___མཇུག་བསྡུ་མ་ཡིན་པའི་མཇུག་གི་གཏམ།
སྤྱིར༼སེང་རྡོར་ཞིབ་འཇུག༽འདི་ལྟར་རྩོམ་ཐུང་ཁ་ཤས་ཀྱིས་འཐུས་པར་བྱ་མི་རུང་བ་གསལ་བོ་ཡིན་པར་མ་ཟད། བོད་ཕྱི་ནང་གཉིས་སུ་འདྲོགས་འགོའང་ལངས་མ་ཐག་ཡིན་མོད། སེང་རྡོར་ལགས་ཀྱིས་ལས་ཀ་མཐའ་དག་གི་འགོ་བརྩམ་མ་ཐག་ཡིན་པ་དང་། འགོ་བརྩམ་མ་ཐག་པའི་ལས་ཀར་དགོས་མེད་བར་ཆད་ཅི་རིགས་ཤིག་གིས་གཙེས་ཡོད་པས། དེ་ལུགས་རྒྱུ་རྐྱེན་དུ་བྱས་ནས་ཞིབ་འཇུག་འདིའི་འགོ་འཛུགས་དགོས་བྱུང་བ་དང་ཀློག་མཁན་དང་རྩོམ་མཁན་ཕན་ཚུན་བར་དོགས་སེལ་གྱི་གསེར་ཟམ་ཞིག་འཛུགས་ཨེ་ཐུབ་ལ་རེ་བ་བརྒྱབ་ཡོད་ཅིང་། རེ་བ་དེ་བརྒྱུད་ནས་རྩོམ་འཁྱོག་ཁ་ཤས་ཀྱི་འགོ་མཇུག་མཐུད་བསྡེབས་ཀྱང་བྱས་ཡོད། དོན་ལ་འདི་ནི༼སེང་རྡོར་ཞིབ་འཇུག༽གི་གླེང་སློང་ཙམ་ལས་ཡན་ལག་ཉིང་ལག་ཆ་ཚང་མིན་ཞིང་། གངས་ལྗོངས་བསམ་བློའི་ཁྱབ་ཁོངས་སུ་ཐེབས་སྲིད་པའི་ཤུགས་རྐྱེན་གྱི་ཚད་གཞིའང་འདི་རེད་ཅེས་པ་ཞིག་ཁ་ཚོན་གཅོད་ཐུབ་མེད་ན། ཐུགས་འདུན་ཡོད་རིགས་ཀྱི་བགོ་སྐལ་དུ་བསྐྱུར་བའམ་ལྷག་པ་ཞིག་ཏུ་ངོས་འཛིན་བྱེད་མ་ཆོག་པའང་མེད།
༼སེང་རྡོར་ཞིབ་འཇུག༽བརྗོད་གཞིར་བཟུང་བའི་རྩོམ་འཁྱོག་ཁག་མཐུད་འགོད་བྱེད་འགོ་བརྩམས་པ་ནས་བོད་ཕྱི་ནང་གཉིས་སུ་དོ་སྣང་ཤུགས་ཆེན་བྱུང་བའི་ཁར། གྲོགས་ཨ་རིག་འགྱུར་མེད་ལགས་ཀྱིས་འདྲེན་འགོད་བརྒྱུད་ནས༼སེང་རྡོར་དང་མཚན་མཐུན་འཁྲིག་སྤྱོད་རིག་པ༽ཤར་རྒྱག<<བོད་ཀྱི་དུས་བབ>>ཟིན་བྲིས་ཁྲོད་དུ་བགྲོ་གླེང་ཚ་བོའི་ཁོངས་སུ་ཚུད་ཡོད་པར་མ་ཟད། རྒྱ་གར་ལྷོ་ཕྱོགས་རྟེན་གཞིར་བཟུང་བའི་གདན་ས་ཁག་ཏུ་ཀློག་མཁན་མང་བོ་བྱུང་ཡོད་པ་དང་སྒོས་སུ་མཆན་འདེབས་མཁན་ནམ་སྦྱར་བྱང་འགོད་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད་པས། སེར་མོ་བའི་སྤྱི་ཚོགས་ཁྲོད༼གྲྭ་རྟ༽བྱུང་སྟངས་ནས་སྒྱུ་རྩལ། <<མི་དབང་རྟོགས་བརྗོད>>གཙོས་བོད་མཁས་པའི་སྙན་ངག་སོགས་སུའང་གྲྭ་རྟའི་སྐོར་བཀོད་ཡོད་ཚུལ་ངོ་འཕྲོད་ཐུབ་ཡོད་ལ། དེ་དང་མཉམ་དུ་གླིང་ལྔ་མཚོ་བཞིར་གནས་འཁོད་བོད་མི་ཀློག་མཁན་མི་ཉུང་བ་ཞིག་ཧི་གཟུགས་ཟིན་བྲིས་སུ་འཛུལ་ཞུགས་ཀྱིས༼སེང་རྡོར་ཞིབ་འཇུག༽འགོི་ནས་མཇུག་བར་བལྟ་ཀློག་བརྒྱུད་ནས་བསམ་ཚུལ་མ་འདྲ་བ་མང་བོ་བཀོད་ཡོད་སྟབས། མཉམ་རུབ་ཞིབ་འཇུག་གི་ཐོག་མའི་ཚོད་ལྟ་ལེགས་འགྲུབ་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་ཐུབ་ཡོད་པ་གཞིར་བྱས་ཁྱད་ཆོས་གཞན་ཞིག་ཀྱང་ཚང་མར་ངོ་འཕྲོད་ཐུབ་ཡོད་ལ། དེ་ནི་གོ་ལའི་གྲོང་ཚོའི(འཇིག་རྟེན་མི་སྡེ་འབོད་མཁན་ཡང་ཡོད)སྤྱི་འབངས་ཤིག་ཡིན་པའི་གོ་སྐབས་དང་འགྲན་སློང་མཉམ་འདུས་ཀྱི་ངོས་ཤིག་ཀྱང་གཟུགས་འགོད་ཀྱིས་བཞེངས་ཐུབ་འདུག་པ་དེ་ཡིན་ཞིང་། འདི་ནི་ཤིན་ཏུ་དོན་སྙིང་ཅན་ཞིག་ཏུ་ལྟ་ཆོག་པར་འདོད།
མ་གཞི་ཧི་གཟུགས་ཟིན་བྲིས་ཀྱི་མཆན་ནམ་སྦྱར་བྱང་ཁག་ཏུ་མཚང་འདྲུ་བ་ནས་ཚིག་རྩུབ། ཐ་ན་ངག་འཁྱལ་རིགས་མང་བར་མ་ཟད། གསོད་གཏུབ་ཀྱི་མིང་ཚིག་ཀྱང་གང་སར་མཐོང་དུ་ཡོད་མོད། ༼སེང་རྡོར་ཞིབ་འཇུག༽གི་རྩོམ་འཁྱོག་ཁག་མཐུད་འགོད་ཁྲོད་བརྒྱ་ཆའི་དགུ་བཅུ་གོ་གྲངས་ཤིག་གནས་ལུགས་ཀྱི་རྗེས་སུ་འབྲངས་ཡོད་པས། འདི་ནི༼སེང་རྡོར་ཞིབ་འཇུག༽དང་འབྲེལ་བའི་གྲུབ་འབྲས་གཞན་ཞིག་སྟེ། ཉུང་མཐར་ཟིན་བྲིས་སྤེལ་མཁན་དང་སྦྱར་བྱང་འགོད་མཁན་གྱི་བར་དུ༼གཡག་རྒན་གྱིས་འཐེན་རེས་དང་སྣ་ཐིག་གིས་ལྷོད་རེས༽ལྟ་བུའི་སེམས་རྒྱ་བསྐྱེད་རྒྱུ་གལ་ཆེ་ཞིང་། སྒོས་སུ་དེ་འདྲའི་སེམས་རྒྱ་བསྐྱེད་པའི་ཉེར་ལེན་གྱིས་གནད་དོན་ཆ་ཚང་སེལ་ཐུབ་ཀྱི་ཡོད་པར་གོ་མ་ཆོག་པའང་མི་འདུག་སྙམ།
དོན་ལ༼སེང་རྡོར་ཞིབ་འཇུག༽ནི་དོགས་སློང་། ཐེར་འདོན། གདུང་ཡུས། སྟོང་ཉིད། མཚན་ཉིད། འབྲོག་རིག་དང་སྒྱུ་རྩལ་ལྷན་འདུས་ཀྱི་རིག་གནས་ཤིག་གི་གླེང་སློང་ཡིན་པས། དེ་དག་རེ་རེ་ཡི་ཞིབ་ས་དང་ཕྲ་སར་འཇུག་རྒྱུ་ནི་སེང་རྡོར་ལགས་ཀྱིས་འབྱུང་འགྱུར་ཇི་ལྟར་རིག་གནས་འདི་རྒྱུན་སྐྱོང་བྱེད་མིན་གྱིས་མཚོན་པའི་ཀློག་མཁན་ཁྲོད་དང་ལེན་བྱེད་ཤུགས་ཀྱིས་ཐག་གཅོད་བྱེད་ཀྱི་ཡོད་ཅིང་། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་རིག་གནས་ཀྱི་སྣང་ཚུལ་འདི་དང་ལེན་བྱེད་ཐུབ་མིན་ཡང་བསྐྱར་གསོན་ལ་བསྐུལ་མ་བྱེད་ཀྱིན་པའི་དག་ཐེར་ཞིག་ངོས་ལེན་བྱེད་མིན་དང་། དྲང་བཤད་ཕོད་མཁན་ནམ༼རྒྱུ་འབྲས་ཀྱི་བློ་མིག༽(ཁ་བ་ལྷ་མོའི་ཚིག་གཡར་བ)ཡངས་པོའི་ལམ་ཁ་འདིར་ཞུགས་པའི་བློ་ཁོག་ཡོད་མེད་ལ་ཐུག་ཡོད། དེ་ནི་ཧ་ཅང་གཟབ་ནན་བྱེད་དགོས་པའི་དོན་ཆེན་ཞིག་ཡིན་པར་མ་ཟད། ནང་སྒོས་སུ་ནང་བ་ཡིན་པར་ཁས་འཆེས་ཀྱིན་པའི་མི་རིགས་ཤིག་ལ་མཚོན་ན་གནས་ལུགས་ཀྱི་རྗེས་སུ་འཇུག་པ་ལས་བརྟག་དཔྱད་མེད་པའི་བཤད་ཡམས་ཀྱི་རྗེས་སུ་འཇུག་མི་རུང་བ་ནི་ཆོས་ལུགས་སམ་རིག་གནས་རང་ངོས་ནས་ཐག་བཅད་ཡོད་པ་ཞིག་ཡིན། དེ་མ་གཏོགས་ནུབ་ཕྱོགས་སུ་རིག་རྩལ་བསྐྱར་དར་སྐབས་སུ༼དཀོན་མཆོག་ཤི་སོང༽ཞེས་བསྒྲགས་གཏམ་སྤེལ་ཡོད་ལ། དེའང་གནས་ལུགས་སམ་ཚན་རིག་གི་མདུན་ནས་ཤི་སོང་བའམ། རྐང་བ་ས་ཚུགས་ཐུབ་མེད་པ་སྟོན་བཞིན་པ་ཡིན། དེ་ལས་ལྡོག་སྟེ་དེང་གི་བར་སུས་ཀྱང༼ཤཱཀྱ་ཐུབ་པ་ཤི་སོང༽ཞེས་བསྒྲགས་ཐུབ་མེད་ཅིང་། གཙོ་བོ་ནང་བསྟན་རིག་པ་ནི་ཚན་རིག་གི་ཆ་ཞིག་དང་མཚན་ཉིད་རིག་པའི་ཆ་ཞིག རྩོམ་རིག་གི་ཆ་ཞིག་དང་དད་པའི་མ་ལག་གི་ཆ་ཞིག་བཅས་ཀྱིས་གྲུབ་ཡོད་པར་ཐུག་ཡོད་པས། དོན་དངོས་སུ་འདི་ནི་ཆོས་དད་ཡོད་མེད་ཀུན་ཀྱིས་ངོས་ལེན་བྱེད་ཀྱིན་པ་ཞིག་ཡིན། ཡིན་ནའང་། འདི་ནི་ནང་བསྟན་སྤྱི་དང་སྒོས་སུ་བོད་བརྒྱུད་ནང་བསྟན་གྱི་ཡན་ལག་ཉིང་ལག་ཁྲོད་དུ་དག་ཐེར་བྱེད་མི་འོས་ཞེས་པའི་དོན་མ་ཡིན་པར་མ་ཟད། ནམ་ཞིག་འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་བསྐོང་མ་ཐུབ་པའི་ཉིན་མོར་ཆོས་ལུགས་སམ་རིག་གཞུང་ཅི་འདྲའི་ཡ་མཚན་ཞིག་ཡིན་ནའང་གཡུགས་མ་ཆོག་ཅེས་པའི་དོན་དེ་བས་ཀྱང་ག་ལ་ཡིན། ལྷག་པར་དུ་གསར་དུ་མི་བསླུ་བའི་རིག་པ་ནི་ཚད་ཤིང་རྒྱག་བྱེད་དུ་བཟུང་ཡོད་པ་གཅིག་པུའི་ངོས་ནས་ཀྱང་ཕན་ཚུན་བར་ར་འཕྲོད་མ་ཐུབ་པ་མེད་པ་ཆགས་ཟིན་པར་འདོད།
མདོར་དྲིལ་ནས་བཤད་ན། ༼སེང་རྡོར་ཞིབ་འཇུག༽ནི་དོགས་སློང་གི་རྣམ་དཔྱོད། ཐེར་འདོན་གྱི་སྤོབས་སྟོབས། རྒྱུ་འབྲས་ཀྱི་བློ་མིག རྨད་བྱུང་ཚིག་སྦྱོར་གྱི་སྒྱུ་རྩལ། ཤེས་ནས་སྨྲ་མཁན་ཞིག་གི་བཤུལ་ལམ་ལ་ཕྱོགས་བསྡོམས་བྱེད་ཀྱིན་པ་ཞིག་ཡིན་པར་མ་ཟད། ཕྱོགས་བསྡོམས་དེ་ལས་འཕྲོས་པའི་འབྱུང་འགྱུར་གྱི་མདུན་ལྗོངས་སམ་གསར་དུ་མི་བསླུ་བའི་རིག་པ་ངོ་མ་ཞིག་གམ་ཆོས་ཉིད་འཚོལ་ཞིབ་ཀྱི་སྐས་ཐེམ་ཞིག་ཡིན་པས། གལ་སྲིད་མི་རྣམས་ཀྱིས་ཁ་སང་དེ་རིང་ནི་ལོ་རྒྱུས་ལ་ངེས་ཤེས་བརྙེད་ཀྱིན་པའི་དཀྱོགས་མཚམས་ཤིག་ལ་ངོས་འཛིན་གནང་གི་ཡོད་ན། རིག་གནས་ཀྱི་སྣང་ཚུལ་འདི་བཞིན་བསམ་བློའི་ཁྱབ་ཁོངས་ཀྱི་ཟབ་ས་ནས་འབུར་བའི་དཀྱོགས་མཚམས་ཡན་གར་བ་ཞིག་ཏུ་ལྟ་མ་ཆོག་པའི་གནས་ལུགས་ཤིག་བརྙེད་ཐབས་མེད་ཀྱང་སྲིད། ཡང་ཅིག་བཤད་ན། བོད་ཀྱི་དོགས་སློང་རིག་པ་གཞུང་ལུགས་ཀུན་ཀྱི་ཟབ་སར་དཔུང་འཇུག་བྱེད་ཀྱིན་པའི་བརྗིད་ཉམས་ཀྱང་ཡིན་པས། འདི་ནི་བོད་ཀྱི་དེང་རབས་བསམ་བློའི་ལོ་རྒྱུས་སྒང་གི༼ཞོགས་དུང་དང་བྱང་སྐར༽སོགས་ ནས༼སེང་རྡོར༽དང་། འགོ་འཛུགས་ནས་གཡོ་ཡོམ། དཔུང་འཇུག་ནས་གྲུབ་དོན་བཞེངས་ཀྱིན་པ་བཅས་ཀྱི་བསྣོལ་བསྡེབས་ཤིག་ཀྱང་ཡིན་ལས་ཆེ།
མཐར་ཐེངས་འདིའི་ཞིབ་འཇུག་གི་བརྗོད་གཞི་སྟེ། ངེས་པ་དོན་གྱི་མཇིང་པ་སྦོམ་པོ་ཅན་གྱི་དཔྱོད་ཤེས་སྒེར་ཚུགས་ཅན། སྒལ་ཚིགས་སྲ་མོ་ཅན་གྱི་སྙན་ངག་པའམ་རྨད་བྱུང་ཚིག་སྦྱོིར་གྱི་བྱེད་པོ་སྐུ་ཞབས་སེང་རྡོར་མཆོག་གིས་སྐུ་རྒྱབ་བརྗོད་གཞིར་གཡར་བར་ཐུགས་རྗེ་ཆེ་བླ་ལྷག་གིས་ཞུ་རྒྱུ་ཡིན་པའི་ཁར། ཁོང་གི་ཟིན་བྲིས་གསར་བ<<གནམ་གྱི་སྙིང་རྩིད>>(http://wokar.net/blog/ )<<འོད་དཀར་དྲ་ཚིགས>>སུ་གཞིས་ཆགས་པར་རྟེན་འབྲེལ་ཡང་ཞུ་རྒྱུ་ཡིན། འདི་ནི་ཤིན་ཏུ་དོན་སྙིང་ཅན་གྱི་ལས་དོན་རླབས་ཆེན་ཞིག་སྟེ། བྱེས་ཀྱི་གདན་ས་གསུམ་གཙོས་རྒྱལ་སྤྱིའི་སྒང་གི་ནང་བསྟན་རིག་པ་སྨྲ་མཁན་ལྷན་རྒྱས་དང་མཉམ་དུ”ནང་བསྟན་དོགས་སློང”ཁག་ཟབ་ཅིང་ཞིབ་པའི་ལམ་ནས་བགྲོ་གླེང་བྱེད་ཐུབ་ཀྱི་ཡོད་པར་མ་ཟད། གངས་ཅན་དྲ་སྟེགས་སུ་མཛེས་སྡུག་གི་ལམ་ཁ་ཡན་གར་བ་ཞིག་གི་རྟིང་གཞི་རྒྱང་དུ་འཐེན་ཐུབ་ཡོད་པས་ཀྱང་ཡིན།
དེ་མིན་ད་དུང”སེང་རྡོར་ཞིབ་འཇུག”གི་ལས་གཞི་འདིའི་གོ་རིམ་ཁྲོད་རྩོམ་པ་པོ་ཁ་བ་ལྷ་མོ་ལགས་ཀྱིས་མྱི་ཁར་གདོང་ལེན་གྱིས་རང་ཉིད་ཀྱི་ཟིན་བྲིས་སྒང༼བརྟུལ་ཕོད་གླིང༽བསྐྱར་འཛུགས་དང་སེང་རྡོར་ལགས་ཀྱི་བརྩམས་ཆོས་ཁག་བསྐྱར་སྤེལ་གནང་བས། དེ་ཡིས་ཀློག་པ་པོ་ཡོངས་ལ༼སེང་རྡོར་ཞིབ་འཇུག༽དང་སྦྲགས་ནས་བསྐྱར་ཞིབ་གནང་བར་ཕན་ཐོགས་བླ་ན་མེད་པ་བྱུང་དང་འབྱུང་གིན་ཡོད་ལ། སྐུ་ཞབས་གཡུ་ལོ་ལགས་ཀྱིས་གནད་ལ་འཁེལ་ཞིང་དོན་ལ་སྨིན་པའི་དགོངས་ཚུལ་ལྷུག་སྩོལ་གནང་བ་ནི་ཞིབ་འཇུག་འདི་འཐུས་ཚང་དུ་གཏོང་བའི་ཡན་ལག་ཏུ་གྱུར་ཡོད། དེ་མཚུངས་སུ་ལས་གཞི་འདིའི་ཐོག་མཐའ་བར་གསུམ་དུ་སྦྱར་བྱང་ངམ་མཆན་འགོད་བརྒྱུད་ནས་དོ་སྣང་དང་རྒྱབ་བསྐྱོར། ཐ་ན་འཕྱ་སྨོད་དང་མཚང་འདྲུ། འཁང་ར་དང་སྡིགས་དམོད་བྱེད་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞིང་། དོན་ལ་ལྷན་རྒྱས་ནི་ནམ་ཡང་སྨྱུག་ཐོགས་པ་མདུན་དུ་བསྐྱོད་ཀྱིན་པའི་སྒུལ་ཤུགས་དང་བསྐུལ་འདེད་ཀྱི་ལྕག་ཚན་ཡིན་པས། ངའི་དེ་རིང་ནི་ཁྱོད་ཚོས་བསྐྲུན་བཞིན་པ་ཞིག་དང་ཁྱོད་ཚོའི་སང་ཉིན་འཚོལ་སྙེག་གི་ལམ་ཐིག་ངས་འབྲི་ཨེ་ཐུབ་ལ་འབུངས་ཀྱིན་པའི་བཟོ་ཡིན་ཞིང་། གྲུབ་དོན་ཐོན་མིན་ལ་མ་ལྟོས་པའི་ཨུ་ཚུགས་ཅན་ཞིག་ཡིན་ལས་ཆེ།
___________________
སེང་རྡོར་ཞིབ་འཇུག
༡སེང་རྡོར་ཞིབ་འཇུག་གི་གླེང་སློང་།
༢ སེང་རྡོར་དང་མཚན་མཐུན་འཁྲིག་སྤྱོད་རིག་པ།
༣ སེང་རྡོར་དང་མི་ཆོས་རིང་ལུགས།
༤སེང་རྡོར་དང་ནང་བསྟན་དོགས་སློང་།
༥ སེང་རྡོར་དང་ཚིག་སྦྱོར་རིག་པ།
༦ སེང་རྡོར་དང་གཞན་དག
༧ སེང་རྡོར་ཞིབ་འཇུག་དང་རྒྱང་ལྟ། (མཇུག་བསྡུ)
བརྗོད་གཞི་འདི་བཞིན་ལོགས་སུ་འབྲི་རྩིས་མེད་ཅིང་། གཙོ་བོ་སྐུ་ཞབས་གཡུ་ལོ་ལགས་ཀྱིས་གླེང་སློང་གནང་བའི༼སེང་རྡོར་དང་སྟོང་ཉིད་རིག་པ་སོགས་༽ u/bfoom0/archives/2009/13522.htmlདང་། གཞན་སྐུ་ཞབས་ཞོགས་ལྗང་ལགས་ཀྱིས་བརྩམས་པའི༼ སྤྲུལ་སྐུ་དང་ངོ་ལོག་སྙིང་སྟོབས༽u/Jose/archives/2009/12027.htmlབསྡུ་བསྐོང་གིས་འཐུས་པར་བྱས་ཡོད། གཙོ་བོ་སྨྱུག་ཐོགས་པར་སྟོང་ཉིད་གླེང་བའི་ཤེས་བྱ་མེད་པ་དང་མ་ཤེས་པར་གླེང་བ་ནི་ངོ་ཚ་ཡོད་མེད་ཕར་ཞོག་ཉེན་ཁ་ཆེན་པོ་ཞིག་ལ་ཐུག་ཡོད་པས་ཡིན།