་གསར་འགྱུར>>མཚོན་པའི་སྲིད་དོན་ཚགས་ཤོག་ཁག་གི་ཤུགས་རྐྱེན་ལ་བརྟེན་ནས་ཡིག་ཐོག་ནས་ཕན་ཚུན་བར་ཉུང་མཐར་བརྒྱ་ཆའི་བདུན་ཅུ་ནས་བརྒྱད་ཅུའི་གོ་བརྡ་འཕྲོད་ཐུབ་ཀྱི་ཡོད་ཅིང་། བྱེས་པར་མཚོན་ནའང་གཞུང་འབྲེལ་དུས་དེབ<<ཤེས་བྱ>>མཚོན་པའི་སྲིད་དོན་དུས་དེབ་དང་ཚགས་ཤོག་ཁག་ལས་མཚོན་པའི་གཞུང་ཡིག་གི་འགྲོ་སྟངས། སྐུ་ཞབས་པདྨ་འབུམ་གྱིས་གཙོ་སྒྲིག་གནང་བའི་རྩོམ་རིག་དུས་དེབ<<ལྗང་གཞོན>>སོགས་ནས་འགོ་བཟུང་སྟེ། སྐད་བརྡའི་ཁྱབ་ཁོངས་སུ་རྩོམ་རིག་སྐད་ཆའི་ཐད་གོ་བརྡ་འཕྲོད་འགོ་ཟིན་ཡོད་པས། སྐུ་ཞབས་སེང་རྡོར་ལགས་ཀྱི་ཚིག་སྦྱོར་སྒྱུ་རྩལ་ཡང་ཁྱབ་ཁོངས་འདིར་བཞག་ནས་དབྱེ་ཞིབ་བྱེད་རྒྱུ་ཡིན་སྟབས། བོད་སྤྱིའི་བརྒྱ་ཆའི་བརྒྱའི་གོ་ཐུབ་ཀྱི་འདུག་ཅེས་བརྗོད་ཐུབ་ཀྱི་མེད་ནའང་། ཚིག་སྦྱོར་སྒྱུ་རྩལ་གྱིས་རྩོམ་རིག་ལ་སྤྲོ་བ་ཡོད་པའི་མི་རྣམས་ལ་བྲོ་བ་གསར་བ་ཞིག་དང་བློ་སྒོ་གསར་བ་ཞིག་འབྱེད་ཐུབ་ཀྱི་ཡོད་པ་གསལ་བོར་བརྗོད་ཐུབ།
ཐོག་མར་ཚང་མས་མཉམ་དུ་སེང་རྡོར་ལགས་ཀྱི་སྙན་རྩོམ”ང་དང་དོ་དགོང་བུ་མོ་གསུམ” ལ་རོལ་མྱོང་ཐེངས་ཤིག་བྱེད་འོས་ཏེ། ༼ མིག་གི་བུང་བ་མི་སྡོད་གཡོ་བར་བྱེད།།མཆུ་ཡི་མེ་ཏོག་མི་བཙུམ་བཀད་པར་བྱེད།།ཚེམས་དཀར་འོད་མདའ་འཕེན་པའི་བུ་མོ་འདི།།དོ་དགོང་ཉལ་གཟན་དྲོ་བའི་རྒྱུ་མཚན་ཡིན།།འཇམ་པའི་ལུས་ལ་རླན་བག་རློན་བག་ཆགས།།དོག་པའི་བྲང་ལ་ཚ་དྲོད་མེ་དྲོད་འཁྱིལ།།ཁྲག་རྩ་རྒྱུན་ལྡན་མིན་པའི་བུ་མོ་འདི།།དོ་དགོང་མཚན་ཐུན་ཐུང་བའི་གནས་ལུགས་ཡིན།།ཤ་གསེང་རུས་རྐང་མ་ལུས་སྦྲིད་དུ་བཅུག།སྙིང་མཆིན་གློ་བ་མ་ལུས་འདར་དུ་བཅུག །བདེ་བས་ར་རོར་གྱུར་བའི་བུ་མོ་འདི།།དོ་དགོང་སྐྱེས་ཕོ་ཡིན་པའི་རྣམ་ཐར་ཡིན།། མཁྲང་ཟླུམ་ནུ་མས་ཡང་དང་ཡང་དུ་རེག།ལྷོད་མཉེན་ལྟེ་བས་བསྐྱར་དང་བསྐྱར་དུ་འདེགས།།སྨིན་མ་ཆུ་ལ་གཡེང་བའི་བུ་མོ་འདི།།དོ་དགོང་ལྐུགས་པ་ཡིན་པའི་ཟིན་ཐོ་ཡིན།།ཁ་ཡི་ཆར་ཐིགས་རེ་རེ་ཁ་ལ་ཐིམ།།ལྕེ་ཡི་ཁྲག་ཐིགས་རེ་རེ་ལྕེ་ལ་འདྲེས།།།སྣ་ཚོགས་འཕྲུལ་གྱིས་སྙེམས་པའི་བུ་མོ་འདི།།དོ་དགོང་སྐར་ཚོགས་མང་བའི་གྲངས་ཀ་ཡིན།།མྱོས་པའི་ཤ་འགྱུར་སྲོག་གི་བདུད་རྩི་འདྲ།།འཁུན་པའི་ཅ་ཅོ་ཞིམ་པའི་བུ་རམ་འདྲ།།ཡིད་བཞིན་འདོད་འཇོར་གྱུར་བའི་བུ་མོ་འདི།།དོ་དགོང་ཟླ་བ་འདར་བའི་གཏམ་རྒྱུད་ཡིན།།རྨ་བྱའི་སྒྲོ་མདོངས་བཞིན་དུ་གསལ་ཀྱུག་ཀྱུག།ཁ་བའི་འདབ་མ་བཞིན་དུ་དཀར་བོང་བོང་།།ལྟ་བས་ཆོག་མི་ཤེས་པའི་བུ་མོ་འདི།།དོ་དགོང་སྔུར་བ་ཚར་བའི་བདེན་དཔང་ཡིན།།འདོད་རྩེའི་ཤུགས་ཀྱིས་སྙེས་མགོའི་ཚ་དེམ་བཅགས།།དཀར་དམར་ཁུ་བས་གོས་ཀྱི་འབོལ་གདན་བརླགས།།མི་བསྲོན་ཆགས་པས་སྨྱོས་པའི་བུ་མོ་འདི།།དོ་དགོང་གཏོང་ཕོད་ཆེ་བའི་སྔོན་འགྲོ་ཡིན།།ལས་དང་ལམ་གྱིས་གནང་བའི་བུ་མོ་འདི།།སྟེས་དང་སྟབས་ཀྱིས་འཐོབ་པའི་བུ་མོ་འདི།།ཤེལ་ཁྲའི་སྒྲོག་གུ་ལྷུང་བའི་ཐག་སྒྲ་ཡིན།།དར་དཀར་ཤམ་ལྭ་རལ་བའི་སྲུབས་ཀ་ཡིན།།འཚོ་བའི་བྲོ་བ་མངར་སྐྱུར་གང་ཡང་རུང་།།འཁོར་བའི་རང་བཞིན་བདེ་སྡུག་ཅི་ཡང་ཆོག།མི་ཚེའི་མུན་པའི་ཁྲོད་ཀྱི་དཔལ་འབར་ལ།།གམ་གྱི་བུ་མོ་འདི་ནི་གདམ་པར་བྱ།།༽ འདི་ལྟར་ཀློག་ཚར་རྗེས། རྒྱུས་ཡོད་ལ་འདི་ཅིས་མ་བདེན་ནམ་སྙམ་པའི་ཚོར་བ་ཞིག་སྤྲད་ཡོང་བར་མ་ཟད། ཅིའི་ཕྱིར་ཡིག་ཐོག་ལ་ཕབ་མ་ཐུབ་པ་རེད་དམ་ཞེས་པའི་དྲི་བ་ཞིག་ཀྱང་ཞོར་དུ་སེམས་ནང་དུ་ལངས་ཡོང་བ་དེ་ཡིན་ལ། རྒྱུས་མེད་ལ་འགུལ་རིས་ཅན་གྱི་ཚོར་བ་དམིགས་བསལ་བ་ཞིག་མིག་ཁར་བསྟར་ཡོང་ཞིང་། དེ་ལ་འཇུག་འདོད་ཀྱི་ཚོར་འདུ་ལྗན་ལྗིན་ཞིག་གིས་ལུས་སེམས་གཉིས་ཀ་མནན་ཡོང་བ་ལྟ་བུར་གྱུར་ཡོད། འདི་ནི་དོན་ལ་ཚིག་གི་སྦྱོར་བའི་སྒང་ནས་མངོན་འགྱུར་བྱས་པ་ཞིག་ཡིན་པས། འདི་ལས་སྙན་ངག་ཅེས་པ་ཞིག་ལོགས་སུ་མེད་པའི་ཁར། དོན་གྱི་སྲད་བུ་ཚིག་གི་འཕལ་ཁ་ལ་བརྒྱུས་པའི་འགུལ་ལྡན་བརྙན་རིས་གཞན་ཞིག་ཀྱང་བཙལ་དུ་མེད། དེ་བས། བརྩམས་ཆོས་གང་ཞིག་ཀློག་འདོན་བྱེད་སྐབས།ཐོག་མར་ཀློག་པ་པོ་རྣམས་ལ་རང་ཉིད་ཀྱི་ཁོར་ཡུག་ལས་བསྐྱེད་པའི་གཅིག་མཚུངས་ཀྱི་ཕྱོགས་ཤིག་རེག་གི་ཡོད་པ་ནང་བཞིན་རྩོམ་པ་པོའི་བཟང་ངན་ཡང་ཧ་ལམ་མི་རྣམས་ཀྱི་སེམས་ཁོངས་སུ་ཡོད་པ་གང་ཞིག་ཤོག་ངོས་སུ་ཐོག་མར་ཕབ་ཐུབ་ཀྱི་ཡོད་མེད་ཀྱིས་ཤན་འབྱེད་ཐུབ་ཀྱི་ཡོད་པ་ལྟར།ཚིག་གི་སྒྱུ་རྩལ་གྱི་རམ་འདེགས་ལ་བསྟུན་ནས་བློ་སྒོ་གསར་བ་ཞིག་ཀྱང་འབྱེད་འོངས་པར་ཐེ་ཚོམ་མེད་པ་ཞིག་རེད།
གཞན་སེང་རྡོར་ལགས་ཀྱི་སྙན་ངག”རས་སེར་པོ།__ ‘མི‘ཞིག་ལ་བསྔགས་པ།”༼དབུ་ལ་སེ་མདའ་ལྷུང་བའི་རྒན་པོ་ཞིགལག་གཉིས་ཐལ་མོ་སྦྱར་བའི་དྲང་སྲོང་ཞིག ཞི་བའི་མིག་ཟུང་གདང་བའི་འཁྱམ་པོ་ཞིགརི་བོ་ཞོ་གསར་འདྲ་བའི་རྒྱབ་ན་བཞུགས། རུས་པ་རྡོ་རྗེ་བཞིན་དུ་སྲ་བ་ཞིགསྙིང་རྗེ་ཟླ་བ་བཞིན་དུ་དཀར་བ་ཞིག མི་གཤིས་ལུ་གུ་བཞིན་དུ་ཡག་པ་ཞིགཆུ་མོ་བདུད་རྩི་འདྲ་བའི་ཁ་ན་བཞུགས།དེ་ལ་གནམ་ལྟར་མཐོ་བའི་སྤོབས་པ་ཡོད།ཉི་མའི་འཁོར་ལོ་ཁྱེར་ཏེ་འོང་གིན་གདའ།ཞི་བདེའི་གསེར་ཡིག་གངས་རིའི་རྩེ་ལ་འབྲི།ཐིག་ལེ་མེད་པའི་སྟག་ཅིག་ཡིན་ཏ་རེ།དེ་ནི་སེམས་ཀྱི་ལྕགས་སྒོ་དམར་པོ་ཡིན།དེ་ནི་ཡིད་ཀྱི་རྫི་མ་ནག་པོ་ཡིན།དེ་ནི་སྙིང་གི་གཤོག་པ་དཀར་པོ་ཡིན།དེ་ནི་པོ་ཏ་ལ་ཡི་མཆོད་མེ་ཡིན།དེ་ནི་བག་ཆགས་ཤིག་གི་དབྱར་ཁ་ཡིན།དེ་ནི་ཕོ་བྲང་ཞིག་གི་ན་ཚོད་ཡིན།དེ་ནི་གཞུང་ཡིག་ཅིག་གི་གསང་ཨང་ཡིན།དེ་ནི་ཤམ་བྷ་ལ་ཡི་སྤྲིན་དཀར་ཡིན།དེ་ནི་མི་རིགས་ཤིག་གི་ས་ཁྲ་ཡིན།དེ་ནི་མི་རབས་ཤིག་གི་དར་ཆ་ཡིན།དེ་ནི་ཚོགས་པ་ཞིག་གི་བརྡ་རྟགས་ཡིན།དེ་ནི་ཧི་མ་ལ་ཡི་འབྲུག་སྒྲ་ཡིན།དེ་ལ་ཆོས་ཀྱི་པགས་པ་མ་བསྐོན་ཀྱང་།དེ་ལ་སྲིད་ཀྱི་ཆོ་ལོ་མ་སྤྲད་ཀྱང་།དེ་ལ་འུད་ཀྱི་བྱ་སྒྲོ་མ་བཙུགས་ཀྱང་།དེ་ནི་གངས་རིའི་ཏོག་ལྟར་གསལ་ལ་འཚེར།༢༠༠༨ ༡ ༡༢༽ ཡང་སྙན་རྩོམ”ལོ་སར”༼ པོ་ཏ་ལ་ཡིས་ཞལ་ངོ་གནག་སྟེ་མཆོད་མེ་དྲུག་ལ་བལྟས་ནས་ཡོད།མཆོད་མེའི་དྲུག་པོ་ཤུགས་ཀྱིས་འབར་ན་པོ་ཏ་ལ་ཡང་ཤུགས་ཀྱིས་བཤུམ།གོ་རེ་དམར་པོ་མི་བཟའ་ཟེར་ནས་གནམ་རྒན་མ་ཡིས་གསུངས་བཞག་ཐལ།།མྱ་ངན་ཞྭ་རྟགས་བརྒྱབ་དང་མི་བརྒྱབ་ས་ཡ་དྲུག་པོའི་ལག་ན་ཡོད།༢༠༠༩ ༡ ༢༨༽ ད་དུང༼___ སྔོན་གྱི་རྡོ་རིང་རྙིང་སོང་འགའ་ཞིག་ལ་མིག་མཇལ་བརྒྱབ་དུས།མི་རྗེ་སྔ་བ་གཉའ་ཁྲི་བཙན་པོས་མི་ཡི་ཁྱིམ་ཆེན་བསྐྲུན་པ་ནས།ལྷ་སྲས་དར་མའི་རིན་ཆེན་ཚེ་སྲོག་ལྷ་ལུང་དཔལ་གྱིས་བཅད་པའི་བར།ལ་རྒྱའི་མགོ་བོ་ནོན་དུ་མེད་པའི་འུར་ཐག་ཅན་གྱི་མི་རིགས་ཤིགཡ་གླིང་ཆེན་པོའི་ཉིན་སྲིབ་གཉིས་ལ་གྲགས་པ་ཅུང་ཟད་ཆེ་བ་རེད།༽ དེ་མིན་གཞན༼རྒྱ་སེའི་མེ་ཏོག་འདི་རང་། ཉལ་གཟན་ནང་ལ་མིན་པ། ལས་སུ་སླ་པོ་མིན་པ། གནས་བཟོད་བདེ་བོ་མིན་པ། ཚུར་སྣང་ལན་ཆ་འཁོར་ཡང་། ཆང་ས་བརྒྱབ་པ་མིན་འགྲོ། 2009.5.20༽
སྙན་ངག་འདི་དག་ཆུ་མོ་བཞིན་ཤང་ཤང་དུ་སེམས་པའི་སྤང་ཐང་དུ་བབས་ཡོང་དུས། ས་གཞི་ཇི་ལྟར་མཁྲེགས་ཤིང་རེངས་ནའང་། སྐད་ཅིག་ཉིད་ལ་གཤིན་པར་མི་འགྱུར་རང་འགྱུར་གྱི་གནས་སུ་བསྐྱལ་ཡོད་པས། ད་གཟོད༼སྙན་ངག་ནི་སྒྲ་མེད་པའི་རི་མོ་དང་། རི་མོ་ནི་སྒྲ་ཡོད་པའི་སྙན་ངག༽ཡིན་ཞེས་པའི་ཚིག་སྦྱོར་སྒྱུ་རྩལ་གྱི་མཐོ་སར་འགྲེངས་ཡོད་པ་རྟོགས་ཐུབ་ལ། མཐོ་ས་དེའང་གསང་བ་ལྐོག་གྱུར་རམ་གོ་དཀའ་བའི་མིང་ཚིག་རིགས་མ་ཡིན་པར་ཚང་མ་གོམས་ཟིན་པའམ། འདྲིས་ཡོད་པའི་སྐོར་ཤ་སྟག་ཡིན་པའི་ཁར། དེ་དག་སྦྲེལ་ཟིན་པ་མཐོང་སྐབས་ཚང་མའི་སེམས་ནང་ངས་ཀྱང་འདི་བཤད་ཤེས་ཀྱི་འདུག་ཅེས་པའི་ཆ་ཞིག་ཡོད་པ་དེའི་གསང་བ་ཡིན། ཕྱོགས་གཞན་ཞིག་ནས་དེང་སྐབས་བོད་ཀྱི་སྲོལ་རྒྱུན་ཐ་སྙད་ཉིན་བཞིན་གཞན་དབང་ཡིན་མིན་གཉིས་ཀྱི་ལམ་ནས་རི་ལ་བཤར་བཞིན་པ་སྟེ། བོར་བརླག་ཏུ་འགྲོ་བཞིན་པའི་ཛ་དྲག་གི་དུས་ཤིག་ཡིན་པས། འདི་ལས་འཕྲོས་པའི་སྐད་བརྡའི་ཉམས་གསོ་དང་སྲུང་འཛིན་སོགས་ལའང་ཕན་ནུས་མི་དམན་པ་ཞིག་བཞག་ཡོད།
གཞན་འདིར་མ་གླེང་ཐབས་མེད་ཀྱི་སྙན་ངག་ཁ་ཤས་ཀྱི་ཚིག་སྦྱོར་ནི་འབྲོག་ལས་རིག་པར་འབྲེལ་བ་ཡོད་པ་ཤ་སྟག་ཡིན་ཞིང་། དབུས་དང་ཁམས་ཀྱི་ལུང་སྐད་ནང་གཅིག་མཚུངས་སུ་འབོད་ཀྱི་ཡོད་མེད་གང་ལྟར་མིང་ཚིག་འདི་རིགས་མི་འགྱངས་པར་འབོར་ཉེན་ལ་འཕྲད་ཀྱིན་པའི་སྐོར་ཡིན་འདོད། དཔེར་ན། སེང་རྡོར་ལགས་ཀྱི”རྐང་ཚ་འུད་ཀྱིས་སྦིར་བ”ལས༼རྒྱ་རྒྱ་རོག་རོག་སྤུ་ཡི་འོལ་ཤོམ་ཅན།།རྐྱང་རྐྱང་ཁམ་ཁམ་རླུང་གི་གཤོག་པ་ཅན།།སྔོ་སྔོ་སེར་སེར་རྣོ་ཡི་རྭ་ཁ་ཅན།།ལས་ཀྱི་གཡང་ཟོག་སྐྱིད་ཀྱི་རྒྱན་དུ་ཆེ།།གྭ་ཞིས་སྔོ་ཞིས་ཨ་ལོང་སྟོང་འཁྱིལ་ཅན།།དོམ་ནག་དྲེད་པོ་སྨུག་པའི་ཁ་རླངས་ཅན།།དཀར་ལང་ཁྲ་ལང་འོ་མའི་རྒྱ་མཚོ་ཅན།།ས་མཐོའི་རིན་ཆེན་འདི་ལ་གློ་བ་དགའ།།༽ ཚིགས་བཅད་འདི་གཉིས་ཀྱི་ནང་དུ་སྒོ་ཕྱུགས་རྟ་ནོར་ལུག་གསུམ་སྤུ་མདོག་གཞིར་བཞག་གིས་དབྱེ་ཡོད་ཅིང་། དེ་ནི་འབྲོག་ཁུལ་དུ་འཚོ་བ་རོལ་མྱོང་མཁན་ཞིག་མིན་ན་ཧ་གོ་མི་ཐུབ་པར་མ་ཟད། འབྲོག་ལས་རིག་པར་འཇུག་པའི་རྨང་གཞིའི་ཤེས་བྱའང་ཡིན་པས། མིང་བརྡ་འདིའི་རིགས་མྱུར་སྐྱོབ་ཀྱིས་འཚོལ་སྡུད་དང་དབྱེ་ཞིབ། ཕྱོགས་བསྡུས་བྱེད་མ་ཐུབ་པ་ཡིན་ན། བོད་ཀྱི་འབྲོག་ལས་རིག་པར་བདག་པོ་རྒྱག་མ་ཐུབ་པར་བཤད་ཆོག་པ་སྨྲས་མ་དགོས་པ་ཞིག་རེད། དེ་བས། སེང་རྡོར་ལགས་ཀྱིས་མཛུབ་མོས་རི་བསྟན་གྱི་ཚུལ་དུ་ཚང་མར་འཇུག་སའི་སྒོ་གླེགས་ཕྱེ་ཡོད་ན། ཅིས་ཀྱང་མ་ཤོར་བ་བྱེད་དགོས་པའི་དུས་སུ་འཁེལ་མེད་དམ། གཞན་སེང་རྡོར་ལགས་ཀྱི༼སློབ་གསོ་གླེང་བ༽ནི་གླེང་སྟངས་མ་འདྲ་བ་ཞིག་དང་བསམ་ཞིབ་བྱེད་སྟངས་ཡན་གར་བ་ཞིག་ཡིན་སྟབས། དེང་ཕྱིན་ཆེད་ལས་སློབ་གསོ་ཞིབ་འཇུག་པ་ཞིག་གི་བགོ་སྐལ་དུ་ལྷག་ཡོད། དེ་བས། ༼སེང་རྡོར་དང་གཞན་དག༽ཅེས་པའི་བརྗོད་གཞི་འདི་རེ་ཞིག་སྤེལ་རྩིས་མེད།
ཚིག་གི་རྩལ་གྱིས་དོན་གྱི་མི་བཞེངས་ཤིང་།
དོན་གྱི་མི་ཡིས་ཚིག་གི་བྲོ་འཁྲབ་པ།
རྨད་བྱུང་ཚིག་སྦྱོར་མཛེས་མའི་གདོང་འདྲ་བ།
ཨ་ཧོ་འདི་ཀོ་མཐོང་བ་ད་རེས་ཙམ།
___ཞེས་པ་ནི་རྩོམ་ཐབས་རྡོ་སྦིས་དགེ་བཤེས་མཆོག་ལས་གཡར་ཞིང་ངལ་གསོ་བའི་ཚབ་ཏུའོ། །