ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> སེང་རྡོར་བྲིས་རྩོམ།

(བོད་ཡིག་གི་དཔེ་ཀློག་མྱོང་ཚོར)___<<དམའ་འབྲིང་སློབ་མའི་བསླབ་གཞི>>

སེང་རྡོར།

 

རང་གི་དཔེ་སྒྲོམ་ནང་དུ་ཏིང་ངེར་བལྟས་ན།ཤོག་ལྷེ་སྟོང་ཕྲག་ལོངས་པའི་གསུང་འབུམ་མང་པོས་མགོ་སོག་སོག་བྱེད་བཞིན་ཡོད་ཅིང་། ཚད་མའི་འབྱུང་ཁུངས་བཤད་པ་ནས་དབུ་མའི་གོ་དོན་འགྲེལ་པའི་བར་གྱི་ཆོས་དཔེ་གཟུགས་ཆེན་ཁྱུ་གཅིག་རྐང་འཕྲད་ལག་འཐབ་ཀྱིས་སུ་ཡི་སྟེང་ཤོད་འཕྱུར་ཡོང་བ་དང་འདྲ།བཀའ་བསྟན་གྱི་རྟ་ཕོ་དག་རྣ་རྔོག་གྱེན་ལ་གཏད་ཅིང་སུག་རྨུག་ཕྱོགས་བརྒྱར་བརྡལ་ཏེ་རང་སྡོད་སའི་ཁྱིམ་ཟུར་ཆུང་ངུ་དེའང་བསྣུབ་ལོས་འགྲོ་ལྟ་བུ་བྱེད།དེ་དག་གི་ཁྲོད་སོ་སོར་ཕན་ཐོགས་ཅིང་གཞན་ལ་གོ་ཆོད་འགྱུར་གྱི་དཔེ་དེབ་འདྲ་ཨེ་ཡོད་འཁྱུག་ཙམ་ལྟ་དུས།བརྒྱ་ཆའི་ལྔ་ཙམ་གྱི་ཆེས་དམིགས་བསལ་ཅན་འགའ་རེ་ཕུད།མང་ཆེར་ནི་སྐེ་ཚིགས་འཁྱོགས་ཅིང་ཁྲག་ཤེད་དལ་ཞིང་གཅིན་ལམ་ཁེགས་པར་བྱེད་པ་བཅས་གནོད་རིགས་ཀུན་གྱི་རྩད་པ་ཡིན་པར་མ་ཟད།ཁོ་བོ་བཞིན་ཕོ་ལོ་སུམ་ཅུར་མ་བུད་གོང་ནས་མིག་ཟུང་རབ་རིབ་ཆགས་བྱེད་ཀྱི་ཤེས་བྱའི་གཉན་ནད་རྐྱང་ཡིན་པ་འདྲ།ཡིག་འབྲུ་བྱེ་བ་ཡན་གྱི་དཔེ་དེབ་དེ་དག་གིས་མཐར་གཏུགས་ན་ཁྱོད་རང་མི་ཚེ་གང་བོར་བཙོན་དུ་བསྐྱུར་བསམ་གྱིན་ཡོད་པ་རེད།ཁྱོད་ལ་གཏན་དུ་ཕུགས་མི་རྙེད་པའི་དོན་དག་ཅིག་ལ་བསམ་བློ་འཁོར་བར་འཇུག་བསམ་གྱིན་ཡོད་པ་རེད།སྦག་ཁང་མྱུལ་བ་དང་བུ་མོར་འགྲིག་པ་དང་ཁམས་བསང་བསྐྱོད་པ་བཅས་ཀྱི་དུས་ཚོད་ཡོངས་རྫོགས་ཀྱང་བྱ་བ་སྣ་གཅིག་ལ་བཀོལ་དུ་འཇུག་བསམ་གྱིན་ཡོད་པ་རེད།མདོར་ན་ཁྱོད་རང་དཔེ་དེབ་ཁོ་ནའི་ཆེད་དུ་དཔེ་དེབ་ལ་བལྟ་དགའ་བའི་ཤོག་འབུ་གསོན་པོ་ཞིག་ཏུ་སྐྱེད་སྲིང་གིན་ཡོད་པ་རེད་ཨང་།


ཚར་རྒྱུ་མེད་པའི་བསྐྱར་བཟློས་དེ་དག་གིས་ང་ཚོར་ཡེ་ནས་དུས་ཚོད་སྟེར་གི་མི་འདུག །བག་ཕེབས་སྟེར་གི་མི་འདུག །ངལ་གསོ་སྟེར་གི་མི་འདུག །ཅི་ཞིག་བརྒྱད་ཅུ་དང་གང་ཞིག་ཉིས་བརྒྱ་ལྔ་བཅུ་སོགས་ངེས་པར་བྱེད་ན་ང་ཚོར་དུས་ཚོད་ག་ཙམ་དགོས་སམ།ག་གེ་མོའི་འཁྲུངས་རབས་དང་ཆེ་གེ་མོའི་རྟོགས་བརྗོད་སོགས་བྱང་བར་བགྱིད་ན་ང་ཚོར་དུས་ཚོད་ག་ཙམ་དགོས་སམ།གདམ་གསེས་གོར་གོར་དང་གྲངས་འདྲེན་ཉག་ཉག་དེ་དག་མཁས་ཤིང་ཆུབ་པར་བྱེད་ནའང་ང་ཚོར་དུས་ཚོད་ག་ཙམ་དགོས་སམ།བལྟས་ཀྱིན་བལྟས་ཀྱིན་དུ།རང་ལ་ཕན་ཐོགས་ཅིང་གཞན་ལ་གོ་ཆོད་འགྱུར་གྱི་དཔེ་དེབ་ཅིག་ཡེ་ནས་རྙེད་མ་བྱུང་།


མིག་འཕེན་ཕྱོགས་ཤིག་གིས་ཐབ་ཚང་གྲུ་བུག་ཏུ་དེབ་ཆུང་སིལ་མ་འགའ་བོར་ཡོད་པ་མཐོང་བྱུང་།དེ་དག་ག་ལེར་སློག་དུས།ཡིན་རྒྱུ་ནི་ང་རང་ཚོས་ཆེས་དམན་པར་གཅོད་པའི་ལོ་ཆུང་བྱིས་པའི་དཔེ་དེབ་སྐོར་ཞིག་རེད།ཤོག་ལྷེ་འགའ་བཟློག་ཞོར་རང་གི་ཆུ་ཚད་ལ་བསམ་བློ་བསྐོར་དགོས་བྱུང་།གློ་བུར་དུ་ངོ་ནོངས་དགོས་བྱུང་སོང་།དྲང་བོར་བཤད་ན།སློབ་དཔོན་ཆེན་མོ་དོར་ཞི་སོགས་ཀྱི་གསུང་རྩོམ་ལ་བལྟས་ན་ཅི་ཞིག་ཆད་འདུག་པའང་ཁོ་པ་ཚོས་ཤེས་བྱ་ཕྲ་མོ་རུ་འབོད་པའི་བྱིས་པའི་དཔེ་དེབ་འདི་དག་ལས་གཞན་ཞིག་མ་རེད།དཔེ་དེབ་འདི་དག་གི་ནང་དོན་ཆ་ཚང་ནི་བོད་ཀྱིས་བྱིས་པ་དག་གིས་ནི་ལྟ་ཅི། སློབ་དཔོན་ཆེན་མོ་ཕལ་ཀྱང་ཕྱོགས་ཙམ་གོ་ཡི་མེད་པ་ཁོ་པ་ཚོའི་བྲིས་རྩོམ་མཇལ་བས་ཤེས་ཐུབ།


སྒེར་གཅོད་གཞུང་གི་དམར་དྲི་ཙམ་བྲོ་བ་མ་གཏོགས།དེབ་ཆུང་འདི་དག་ལ་སྐྱོན་ཞིག་གཏམ་རྒྱུ་ཡེ་མི་རྙེད།རྒྱས་བསྡུས་ཀྱི་བབ་འཚམས་པ།གཙོ་ཕལ་གྱི་གནད་གསལ་བ།གོ་བདེ་ཞིང་ཁ་གསལ་བ།བཅུད་འདུས་ཤིང་དག་ཐོན་པ་བཅས་ཕྱོགས་གང་ནས་བསམ་རུང་འཛམ་གླིང་འདིའི་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་རྩ་ཚིག་སྡོམ་བྱང་དུ་གྱུར་ཡོད་པ་དང་།མི་ཡུལ་འདིའི་ལོ་རྒྱུས་ཤེས་བྱ་དང་རྩོམ་རིག་བྱུང་འཕེལ་གྱི་ས་རྟགས་རྡོ་རིང་ལྟ་བུར་གྲུབ་ནས་ཡོད་པ་རེད།མ་མཐའ་ཡང་འུ་ཚོ་བོད་ལ་མཚོན་ནས་བཤད་ན་ཏག་ཏག་དེ་ལྟ་ཞིག་རེད།སྤྱིར་ན་བོད་ཡིག་གི་འགྱུར་རྩོམ་གཞན་མེད་པ་ནི་མ་རེད་དེ།ལོ་འདི་འགར་ཤེས་བྱ་ཀུན་མཁྱེན་དུ་ཁས་འཆེས་པ་དག་གིས་ཟླ་བའི་བོངས་ཚོད་དང་ཉི་མའི་སྤྱི་རྒྱ་སོགས་སྨྲ་བའི་དེབ་མང་སྤུངས་བསྒྱུར་བྱས་འདུག་ནའང་།ལ་ལ་མང་དྲགས་པ་དང་།སྐོར་ཞིག་བསྡུས་དྲགས་པ་དང་།ཐུན་མོང་དུ་ཕལ་བ་གཙོ་བོར་བཞག་ཅིང་གཙོ་བོ་ཕལ་བར་བསྡུས་པའི་ཡི་གེའི་འབག་རྫོབ་སྟེ།སྔར་བཞིན་སྒོར་མོ་དང་དུས་ཚོད་གཉིས་ཀ་ཆུད་འཛའ་བའི་འཁྲུལ་འབྱམས་དེ་ལས་བརྒལ་བ་མེད་པའོ། །


བདག་གིས་བོད་ཀྱི་དགེ་རྒན་ཆེན་མོ་ཚོས་ངེས་པར་བསླབ་དགོས་ཞེས་པའི་ལོ་ཆུང་དཔེ་དེབ་ནི་གང་ལ་ཟེར་བ་ཡིན་ཞེ་ན།ད་ལམ་མི་རིགས་དཔེ་སྐྲུན་ཁང་དུ་སྒོར་ཕུད་པའི<<འཛམ་གླིང་གི་ལོ་རྒྱུས་གྲགས་ཆེན>>ཞེས་པའི་དཔེ་ཚོགས་གང་ཞིག་དང་ཉེ་བའི་ལོ་རེ་གཉིས་ཀྱི་སྔོན་ལ་བཀྲམ་པའི་སི་ཁྲོན་དཔེ་བསྐྲུན་ཚོགས་པའི<<ཚན་རིག་ཤེས་བྱའི་དགའ་སྟོན>>ཟེར་བ་སོགས་ནི་གཙོ་བོ་མ་ཡིན།རྒྱུ་མཚན་ནི།དེ་དག་ཕལ་ཞིག་ལ་བསྒྱུར་ལོ་དང་བསྒྲིགས་ལོ་བྱས་པའི་ཁྲལ་བཅོས་ཀྱི་རྐང་ཤུལ་ཡོད་པས་ཡིན།ཁོ་བོས་ཧ་ཅང་དམིགས་བཙུགས་ཀྱིས་བཤད་དགོས་པ་ནི་ལོ་རབས་དགུ་བཅུ་པའི་ནང་མཚོ་སྔོན་ནས་པར་དུ་བཏབ་པའི་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞིའི་དཔེ་དེབ་རྙིང་པ་དག་དང་།ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་པའི<<ཚན་རིག་ཤེས་བྱའི་དཔེ་ཚོགས>>སོགས་འདུ་བ་ཡིན་ལ།མ་འགྱང་བའི་དུས་སུ་ཡུལ་ག་ཤེད་ནས་ཐོན་པའི་འཛམ་གླིང་བྱིས་སྒྲུང་གྲགས་ཆེན་གྱི་བཏུས་རྩོམ་དག་སྟོན་པ་ཡིན་ཅིང་།དེར་མ་ཟད་བོད་རང་གི་དམངས་ཁྲོད་ཀྱི་གླུ་ལ་གཞས་དང་སྒྲུང་གཏམ་རྒྱུད་སོགས་ཀྱང་ཞོར་ལ་འདྲུད་པའོ། །


བྱིས་པའི་དཔེ་དེབ་འདི་དག་ལ་ཐོག་མའི་རྩོམ་གདན་མ་ཡིག་བྲིས་པ་ནས་མཐའ་མའི་བསྒྱུར་ཞུས་གཏན་འབེབས་འཐུས་རག་བར་དུ་ཤེས་རབ་ཅན་མང་པོའི་རྣམ་དཔྱོད་ཀྱི་ཚོད་བགམ་བརྒྱུད་ཡོད་པ་དང་།དེ་ལས་མང་ཤོས་ནི་འཛམ་གླིང་གི་མཁས་ཆེན་མང་པོས་ཁས་ལེན་གདེང་འཇོག་བྱས་པའི་བསལ་ཐོན་བརྩམས་ཆོས་ཤ་སྟག་རང་རེད།ཚད་ངེས་ཅན་ནས་བཤད་ན།བྱིས་པའི་དཔེ་དེབ་འདིའམ་འདི་དང་འདྲ་བ་དག་ཡོད་པས།མི་བུའི་དམུ་རྒོད་ཀྱི་ལོ་རྒྱུས་ལ་རྫོགས་ཤད་བཀོད་པ་དང་འཁོར་བའི་ཁྱིམ་སྐྱོང་གི་སྒྲུང་རབས་ལ་གླེང་གཞི་བྲིས་པ་རེད་ལ།ད་དུང་ཇེ་ཟབ་ཏུ་བཏང་སྟེ་བཤད་ན།བྱིས་པའི་དཔེ་དེབ་འདི་དང་འདི་ལྟ་བུས་བསྐྱེད་པ་ནི་འཛམ་གླིང་འདིའི་ཤེས་རབ་ཅན་གྱི་མི་བོ་ཆེ་ཡོངས་རྫོགས་ཡིན་དགོས་པ་རེད་ཨང་།དེ་བས།ཆེས་ཐོག་མའི་ཐེམ་སྐས་འདི་ཀ་མ་བརྒྱུད་པར་སུ་ཞིག་གང་ལ་འགྲོ་བའི་བློ་མེད་ཅིང་།ཆེས་རྨང་གཞིའི་སྔོན་འགྲོ་འདི་ཀ་མ་འགྲུབ་པར་གང་གིས་ཅི་ཞིག་ཐུབ་པའི་གནས་ཀྱང་ག་ལ་ཡོད་དེ་ཡོད་མི་སྲིད་པའོ། །


ཁོ་བོས་དགེ་རྒན་ཆེན་མོ་ཚོས་བྱིས་པའི་དཔེ་དེབ་འདི་དག་ད་སྔོན་མཐོང་མ་མྱོང་ངོ་ཟེར་བ་ཅི་ལ་ཡིན།མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་མདོ་འཛིན་པ་འགའ་རེ་བཞིན་ལྕེ་ཐོག་ཙམ་ནས་བལྡད་འདོན་བྱེད་མ་མྱོང་ངོ་ཟེར་བ་ལྷག་པར་དུ་མིན།དཔེ་དེབ་འདི་དག་ཁོ་པ་ཚོ་དང་ཁོ་པ་ཚོའི་དཔེ་སྒྲོམ་གཟིམ་སྦུག་གང་རུང་དུ་བཞག་ཨེ་ཡོད་ཀྱི་དྲི་བ་འདོན་པའང་མ་ཡིན་པར།ཁྱོད་ཅག་གིས་གཏན་ནས་བསླབ་ཚན་འདི་དག་སོ་སོའི་ཀུན་གཞིའི་ཟབ་ས་རུ་བསྐྱལ་ཐུབ་ཀྱིན་མེད་ཟེར་བ་ཡིན།དྲན་ཤེས་ཀྱི་གཏིང་རིམ་དུ་ཉར་ཐུབ་ཀྱིན་ཨེ་ཡོད་ཟེར་བ་ཡིན།རིག་སྟོབས་ཀྱི་ཆ་ཤས་སུ་བསྒྱུར་ཐུབ་ཀྱིན་མི་འདུག་ཟེར་བ་བཅས་ཡིན།ཁྱད་པར་དུ།རང་ཉིད་མི་རྒན་ཡིན་པའི་རང་རློམ་གྱིས་སྦྲིད་དེ་དཔེ་དེབ་འདི་དག་ལ་སྣང་བ་བྱེད་ཀྱིན་མི་འདུག་གོ་ཟེར་བ་ཡིན།


ལ་ཆེན་བཤད་ན།དཔེ་དེབ་འདི་འདྲ་བ་དག་ནི་མི་རིགས་དང་རྒྱལ་ཁབ་གཞན་ལ་མཚོན་ན་ནི།དངོས་གནས་དྲང་གནས་བྱིས་པ་བསམ་མེད་ཚོའི་ལས་ཁུར་ཞིག་ཡིན་ནའང་ཁྲིགས་ཚོད་ཆེར་མེད་ཀྱང་།འབར་ཞུན་རྐང་གཅིག་གི་རྫས་གྲུབ་ཀྱང་མི་ཤེས་པའི་ང་རང་ཚོར་མཚོན་ན་འདི་ལས་ལྷག་པའི་མི་རྒན་གྱི་རིག་པ་ཞིག་ཡེ་མི་འདུག་ལ།འདི་དག་ཤེས་པས་བོད་མི་རྣམས་ཀྱིས་ནམ་ཞིག་གངས་རི་རྟགས་ཅན་གྱི་གནམ་གྲུ་བཟོ་འགྲོ་བར་ཁོ་བོ་མི་རེ་ཡང་།རྩོམ་ཡིག་ལེགས་པོ་གཅིག་བྲི་ནའང་ཤེས་བྱ་སྣ་ཚོགས་ཀྱི་རྨང་གཞིའི་རྒྱུན་ཤེས་ཙམ་ངེས་པར་ཡོད་དགོས་པས།ད་ནས་བཟུང་དགེ་རྒན་ཆེན་མོ་དག་གིས་སྣེ་ཁྲིད་དེ་འུ་ཅག་ཚང་མས་བྱིས་པའི་དཔེ་དེབ་འདི་དག་ལ་ཉམས་ལེན་དང་གཤར་སྦྱོང་བྱས་ན་ཨེ་མི་དགའ།རང་ཉིད་མི་རྒན་ཡིན་འདོད་པའི་སྣང་གོམས་དེ་ཡུག་ཙམ་བསྐྱུང་རོགས་གནང་དང་།

ང་ཚོས་ཤར་རིའི་ཉི་གཞོན་ལ་སྤྱན་མིག་གཟིགས་ཞོར་དེ་ལས་འཚོ་བཅུད་ཀྱི་ལུས་སྟོབས་རྙེད་པར་བྱའོ། །དེ་ལས་རྣམ་འབྱེད་ཀྱི་ཤེས་རབ་རྙེད་པར་བྱའོ། །

 

ཟུར་བཀོད།

     དམའ་འབྲིང་བསླབ་དེབ་ལས་བྱུང་བའི་འཛམ་གླིང་ལོ་རྒྱུས་དོན་ཆེན་གྱི་ལོ་ཚིགས་རེའུ་མིག  

 

སྤྱི་ལོའི་སྔོན་གྱི3000ཡས་མས་སུ། གཅིག་གྱུར་གྱི་གནའ་བོའི་ཨེ་ཇིབ་རྒྱལ་ཁབ་བཙུགས་པ།

སྤྱི་ལོའི་སྔོན་གྱི3000ནས་བཟུང་། ཆུ་བོ་གཉིས་འབབ་ཡུལ་གྱི་ལྷོ་རྒྱལ་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཕྲན་བྱུང་བ།
སྤྱི་ལོའི་སྔོན་གྱི2500ནས། ཧིན་རྡུ་ཆུ་བོ་འབབ་ཡུལ་དུ་བྲན་གཡོག་ལམ་ལུགས་ཀྱི་གྲོང་ཁྱེར་རྒྱལ་ཁབ་བྱུང་བ།
སྤྱི་ལོའི་སྔོན་གྱི2000ལོ་ནས་སྤྱི་ལོའི་སྔོན་གྱི་དུས་རབས12པའི་བར། ཨེ་ཇིན་ཤེས་རིག་བྱུང་བ།
སྤྱི་ལོའི་སྔོན་གྱི་དུས་རབས18པར། གནའ་བོའི་པ་པི་ལུན་རྒྱལ་པོའི་རྒྱལ་ཁབ་ཀྱིས་ཆུ་བོ་གཉིས་ཀྱི་འབབ་ཡུལ་གཅིག་གྱུར་བྱས་པ།
སྤྱི་ལོའི་སྔོན་གྱི་དུས་རབས8པར། སི་པ་ཏ་དང་ཨ་ཐེན་སི་རྒྱལ་ཁབ་བཙུགས་པ།
སྤྱི་ལོའི་སྔོན་གྱི་དུས་རབས6པ་ནས་བཟུང་། ཧིན་རྡུ་ཕྱེད་གླིང་རིམ་གྱིས་གཅིག་གྱུར་བྱུང་བ།
སྤྱི་ལོའི་སྔོན་གྱི་དུས་རབས6པར། སངས་རྒྱས་ཆོས་ལུགས་བྱུང་བ།
སྤྱི་ལོའི་སྔོན་གྱི509ལོར། རོ་མ་སྤྱི་མཐུན་རྒྱལ་ཁབ་མགོ་ཚུགས་པ།
སྤྱི་ལོའི་སྔོན་གྱི་དུས་རབས4པའི་དུས་མཇུག་ཏུ། ཨ་ལེ་ཇིན་རྡེར་གོང་མའི་རྒྱལ་ཁབ་མིང་སྐད་ཅིག་ཙམ་ལས་མ་གྲགས་པ།
སྤྱི་ལོའི་སྔོན་གྱི73ལོར། རོ་མ་སྤྱི་མཐུན་རྒྱལ་ཁབ་ཏུ་སི་པ་ཏ་ཁེས་འོས་ལངས་གློ་བུར་དུ་བསླངས་པ།
སྤྱི་ལོའི་སྔོན་གྱི27ལོར། རོ་མ་གོང་མའི་རྒྱལ་ཁབ་མགོ་ཚུགས་པ།
སྤྱི་ལོའི་དུས་རབས1པར།  ཡེ་ཤུའི་ཆོས་ལུགས་བྱུང་བ།
སྤྱི་ལོ395ལོར།  རོ་མ་གོང་མའི་རྒྱལ་ཁབ་ཁ་བྲལ་བ།
སྤྱི་ལོ476ལོར།  རོ་མ་གོང་མའི་རྒྱལ་ཁབ་ནུབ་མ་རྩ་མེད་དུ་བཏང་བ།
དུས་རབས5བའི་དུས་མཇུག་ཏུ། ཧྥ་རན་ཁེ་རྒྱལ་པོའི་རྒྱལ་ཁབ་བཙུགས་པ།
དུས་རབས7པའི་དུས་མགོར།   དབྱི་སི་ལན་ཆོས་ལུགས་གསར་དུ་དར་བ།
སྤྱི་ལོ622ལོར། མ་ཧ་མད་མ་ཁ་ནས་མེ་རྡི་ན་རུ་སོང་བ།
སྤྱི་ལོ646ལོར། འཇའ་ཕན་གྱི་ཏ་ཧྭ་ཁྲི་ལོའི་གསར་བཅོས་མགོ་ཚུགས་པ།
སྤྱི་ལོ676ལོར། ཞིན་ལུའོ་ཡིས་ཀོ་རེ་ཨ་ཕྱེད་གླིང་གི་ས་ཁུལ་མང་ཆེ་བ་གཅིག་གྱུར་བྱས་པ།
དུས་རབས8པའི་དུས་དཀྱིལ་དུ། ཨ་རབ་རྒྱལ་ཁབ་གོང་མའི་རྒྱལ་ཁབ་ཆེན་པོར་གྱུར་པ།
དུས་རབས9བའི་དུས་མགོར། དབྱིན་ཇི་རྒྱལ་པོའི་རྒྱལ་ཁབ་ཆགས་པ།
སྤྱི་ལོ843ལོར། ཐྲ་ལི་གོང་མའི་རྒྱལ་ཁབ་ཁ་བྲལ་ཏེ་ཧྥ་རན་སེ་དང་འཇར་མན། དབྱི་ཐ་ལི་བཅས་རྒྱལ་ཁབ་གསུམ་གྱི་ཐོག་མའི་རྣམས་པ་བྱུང་བ།
དུས་རབས12པའི་དུས་མཇུག་ཏུ། འཇའ་ཕན་མུའུ་ཧྥུ་དཔོན་གཞུང་གི་དབང་སྒྱུར་དུས་སྐབས་སུ་བསླེབས་པ།
དུས་རབས14བ་ནས་དུས་རབས16པའི་བར། ཡོ་རབ་གླིང་གི་རིག་རྩལ་བསྐྱར་དར་གྱི་ལས་འགུལ་བྱུང་བ།
སྤྱི་ལོ1453ལོར།  པའེ་ཀྲན་ཐིང་གོང་མའི་རྒྱལ་ཁབ་རྩ་མེད་དུ་གྱུར་བ།
སྤྱི་ལོ1487ལོ་ནས1488ལོའི་བར། ཏི་ཡ་ཧྲིས་ཧྥེ་གླིང་ལྷོ་རྒྱུད་ཀྱི་མཚོ་རྒྱུད་དུ་མཚོ་ཐོག་རྒྱང་སྐྱོད་བྱས་པ།
སྤྱི་ལོ1492ལོར། ཀོ་ལུན་ཕུའུ་མེ་གླིང་དུ་བསླེབས་པ།
སྤྱི་ལོ1497ལོ་ནས1498ལོའི་བར། ཏ་ཅ་མས་ཧིན་རྡུ་རུ་མཚོ་ཐོག་རྐྱང་སྐྱོད་བྱས་པ།
སྤྱི་ལོ1519ལོ་ནས1522ལོའི་བར། མའེ་ཀྲེ་ལུན་གྲུ་གཟིངས་རུ་ཁག་གིས་སའི་གོ་ལ་བསྐོར་བའི་མཚོ་འགྲུལ་བྱས་པ།
སྤྱི་ལོ1640ལོར། དབྱིན་ཇིའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་མགོ་ཚུགས་པ།
སྤྱི་ལོ1688ལོར། དབྱིན་ཇིར་སྲིད་འགྱུར་བྱུང་སྟེ་འབྱོར་ལྡན་གྲལ་རིམ་དང་སྐུ་དྲག་གསར་བའི་དབང་སྒྱུར་བརྟན་པོར་ཚུགས་པ།
དུས་རབས18པའི་ལོ་རབས60པར། དབྱིན་ཇིའི་བཟོ་ལས་གསར་བརྗེ་མགོ་ཚུགས་པ།
སྤྱི་ལོ1775ལོ་ནས1783ལོའི་བར།  མེ་གླིང་བྱང་མའི་རབ་བཙན་དམག་འཁྲུག་བྱུང་བ།
སྤྱི་ལོ1776ལོའི་ཟླ7པའི་ཚེས4ཉིན།  མེ་གླིང་བྱང་མའི་སྐམ་ས་ཆེན་པོའི་གྲོས་ཚོགས་ཀྱིས་<<རང་བཙན་བསྒྲགས་གཏམ>>སྤེལ་ནས། ཨ་རི་ཁ་མང་འབྲེལ་རྒྱལ་ཁབ་རང་བཙན་བྱས་པ་ཁྱབ་བསྒྲགས་བྱས་པ།
སྤྱི་ལོ1785ལོར། ཝ་ཐེ་ཡིས་ལེགས་བཅོས་བྱས་པའི་རླངས་སྒུལ་འཕྲུལ་འཁོར་བཟོས་ཏེ་འཁལ་འཐག་འཕྲུལ་གྱི་སྒུལ་ཤུགས་བྱེད་པར་བཀོལ་བའི་མགོ་བརྩམས་པ།
སྤྱི་ལོ1789ལོའི་ཟླ7པའི་ཚེས14ཉིན། ཕ་རི་སིའི་མི་དམངས་ཀྱིས་པ་ཧྲི་ཏེ་བཙོན་ཁང་བླངས་ཏེ། ཧྥ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་མགོ་ཚུགས་པ།
སྤྱི་ལོ1799ལོའི་ཟླ11པར། ན་ཕའོ་ལུན་གྱིས''སྨུག་ཟླའི་སྲིད་འགྱུར''བསླངས་པ།
སྤྱི་ལོ1804ལོར། ཧའེ་ཏེ་ལ་ཐིང་མེ་གླིང་གི་རང་བཙན་རྒྱལ་ཁབ་ཨང་དང་པོར་གྱུར་བ།
སྤྱི་ལོ1810ལོ་ནས1826ལོའི་བར། སི་ཕེན་ལ་གཏོགས་པའི་ལ་ཐིང་མེ་གླིང་གིས་སི་ཕེན་གྱི་མི་སེར་སྤེལ་མཁན་གྱི་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་རང་བཙན་ལས་འགུལ།
སྤྱི་ལོ1848ལོའི་ཟླ2པར། <<གུང་ཁྲན་ཏང་གི་བསྒྲགས་གཏམ>>སྤེལ་བ།
སྤྱི་ལོ1848ལོ་ནས1849ལོའི་བར། ཡོ་རོབ་གླིང་གི་གསར་བརྗེ།
སྤྱི་ལོ1861ལོར། ཨུ་རུ་སུའི་ཞིང་བྲན་ལམ་ལུགས་བཅོས་བསྒྱུར་བྱས་པ།
སྤྱི་ལོ1861ལོ་ནས1865ལོའི་བར། ཨ་མེ་རི་ཁའི་ནང་འཁྲུག
སྤྱི་ལོ1868ལོར། འཇའ་ཕན་གྱི་མིང་ཀྲི་ཁྲི་ལོའི་གསར་བཅོས་མགོ་བརྩམས་པ།
སྤྱི་ལོ1870ལོར། དབྱི་ཐ་ལིའི་གཅིག་གྱུར་ཡོངས་སུ་འགྲུབ་པ།
སྤྱི་ལོ1871ལོར། འཇར་མན་གཅིག་གྱུར་ཡོངས་སུ་གྲུབ་པ་དང་། འཇར་མན་གོང་མའི་རྒྱལ་ཁབ་བཙུགས་པ།
 
       (སྤྱི་ལོའི་སྔོན་གྱི300ལོ་ནས་དུས་རབས19པའི་ལོ་རབས70པའི་བར།)
 
 
ཡོང་ཁུངས།[ངེད་དྲ་བ།]     [2010-3-8] ཀློག་གྲངས།[453] འབྲུ་ཚད། [ཆེ།] [འབྲིང་།] [ཆུང་།]
རྩོམ་གོང་མ།(བོད་ཡིག་གི་དཔེ་ཀློག་མྱོང་ཚོར)___<<མི་ལ་རས་པའི་རྣམ་ཐར་དང་མགུར་འབུམ>>
རྩོམ་ཞོལ་མ།རིག་གནས་སྣང་ཚུལ་ལ་བཏབ་པའི་རྟགས་ཐམ།
དཔྱད་བརྗོད།


དཔྱད་བརྗོད་སྤེལ་བ།
རྩོམ་གསར།
བུད་མེད་དང་འབྲེལ་ཡོད་ཀྱི་སྣང་ཚུལ་ཁ་ཤས།
[2010-9-5]
བོད་མི་ཞིག་གི་དྲང་གཏམ།
[2010-9-5]
ང་ཡིས་གྲོགས་པོ་ཁྱེད་ལ་འདི་སྐད་གླེང་།
[2010-9-5]
མི་བུ་ཞིག་གི་ལོ་རྒྱུས།
[2010-9-5]
རྡོ་འབུམ་དྲ་བའི་དཔེ་འཕྲིན། ཨ་མདོའི་གོམས་སྲོལ་ཉུང་བསྡུས། ཚེ་བརྟན་རྒྱལ་གྱི་བརྩམས་ཆོས།
[2010-9-4]
སྙན་ངག་གི་མཐར་ཐུག་སངས་རྒྱས་རེད།
[2010-9-4]
མཚོ་ཁུགས་གྲོང་ཁྱེར་ནས་མཐོང་བའི་བོད་ཀྱི་སྐུ་པར་ཞིག
[2010-9-4]
ལབ་རྒན་ལེའུ་བདུན་མ།
[2010-9-4]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2403]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2170]
<<རྟུལ་ཕོད>>ཆ་ཚང་།
[1468]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1402]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1327]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1251]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1234]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1227]
友情链接: 青海汽车网