_______བོད་མིའི་སྤྱི་ལོ2009ཡི་རིག་གནས་སྣང་ཚུལ་ལ་བསམ་པའི་ངེས་ཤེས་ཐན་ཐུན།
ཉེ་བའི་དུས་ཤིག་ནས་བཟུང་སྟེ་འུ་ཅག་ལའང་མི་རིགས་རང་གི་ལོ་རེ་བཞིན་གྱི་རིག་གནས་སྣང་ཚུལ་དང་སྤྱི་ཚོགས་དོན་རྐྱེན་ལ་སོགས་ཐོ་རུ་འདེབས་པའི་དཔེ་དང་ལམ་ཚུགས་ཡོད་ཅིང་། དེ་ནི་ཆེས་གཅིག་སྡུད་རང་བཞིན་དང་ཆེས་རྩ་ཚིག་རང་བཞིན་གྱིས་ཚིག་ཉུང་བསམ་ཚུལ་སྤེལ་བ་དང་སྟབས་བདེའི་ཟིན་ཐོ་འགོད་པ་གཉིས་སུ་འདུ། ཁ་ཅིག་ན་རེ། ལས་དེ་བྱས་པས་གང་ཞིག་སྨན་པ་རེད་ཅེ་ན། ཆེ་ཕྱོགས་ནས་བཤད་ན་མི་རིགས་ཧྲིལ་པོའི་རིག་གནས་ལྟ་ཚུལ་གྱི་མ་ལག་ཚགས་སྒྲིག་བྱེད་ཐུབ་རྒྱུ་དང་གང་དེའི་སྐྱེ་བོ་སྒེར་རེ་རེའི་མི་གཤིས་འབྱུང་ཁམས་ཀྱི་ས་གཤིན་ལ་དུས་ཐོག་རྨོ་འདེབས་བྱེད་པ་དང་སྐབས་བསྟུན་ཆུ་ལུད་འདྲེན་པ་སོགས་ཀྱི་དོན་སྙིང་གིས་རོབ་ཙམ་ཕྱུག་པ་ཡིན། ཆུང་ས་ནས་གླེང་ནའང་ཀུན་གཞི་མི་འདྲ་བ་ས་ཡ་དྲུག་ལྷག་ལ་བྱས་པ་ཆེ་ཆུང་ལྟར་གྱི་མཇུག་སྐར་འདྲ་མཉམ་རེ་འཐོབ་ཐུབ་པའི་བདག་རྐྱེན་ལ་རྨང་འདིང་པ་ཡིན་པར་ཁོ་བོས་སྙམ། གང་ལྟར་རིག་གནས་དགག་སྒྲུབ་ཀྱི་ལས་ལ་ས་ཞིང་ཡོད་དགོས་དོན་དང་བགྱི་བ་གསར་རྩོམ་གྱི་ལས་ལ་ཁྲལ་བཅོས་བྱེད་མི་རུང་དོན་ནི་འགངས་འདིར་ཐུག་ཡོད་པ་སྨོས་མེད་རེད།
ད་ལོ་སྟེ། སྤྱི་ལོ་ཉིས་སྟོང་དགུ་པར་ཆ་གཅིག་བཞག་ན། འཛམ་གླིང་སྒང་འདི་སྔར་བཞིན་རུས་མིང་དུ་རྗང་དང་པཱེན་དང་ཧེམ་སོགས་ཡོད་པའི་སྤྲེའུ་སྐོར་ཞིག་གི་གར་སྟེགས་རང་རེད། ནམ་རྒྱུན་ལྟར་དུ་ནོ་པེལ་བྱ་དགའ་ཆེན་མོ་ཁོ་ཚོས་ལེན་དགོས་ཤིང་རང་བྱུང་རི་ཆུའི་རྦབ་ལ་ཁོ་ཚོ་འཆོར་འགྲོ་ཞིང་འཛམ་གླིང་དཔལ་འབྱོར་གྱི་འཕར་ཆག་ཁོ་ཚོས་བཤད་ཟིན་ཅིང་ཁྱིམ་བྱ་གསོ་ཕག་གི་རིམ་ནད་ཀྱང་ཁོ་ཚོ་འབའ་ཞིག་ལ་དབང་དགོས་པ་ཞིག་ཡིན་ཚོད་རེད། གསར་ཤོག་ཏུ་གྲོང་ཁྱེར་མང་པོ་ས་ཡོམ་གྱིས་འཇིག་སོང་ཟེར། སྨྱན་བྱེད་དུ་བྱིས་པ་མང་པོ་འཁྱགས་གྲིར་ཤི་སོང་ཟེར། མེ་གླིང་ལྷོ་མ་ནས་ཅི་ཅི་ཅིག་གི་རྒྱལ་ཁབ་ལ་གསར་བརྗེའི་རང་བཙན་ཐོབ་སོང་། ཡ་གླིང་བྱང་རྒྱུད་ནས་ཉི་ཉི་ཉིག་གི་ཏང་ཁག་གིས་དམག་གཟིགས་མཛད་སྒོ་བསྟན་སོང་།མི་རིང་བར་སའི་གོ་ལའི་སྲོག་དབུགས་ཆད་རྒྱུ་ཡིན་པ①རེད།ཉི་མ་ལོ་མཐོན་པོར་བརྒྱབ་ཅིང་ཕོ་བར་འབྲས་སྐྲན་བྱུང་ཡོད་པ་རེད། ནུབ་ཕྱོགས་ཀྱི་ས་ཆ་ག་གེ་མོར་སྐར་མ་གཅིག་གནམ་ནས་ལྷུང་སྟེ་པར་བརྒྱབ་པ་འདི་ཡིན། སྐམ་སའི་ཡུལ་ལུང་ཆེ་གེ་མོ་ནས་རི་བོ་ཞིག་འབར་གས་བྱུང་བའི་དངོས་ཡུལ་ནས་བརྙན་ཕབ་པ་འདི་ཡིན་སོགས་ཁ་འཁྲུག་གམ་གསར་འགྱུར་དེ་དག་མུ་མཐུད་དུ་ཁོ་ཚོ་འབའ་ཞིག་གིས་ལབ་རྩིས་བཤད་རྩིས་ཡོད་པས་གཞན་གྱིས་ཅི་བྱར་ཡོད། དེ་ནི་ཚར་རྒྱུ་མེད་ལ་གོ་རྒྱུ་མེད་པའི་འཛམ་གླིང་ནུབ་ཕྱོགས་སོགས་ཀྱི་དོན་ཆེན་སྐོར་ཡིན་པས་འདིར་གླེང་བར་མི་བྱ།
ཅིས་ཀྱང་ཐོ་རུ་གདབ་སྟེ་ཐིག་ཏུ་བྲི་བསམ་པ་ནི་འུ་ཚོ་བོད་མིའི་ལོ་ངོ་གཅིག་གི་སྤྱི་སྡོམ་བྱ་བ་ཡིན། གསལ་པོར་བཤད་ན། ཉིས་སྟོང་དགུའི་བོད་མིའི་ལོ་ངོ་གཅིག་གི་རིག་གནས་སྣང་ཚུལ་ཐད་ཀྱི་ཤོག་དཀར་ཐ་གང་གི་ལྟེབ་བཤིག་བསམ་པ་ཡིན་མོད། ལོ་ཟླ་ཐོག་ཐག་ལ། ཕན་ཚུན་བར་ཕྲ་མ་འཇུག་རེས་དང་འཁོན་ལན་སློག་རེས་ཀྱིས་ཡོད་པའི་ང་རང་ཚོ་ལྟ་བུ་ཞིག་ལ། རྩ་བ་ནས་ཁ་དོག་འགྱུར་ཚར་ཞིང་བྲོ་བ་ཉམས་ཟིན་པའི་ང་ཚོའི་རིགས་འདིར་ད་དུང་སྲང་ལ་གཞལ་རུང་བ་དང་ཐོམ་ལ་གཅོད་རུང་བ་ཞིག་ལྷག་ཨེ་ཡོད་དམ། བསམ་ཞིང་བསམ་ན་སྣང་བའི་ཆེས་གཏིང་རིམ་ཞིག་ནས་དངོས་གནས་སྐྱུར་ཆིལ་ཆིལ་རེད།
འོན་ཏང་།རང་རེའི་ཤེས་ཡོན་པའི་སྡེའི་བཅུ་ཆའི་གཅིག་ཙམ་གྱི་ཁ་སྟབས་ཤེད་མོང་ནི་གཞར་ཡང་ཉམས་པ་མེད་ཅིང་། མུན་ནག་གི་ཡུལ་གྲོང་འདིའི་ཟུར་ལོགས་སུ་འབར་བའི་བསམ་བློའི་མེ་སོན་རྡོག་པོ་རྣམས་ཀྱང་ག་ལེ་ག་ལེར་ལམ་བགྲོད་བྱེད་མགོ་བརྩམས་སོང་། ད་དུང་དེའི་མཐའ་འཁོར་ལ་འདུས་པའི་སེམས་ཀྱི་ཅི་ཞིག་སྨིན་མ་སྨིན་གསུམ་ཆར་གྱི་གྲངས་འབོར་རྣམས་ལའང་རྩ་བའི་ཆ་ནས་འཕར་སྣོན་བརྒྱབ་པ་བྱུང་ཡོད།འདི་ནི་འུ་བུ་ཅག་ཡོངས་སུ་འཕམ་དགོས་དོན་མེད་པའི་གོ་རིམ་གྱི་རྒྱུ་མཚན་ཡིན་ལ། ཁོ་བོས་རྩོམ་ཐུང་སྦྱོར་འདོད་པའི་སྔོན་འགྲོའི་སྤྲོ་ཤུགས་ཀྱང་ཡིན་པ་རེད། དེ་བས་ན། གཤམ་དུ་རང་བློས་ཟིན་ཚོད་ཀྱིས་སྤྱི་ལོ་ཉིས་སྟོང་དགུའི་བོད་ཀྱི་རིག་གནས་སྣང་ཚུལ་ཐད་ཀྱི་ཚབ་བྱེད་རེ་གཉིས་ཙམ་སྟབས་སླ་པོས་བྲི་བ་ལ།
1.འདུ་ཚོགས་དང་གླེང་སྟེགས།
ཤེས་ལྡན་པ་སྐོར་ཞིག་ན་རེ། ལོ་འདི་འགར་ང་ཚོ་བོད་དུའང་མི་དྲི་བྲོ་ཞིང་མི་བཟོ་དོད་པའི་འདུ་བྱེད་རིགས་ཤིག་གིས་གྲབས་གཤོམ་གྱིན་འདུག་ཟེར། དེས་ན། སྤྱི་ལོ་ཉིས་སྟོང་དགུ་ཡི། སྔར་སྲིད་མ་མྱོང་བའི་དམངས་ཁྲོད་རང་བཞིན་གྱི་འདུ་ཚོགས་བརྩི་མི་ཐོན་པ་དེ་དག་ཡང་ཅི་ཞིག་གིས་གྲབས་གཤོམ་གྱིན་འདུག་ཟེར་བའི་གྲས་སུ་གཏོགས་ཁོ་ཐག་རེད།
2009ལོའི་ཟླ11པའི་ཚེས27ནས30བར་གྱི། ལྗང་བུ་ལགས་ཀྱིས་གཙོ་སྒྲུབ་བྱས་ཤིང་ངའི་ཕ་ཡུལ་ནུབ་མཚོ་རུ་སྤེལ་བའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུས②ཐོག་དྲངས་ཏེ། བོད་ཡུལ་སྟོད་སྨད་བར་གསུམ་དུ་དམངས་ཁྲོད་རང་བཞིན་གྱི་འདུ་ཚོགས་མང་པོ་རྒྱ་མཚོའི་རླབས་ལྟར་འཕྱུར་བྱུང་།དེའི་ཁྲོད་དུ། བོད་མིའི་ཡ་ཐོད་ཀྱི་མིག་དང་བྲང་ཁོག་གི་སྙིང་ལ་དཔེར་རུང་བའི་པཎ་ཆེན་བླ་མ་ཆོས་ཀྱི་རྒྱལ་མཚན་དང་སྙན་ངག་མཁན་པོ་ཡི་དམ་ཚེ་རིང་རྣམ་གཉིས་ལ་རྗེས་དྲན་བྱེད་པ་ཤིན་ཏུ་མང་ཚོད་རེད། འདུ་ཚོགས་སྤེལ་སྟངས་ལའང་གནའ་སྲོལ་ལྟར་འདོན་དབྱངས་རྟ་ཙམ་བྱེད་པ་ལས་རིང་བར་འགོངས་ཏེ། ཁོང་རྣམ་པ་གཉིས་ཀར་མི་བུའི་ངོས་ནས་དང་སོ་སྐྱེས་ངོས་ནས་དང་གང་ཟག་ཅིག་གི་ངོས་ནས་ཡི་རངས་གུས་འདུད་ཞུ་བཞིན་ཡོད་པ་དང་། ལ་ལས་ད་དུང‘པཎ་ཆེན་སྙིང་སྟོབས’ཞེས་པའི་མིང་བརྡ་སྦྱར་དེ་མི་བོ་ཆེ་དེ་དག་ནི་རང་སྡེའི་སྤོབས་པའི་དར་ཆ་ཞིག་ལ་ངོས་འཛིན་ཐུབ་པ་བྱུང་ཡོད། འདི་སོགས་དང་འཕྲོར་མཐུད་ཏེ་དུས་བཅད་རང་བཞིན་གྱི་དམངས་ཁྲོད་གླེང་སྟེགས་ཀྱང་འགའ་ཙམ་ཚུགས་པར་གྱུར།དེའི་ནང་རང་ལ་ཆེས་གསལ་ཆ་མངའ་བ་ནི་ངེད་ཚོ་སྐོར་ཞིག་གིས་འགན་སྒྲུབ་བྱས་པའི<<ཟི་ལིང་གི་གཟའ་ཉི་མའི་ཁ་བརྡ>>ཞེས་པའི་གླེང་སྟེགས་དེ་རང་ཡིན། འདི་ནི་ཟླ་རེར་ཐེངས་མ་གཉིས་ལྷག་བསྐོངས་བཞིན་ཡོད་པ་དང་།ཐེངས་རེའི་གླེང་གཞིའི་ཁ་བྱང་དང་བརྗོད་བྱའི་རྩ་གནད་ལ་སོགས་ཚོགས་ཞུགས་པ་གཞན་དང་གཞན་གྱིས་མཁོ་སྤྲོད་བྱེད་ཆོག་ཅིང་།ཆོས་སྐད་ལྟར་བཤད་ན། ངེད་ཚོས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་ཤེས་རབ་ཀྱི་རྩ་དོན་ལྟར་དུ།མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་སོགས་ཀྱི་སློབ་མ་རྣམས་དང་བགྲོ་གླེང་ཞིང་། སྔ་ཕྱིར་དུ་བོད་ཀྱི་སློབ་ཆེན་པ་དག་གི་བསམ་བློའི་གནས་བབས་དང་གངས་རིའི་སྐྱེས་མ་དག་གི་ལྷན་སྐྱེས་ཁེ་དབང་།བོད་སྐད་རླུང་བརྙན་འཕྲིན་གྱི་འཐུས་ཤོར་དང་ཆག་གྲུམ་སོགས་ཀྱི་ཐད་ནས་རང་ལྟ་ལྷུགས་པོར་ལབ་པ་ཡིན་ཅིང་། རེས་ཐེངས་སོ་སོར་བོད་སྤྱི་ཚོགས་སྟེང་གི་ས་ཆུའི་ཚོད་ཀྱི་སྙན་ངག་པ་དང་། རྩོམ་པ་པོ། རླུང་བརྙན་འཕྲིན་གྱི་མདོ་འཛིན་པ་དང་། དྲ་ཚིགས་དོ་དམ་པ་དང་གསར་ཤོག་རྩོམ་སྒྲིག་པ་སོགས་མ་བགྲོས་ངང་གིས་བློ་འཕྲད་ཡོད་ཅིང་།བགྲོ་གླེང་གི་གོ་རིམ་ཧྲིལ་པོར་དགག་སྒྲུབ་གཉིས་ཀ་རེས་མོས་སུ་འཁོར་བར་བྱས་ནས། དེར་འདུས་སློབ་གྲོགས་རྣམས་ལ་ཚད་ངེས་ཅན་ཞིག་ནས་རྟོགས་པའི་བོགས་ཐོན་ཅིང་བསམ་བློའི་དབལ་འབར་བའི་མྱོང་བ་མངོན་སྣང་སྐྱེས་སུ་བཅུག་ཡོད། ང་ཚོས་ད་ལྟའི་བར་དུ་བཙལ་ཞིང་འཚོལ་བཞིན་པའང་འདི་དང་འདི་ལྟ་བུའི་མཁའ་དབུགས་རིགས་ཤིག་ལ་སེམས་སྨོན་པ་ཡིན་ཚོད་ལ།འུ་ཚོས་དུས་རྟག་ཏུ་འབད་ཅིང་བརྩོན་བཞིན་པའང་འདི་དང་འདི་འདྲ་བའི་ཁོར་ཡུག་རིགས་ཤིག་ལ་ཞེ་དགའ་ཞིང་ཡིད་འཕྲེང་བས་མ་ཡིན་ནམ།
2.བརྩམས་ཆོས་དང་དཔེ་དེབ།
ད་ལོ་ཡང་ལོ་སྔོན་མ་དང་འདྲ་བར་དེབ་སྙིགས་དང་དཔེ་འཆལ་མང་པོ་ཁ་དར་བའི་ལོ་ཞིག་ཡིན་པ་སྨོས་ཅི་དགོས་ཀྱང་། སྟོང་ལོ་དགུ་པའི་མགོ་སྟོད་དུ་བྱུང་བའི་སྨིན་དྲུག་ལགས་ཀྱི<<མནར་གཅོད་ཀྱི་གོ་རིམ་ཞིག>>ཞེས་པའི་དྲ་རྩོམ་རིང་བོ་དང་། ཚེ་རིང་དོན་གྲུབ་ལགས་ཀྱི་སྒྲུང་པོད་ཆེན་མོ<<རླུང་དམར་འུར་འུར>>གཉི་ཀ་ནི། ཐག་རིང་བོར་འགྲོ་བའི་ཡུལ་སྲུང་དང་ལ་མཐོན་པོར་བརྒལ་བའི་འཁར་བ་འོང་བར་སོམ་ཉི་མི་འདུག་ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཉག་གར་ཕུད་པའི་དུས་རབས་ཉེར་གཅིག་པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་ཞེས་པར་ཡང་དགའ་རྩོམ་རེ་གཉིས་ཤིག་མཐོང་རྒྱུ་ཡོད་མོད། མང་ཆེར་ནི་སྦྲང་ཆར་གྱི་རོ་ལངས་བརྒྱབ་སྟངས་གཞན་ཞིག་ཡིན་པས། ཁད་དང་ཁད་ཀྱིས་ཡི་ག་འཆུས་ཤིང་རྒྱུ་མ་གཤལ་བའི་རྐྱེན་དུ་མི་འགྱུར་རང་འགྱུར་རེད།ལྷག་པར་དུ་ཁོ་པ་ཚང་གི་རྩོམ་སྟེགས་སྒེར་གཅོད་བྱེད་པའི་ལས་དེར་ཁྱོན་ནས་དགའ་བོ་མི་འདུག་ཅིང་དཔྱོད་ལྡན་ཡུལ་ཕུད་གཏོང་བའི་སྒྱུ་དེར་གཏན་དུ་གུ་ཡངས་གཏོང་ཐབས་བྲལ་བ་ཞིག་ཅི་ལ་མིན་ཨང་།ཡིན་ནའང་། བོད་སྐྱེས་དར་གཞོན་རྣམས་ཀྱི་རྩོམ་སྟེགས་ནི་གཞུང་དེབ་སྦྲང་ཆར་སོགས་ཀྱི་རྒྱབ་རོལ་ནས་བརྩིགས་པའི་ཞིང་ཁམས་ལོགས་ཤིག་ཡིན་པར་གོ་བ་བསྐྱོན་པའི་ཚུན་ཆད་དུ། ཁོ་པ་ཚོའི་ཉི་ཚེ་བའི་ལས་ཀ་དེར་ཡང་བཟོད་སྒོམ་བྱེད་མི་ཐུབ་རྒྱུ་ཅང་མི་འདུག་ཨང།
གནམ་ལོ་འདིར། ད་དུང་གལ་ཆེན་བརྒྱ་ཡི་འགངས་ཆེན་གཅིག་ཡོད་པ་ནི། སྐུ་ཞབས་ཞོགས་དུང་ལགས་ཀྱི་བརྩམས་པོད་བཞི་པ<<གནམ་ས་གོ་འབྱེད>>འཁྲུངས་བལྟམས་པ་དེ་རེད།བརྩམས་པོད་འདིས་ནི་དྲི་བ་བརྒྱ་ལ་དྲིས་ལན་བཏབ་བཞག་ཅིང་གནད་དོན་འབུམ་ལ་གསལ་ཁ་ཕྱེས་སོང་བ་རེད། དེ་ནི་ཨོ་སི་ཐུ་ལོ་ཧྥུ་སི་ཀིས་བརྩམས་པའི<<ངར་ལྕགས་ལྟ་བུའི་མི་དེ་ཇི་ལྟར་བྱས་ནས་བྱུང་བ་ཡིན>>③ཞེས་པའི་དཀར་ཆག་མཇུག་ཏུ། པཱ་ཝེར་ཁོ་ཁྲ་ཅིན་གྱི་ཚིག་དུམ་གཅིག་བཞག་ཡོད་པས་གསལ་པོར་མཚོན་ཐུབ་སྟེ། ཇི་སྐད་དུ། “མི་ལ་མཚོན་ན་ཆེས་རིན་ཐང་ཆེ་བ་ནི་ཚེ་སྲོག་ཡིན་ཞིང་།མི་ཞིག་ལ་ཚེ་སྲོག་ཐེངས་གཅིག་མ་གཏོགས་བདག་མི་སྲིད་པས། སོ་སོའི་མི་ཚེ་གང་ནི་འདི་ལྟར་འཁྱོལ་དགོས་པ་སྟེ།འདས་དོན་ལ་ཕྱིར་དྲན་བྱེད་པའི་ཚེ། ཉི་མ་སྟོང་ཟད་དུ་བཏང་བའི་བློ་འགྱོད་དང་དོན་མེད་ལས་ཀྱིས་ཕོངས་པའི་ངོ་ཚ་སྐྱེ་དགོས་པ་ཞིག་གཏན་ནས་མ་ཡིན་པར། ཚེ་ཕྱི་མར་འགྲོ་ལ་ཉེ་བའི་དུས་སུ། ཁོ་བོའི་ལུས་ངག་ཡིད་གསུམ་ནི་འཛམ་གླིང་སྟེང་ཆེས་རླབས་ཆེ་བའི་ལས་དོན་ཏེ། འགྲོ་བ་མིའི་རིགས་བཅིངས་འགྲོལ་གཏོང་བའི་ཕྱིར་དུ་ཕུལ་ཡོད་ཅེས་བཤད་ཕོད་པ་དེའོ། །”ཟེར། རླབས་ཆེན་སྐྱེས་བུ་སྐོར་ཞིག་གིས་འདི་ལྟར་རླབས་ཆེན་གྱི་གདམས་ཚིག་བསྐྱུར་ཏེ་རྒྱང་རིང་གནམ་སའི་མཚམས་སུ་ཡལ་སོང་ནའང་ཁོང་རྣམས་ཀྱི་ལེགས་བཤད་འོད་ཀྱི་གཏན་ཚིགས་ལ་གནས་པའི་རླབས་ཆེན་སྐྱེ་བོ་གཞན་སྐོར་ཞིག་ཀྱང་སྔར་ལྟར་རི་བརྒལ་ལམ་གཤག་གིས་མདུན་ནས་མདུན་དུ་ཕེབས་དགོས་པ་རེད་ཨང་། ཕྱི་མིག་དང་ཞེན་ཆགས་མེད་པར… …
3.བྱ་དགའ་དང་གཟེངས་སྐྱེས།
2009ལོའི་ཟླ9པའི་ཚེས15ཉིན། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་གསུམ་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་སྤྲད་པ་དང་། 2009ལོའི་ཟླ12པའི་ཚེས11ཉིན་སྦྲང་ཆར་རྩོམ་སྒྲིག་ཁང་གིས་སྐབས་དྲུག་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་སྤྲད་པ་དང་། 2009ལོའི་ཟླ10པའི་ཚེས25ནས28བར་དུ་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གིས་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྤྲད་པ་སོགས་དང་། གཞན་ཡང་། སྒེར་གཉེར་དུས་དེབ་ཀྱི་རྕོམ་སྒྲིག་ལ་ཤོས་ཀྱིས་ཀྱང་མཁས་དབང་ཁྱད་ཐོན་གྱི་གཟེངས་སྐྱེས་རྟགས་མ་ཟེར་བ་ཞིག་ཀྱང་བསྩལ་པར་གྲགས་སོ། ། ལར་བྱ་འགའ་དང་གཟེངས་སྐྱེས་དེ་དག་ནི་ད་ལྟའི་བར་དུ་ཡོད་པས་ཡོད་གོ་མ་ཆོད་ཅིང་མེད་པས་མེད་གོ་མ་ཆོད་པ་ནི་སུར་མི་གསལ། ཡོད་པས་ཡོད་གོ་མ་ཆོད་པའི་མཚན་གཞིར་ནི་གེ་སར་རྒྱལ་པོའམ་གཅོད་པ་དོན་གྲུབ་ལགས་བཞག་པས་འཐུས་ཤིང་། དེ་ལ་ད་དུང་ཟུར་བཤད་འདྲ་མཁོ་ན་ནི་ཨ་བུས་བྲིས་པའི<<གངས་རྒྱན་རྟགས་མ>>④སོགས་ལ་བལྟ་བར་ཁ་སྐེ་གཅུ་དགོས་སོ། ། ཡང་མེད་པས་མེད་གོ་མ་ཆོད་པའི་གསོན་དཔེར་ནི་ཁ་སང་དེ་རིང་གི<<སྦྲང་ཆར>>སོགས་ཀྱི་ཕྱི་རོལ་ནས་སྨིན་པའི་རྩོམ་པོ་སྐད་གྲགས་ཅན་དག་བཞག་ཚེ་ར་འཕྲོད་རྒྱུ་སླ་པོ་ཡིན་ཨང་།
ད་ལོའི་གངས་རྒྱན་མེ་ཏོག་གི་རྩོམ་རིག་བྱ་དགའི་ཐད་དུ་ཁ་རྡུང་གཏོང་བ་དང་གླེང་ཕྱོགས་བཟོ་བ་སོགས་ཀྱི་གནས་ཚུལ་མང་དུ་བྱུང་བ་དང་བསྟུན། འབག་པ་བསལ་མེད་པའི་ཤོག་འབུ་སྐོར་ཞིག་གིས་སེམས་ལ་ཁ་ཞབས་མེད་པའི་དེ་ཉིད་བསྟན་སོང་བ་དངོས་གནས་བཙོག་པོ་ཡིན་ཐལ། དོན་འདི་སོགས་ཀྱི་ཐད་ནེའུ་ཆུང་ལགས་ཀྱིས<<ལྕགས་ཀྱི་ཆབ་ཏོག་མྱི་ཡི་ཁ་དམྱིག་ཅན>>ཞེས་པའི་འབོལ་རྩོམ་དགའ་མོ་ཞིག་བྲིས་གནང་མཛད་ཡོད་ཅིང་། དེ་ཡིས་ཁོ་པ་ཚོར་རྩེད་ཞོར་དགོད་ཞོར་ལ་བརྡ་ལན་གསལ་པོ་ཞིག་བཏབ་ཟིན་པར་མ་ཟད། ད་ལོའི་རྩོམ་རིག་བྱ་དགའི་ཐད་ཀྱི་ལྟད་མོ་དེའང་ལྟད་མོ་གཞན་ཞིག་ཏུ་བསྒྱུར་བར་བྱས་སོ། ། ཡང་གོ་ཚོད་ཅིག་ལ་གཞུང་བརྒྱའི་བགྲོ་གླེང་རྟགས་མ་ཞེས་པའི་གཟེངས་སྐྱེས་རྫ་བུམ་ཞིག་གི་དོན་དུ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཁམས་གསེར་རྟ་ནས་ཟི་ལིང་བར་དུ་མཚན་བརྒྱབ་སྟེ་ཕེབས་པ་དང་།ལམ་སང་ཁོང་གིས་མཚོ་སྔོན་བོད་སྐད་རླུང་འཕྲིན་དུ་བདག་སྒྲ་དང་བཅས་ཏེ་རང་ལུགས་གསར་པའི་བཅས་མཚམས་མང་པོ་དབུགས་ཐེར་ཐེར་དུ་གསུངས་སོང་སྐད། བརྒྱ་ལ་གཏམ་དེ་བདེན་དུ་མཆིས་ན། མི་རིང་བར་དམ་པ་འདི་དག་ཀྱང་བདག་བདེན་པ་དང་བདག་གཞི་གྲུབ་པའི་སྨྲ་བའི་ལུགས་སུ་གནས་སྤོར་བྱེད་རྒྱུ་ཨེ་ཡིན་སྙམ་མོ། ། དེ་ལྟར་ཡིན་ཚེ། འུ་བུ་ཅག་གིས་བྱ་དགའ་ཡི་ནུས་སྟོབས་དང་བྱིན་རླབས་ལ་ཚད་མཐའ་མི་འདུག་ཞེས་གཟས་ཀྱིས་སྒྲོ་ཞིག་བཏགས་ནའང་དེ་ཙམ་མི་སྐྱོན་པ་ཨེ་རེད།
4.གློག་བརྙན་དང་བཞད་གད།
ང་ཚོའི་ཡུལ་འདིར་བསྐལ་པ་ས་ལ་ཆགས་པ་ནས་ཨ་མེ་རི་ཁའི་ཧའོ་ལེ་བིན⑤ལྟ་བུའི་གློག་བརྙན་ཕབ་བསྒྱུར་གླིང་ཞིག་བྱུང་མ་མྱོང་ལ། སཱ་ལེ་པེ་གཱི་ལའོ་ཡི<<འགད་རྫས་ཉེན་གཏོར་རུ་ཁག>>⑥དང་། གྲན་མུའུ་སི་ཁཱ་མེ་ལུང་གི<<ཨ་ཧྥན་ཏཱ>>⑦དང<<ཐའེ་ཐི་ནིས་ཁི་ཧོ>>⑧ལྟ་བུའི་གློག་བརྙན་བརྩམས་ཆོས་ཚད་ལྡན་ཡང་བྱུང་མྱོང་ཡོད་པ་མ་རེད།དེ་བཞིན་དུ། སི་ཕན་གྱི་པིས་གྷ་སོ⑨དང་ཨ་རིའི་མེ་ཁི་ཇེ་ཁུ་ཞོན⑩ལྟ་བུའི་སྒྱུ་རྩལ་མཁས་ཆེན་ནི་མཚན་མོའི་འཇའ་འོད་དང་དགུན་ཁའི་རྩྭ་སྔོན་གྱི་འདྲ་དཔེར་སོང་ཡོད་པ་རེད།དེ་ལྟ་ནའང་།ཙི་ན་པ་ཚོས་རྒད་པོ་ཀྲོ་པིན་ཧྲན(赵本山)ལྟ་བུ་ལ་སྒྱུ་རྩལ་གྱི་རྒྱལ་པོས་འབོད་པར་བག་མི་ཚ་ན།རྩེད་སྤྱད་དགོད་སྤྱད་ཙམ་ལས་རྒྱང་དུ་འགོངས་ཤིང་སྐེ་འགུལ་སྣ་གཉེར་ཙམ་ལས་རིང་དུ་ཕྱིན་པའི། ཚིག་རེའི་ཕག་ན་དོན་རེ་དང་། དོན་རེ་ཁུད་ལ་གནད་རེ་བཅུག་ཡོད་པའི་འབར་རྡེའུ་ལགས་ཀྱི་བཞད་གད་བརྩམས་ཆོས་མཐའ་དག་ལ་བསྔགས་པ་མི་བརྗོད་རང་དབང་ཅི། དེ་ལྟར་ཡིན་ཙང་། གཟུར་གནས་འགའ་ཞིག་གིས་ནི། ཁོང་གི་ད་ལོའི<<རོལ་མོ་པ་དང་གྱེར་འདོན་མཁན>>ཞེས་པའི་བརྩམས་ཆོས་ཀྱང་མཚོན་ཐབས་ཁྱད་པར་ཅན་དང་བསྟན་བྱ་དམིགས་བསལ་པ་ཞིག་ཏུ་སྨྲ་བ་ནི་ཐུགས་ཧ་ཅང་དག་པར་སེམས།
དེ་ནས། སྐུ་ཞབས་པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས<<འཚོལ>>ཞེས་པ་རེད། སྤྱིར་ན་གློག་བརྙན་འདི་ནི2007ཙམ་ཞིག་ནས་འཁྲབ་སྦྱོར་ཡོངས་འགྲུབ་བྱས་ཟིན་པ་ཞིག་ཏུ་གོ་ཐལ་མོད། མི་རྣམས་ཀྱི་གཟིགས་མོར་རྒྱ་ཁྱབ་ཏུ་ཐོན་པ་ནི་ཁ་སང་དེ་རིང་ཙམ་ཞིག་རེད། ལར་ཁྱབ་བསྒྲགས་དང་བརྡ་སྦྱོར་ཙམ་གྱི་ངོས་ནས་དེ་ཙམ་ཡིད་ཆེས་པར་མི་འདོད་ཀྱང་། གློག་བརྙན་དངོས་ལ་སེམས་ཀྱིས་བལྟས་ཤིང་ཡིད་ཀྱིས་མྱངས་ཏེ་འོང་ན།འདྲ་འདྲའི་ཚོད་ཀྱིས་ཅུང་མི་འདྲ་བའི་པར་མིག་འགའ་ཞིག་གིས་བག་ཙམ་སེམས་རྩ་འཁོལ་དུ་བཅུག་འགྲོ གང་ལྟར་ཙི་ན་པའི་པྲ་ཚིལ་གྱིས་བཟོས་པ་ལྟ་བུའི་གློག་བརྙན་དེ་དག་གི་ཁྲོད་གཞར་ཡང་མགོ་བོ་དམད་མི་དགོས་པའི་ང་རྒྱལ་ཞིག་ཁུར་ཆོག་ཆོག་ཡིན་པར་སྣང་ངོ་། །མ་མཐའ་ཡང<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ>>སོགས་དང་བསྡུར་ན་ཐག་ཚད་གཅིག་གིས་ཡར་འཕག་སོང་སྙམ་པ་ཞིག་ཏུ་ཁོ་བོས་འདོད་ཡོད། ཆུ་ངོགས་གཏམ་རྒྱུད་ཀྱི་རྩོམ་སྐད་ཇི་བཞིན། དོན་གྱི་རྡོ་ཁ་བསྟན་ཏེ་བཤད་ན། ད་ནས་བཟུང་ང་ཚོས་ཀྱང་འགྲོ་བ་མི་སྤྱིའི་ལུགས་ལྟར་དུ། ཟློས་གར་དང་གློག་བརྙན་སོགས་ལའང་བལྟ་ཞིང་རོལ་དགོས་པར་མ་ཟད། ངེས་པར་དུ་བལྟ་ཤེས་ཤིང་རོལ་མཁས་པའི་གོ་ལའི་རང་བཞིན་གྱི་སྤྱི་དམངས་ཤིག་ཏུ་འགྱུར་བར་ཧུར་བརྩོན་འབད་འཐབ་བྱེད་དགོས་པ་དེའོ། །
5.དྲ་ཚིགས་དང་ཟིན་བྲིས།
མི་རྣམས་ཀྱིས། དུས་རབས་ཉེར་གཅིག་པ་ནི་འཐབ་ནས་འཕམ་རྒྱུ་མེད་པའི་གནའ་བོའི་རོ་མ་བཙན་རྒྱལ་གྱི་དམག་སྤྱི་ཆེན་མོ་ཞིག་ལ་དཔེ་ལེན་གྱིན་ཡོད་པ་རེད། དཔུང་འཐབ་མིན་ན་གྲི་རྩེད་དང་གྲི་རྩེད་མིན་ན་དཔུང་འཐབ་ཡིན་པའི་གོ་ར་འདི་ནས། ཁྱོད་རང་སོས་དལ་བག་ལྷོད་བྱེད་ཆོག་པའི་ལས་ཀ་ཡང་མོ་ཞིག་སུ་ཡིས་བཀོད་སྒྲིག་བྱེད་དམ། ཏག་ཏག་དབུགས་འབྱིན་རྔུབ་ཀྱི་ལོང་ཙམ་ཡང་མི་སྦྱིན་པའི་ད་ཚོད་འདི་ལ། མི་རྣམས་ནི་ངེས་པར་དུ་མགྱོགས་ཟས་རིགས་ཤིག་ལ་བརྟེན་ཏེ་གསོན་དགོས་སོང་བ་རེད།དེ་ནི་ཤཱ་རིའི་བུའི་རྫུ་འཕྲུལ་གྱི་རྐང་པ་ལས་ཀྱང་མྱུར་བའི་ཆ་འཕྲིན་གྱི་རིག་པ་འདི་ལ་ཟེར་རོ། །ང་རང་ཚོ་ནི་ཆ་འཕྲིན་ནམ་དྲ་བའི་རིག་གནས་ལ་རྒྱུས་ལོན་བྱས་པ་ཆེས་དལ་པའི་མི་རིགས་ཤིག་ཡིན། མི་རྒན་རྣམས་ཀྱང་ཐེ་བའི་མང་མང་གིས་དྲ་ཚིགས་ནི་ཁ་གཡེན་དང་ཚིག་ལུད་སྤུངས་སའི་སྣོད་སྒྱེ་ངན་པ་ཞིག་ཏུ་ལྟ་བར་བྱེད་ཅིང། དངོས་ཤུགས་ཅི་རིགས་ནས་དེ་ལྟའི་སྦྱོར་བ་རྩོམ་མཁན་ཡང་གང་མང་མང་ཡིན་པ་རེད།
2009ལོའི་ལོ་མཇུག་ཅིག་ལ། ཤཱ་རིའི་བུའི་རྫུ་འཕྲུལ་གྱི་རྐང་པ་ལས་ཀྱང་མྱུར་བའི་ཆ་འཕྲིན་གཅིག་གོ་བྱུང་བ་ནི། འཛམ་གླིང་དཔྱོད་ལྡན་རྣམས་ཀྱིས་ཐུགས་དགའ་བའི་བསྟོད་ཚིག་གི་དོ་ཤལ་འདོགས་ས། མི་ཡུལ་གོ་ལའི་སྒང་འདིའི་དྲ་ཚིགས་དང་ཟིན་བྲིས་ཕལ་གྱི་སྔ་མེས་སྨ་ར་ཅན་དུ་རྩི་ཆོག་པ། རྒྱལ་མཚམས་ཀྱི་བཀག་ར་ལས་བརྒལ་བའི་སྨྲ་བརྗོད་གླེང་སྟེགས་ཆེན་མོ་སྟེ། Google.cnགཤེར་འཚོལ་དྲ་བ་སྒོ་གཏན་ཡུལ་ཕུད་བརྒྱབ་དགོས་ཞེས་གཞུང་སྲིད་ག་གེ་མོས་ཐ་ཚིག་བསྒྲགས་སོང་བ་དེ་རེད། སྐབས་དེ་ཤེད་དུ། གཟུར་གནས་ཤེས་ཡོན་པ་དང་གསར་འགོད་པ་མང་དག་ཅིག་མགྲིན་གཅིག་དབྱངས་གཅིག་ཏུ། བརྒྱ་ལ། Google.cnགཤེར་འཚོལ་དྲ་བ་མེད་བརླག་གཏོང་བ་ཡིན་ཚེ། འཛམ་གླིང་སྒང་འདི་དུས་རབས་བར་མའི་ཡོ་རོབ་གླིང་དང་གཅིག་འདྲ་ཆགས་རྒྱུ་རེད་ཅེས་ཐུགས་སྐྱོ་ཚད་མེད་བསྟེན་བཞིན་ཡོད་པར་མ་ཟད། Google.cnགཤེར་འཚོལ་དྲ་བ་ཏན་ཏན་བརྒྱབ་སྲིད་པའི་ཉིན་མོ་ནི། འཛམ་གླིང་ཆེན་པོ་འདི་རང་མི་ལོ་བྱེ་བ་མང་པོའི་ཡར་སྔོན་གྱི་དམུ་རྒོད་ཀྱི་འཇིག་རྟེན་དེ་ལ་བརྫང་སོང་བ་ཡིན་ཞེས་གསུངས་ཀྱིན་ཡོད་སྐད།
དེ་ལྟའི་ཁ་ཚ་དགོས་གཏུགས་ཀྱི་དྲ་བའི་དགེ་མཚན་གང་ཞིག་ཧ་གོ་སོང་བས་ཡིན་ནམ། ཡང་ན་དོན་གསར་དང་འུར་འདྲོགས་ལ་ལད་བཟློ་བ་ཅི་ཡིན་བརྗོད་ཚོད་མི་ཐིག་ནའང་།སྟོང་ལོ་འདིར་ཡང་བོད་ཡུལ་དུ་ཧི་མ་ལ་ཡའི་ཡིག་གཟུགས་སྤྱད་པའི་སྒེར་གཉེར་དྲ་ཚིགས་ཧ་ཅང་མང་པོ་ཞིག་དབུ་བརྙེས་སོང་བ་རེད། དེ་དག་ནི། 2009ལོའི་ཟླ4པའི་ཚེས20ཉིན་གསར་དུ་ཕྱེས་པའི<<དགེ་འདུན་ཆོས་འཕེལ>>དྲ་ཚིགས་དང་། 2009ལོའི་ཟླ9པའི་ཚེས3ཉིན་འཁྲུངས་བལྟམས་པའི <<ན་གཞོན་གསར་བའི>>དྲ་ཚིགས་དང་། 2009ལོའི་ཟླ9པའི་ཚེས7ཉིན་ཤར་གཏོང་བྱས་པའི<<སེང་རྡོར་དྲ་བའི>>རྩོམ་སྟེགས་དང་། གཞན་ཡང<<མཆོད་མེའི་རྩོམ་རིག་དྲ་བའི>>ཧི་མ་ལ་ཡའི་པར་ངོས་གསར་པ་དང་།དབུས་ནས་ཡིན་པའི<<ཚངས་དབྱངས>>རོལ་མོའི་དྲ་བ་ལ་སོགས་ཤིན་ཏུ་མང་པོ་ཞིག་ཡོད། གསར་དུ་བསྒྲུབས་པའི་དྲ་ཚིགས་དེ་དག་ནའང་རང་མགོ་ཐོན་ཞིང་རང་ལམ་མནོན་པའི་བདག་ཉིད་ཅན་ཡང་རེ་རེ་གཉིས་རེ་ནི་ཡོད་སྲིད་མོད།འདིར་ཡིག་ཚོགས་དབང་གིས་སྟབས་བདེའི་གྲངས་འདྲེན་ཙམ་ལས་སྤྲོ་བར་མི་བྱེད་དོ། །
མཇུག་བསྡུ་བའི་གཏམ།
སྐད་ཆ་རེ་གཉིས་བཤད་པ་ཡིས་ལམ་དང་ལམ་མིན་ཕྱེད་པའི་ནུས་པ་ཨེ་ཡོད་ཤོད་དུ་དཀའ་ནའང་། སྐད་ཆ་རེ་གཉིས་བཤད་པ་ཡིས་འགྲིག་དང་འགྲིག་མིན་དགར་བའི་རྣོ་ཆོད་ཨེ་འདུག་བརྗོད་དུ་ཁག་ནའང་། མི་རྣམས་ལ་ཐོག་མ་ནས་སྐད་ཆ་སྨྲ་བའི་རྒྱུ་གཤིས་དར་དགོས་དོན་ནི། དེ་ངེས་པར་དུ་བཤད་དགོས་པའི་རྒྱུ་མཚན་གྱིས་ཡིན་ལ། ཚད་ངེས་ཅན་ཞིག་ནས་འགྲོ་བ་མི་རྣམས་ཀྱིས་སྐད་ཆའི་ཡོད་བྱད་འབའ་ཞིག་ལ་བརྟེན་ཏེ་སྤྱི་ལ་ཚོགས་པ་ཅན་གྱི་དབུ་བརྩམས་པ་ཡིན་ཅིང་། ཕྱིར་ཞིང་དགྲ་འདུལ་གཉེན་སྐྱོང་གི་སོ་ཚིས་ལ་འདམ་ཀ་གཏོང་ཤེས་ཤིང་རང་བྱུང་ཁམས་ཀྱི་བརྙས་པ་ཐོག་བཞག་ལ་རྒོལ་ལན་སྤྲོད་པའི་དཔའ་བོའི་མི་རབས་སུ་གྱུར་པ་རེད། ཡིན་ནའང་། གངས་རིས་བསྐོར་བའི་ཡུལ་འདི་ཡི་མི་རྣམས་ནི་རྟག་པར་སྐད་ཆ་ལབ་རྒྱུར་དེ་ཙམ་དགའ་བོ་མེད་ཅིང་། ཁྱད་པར་དུ་སྐད་ཆ་གསོང་བོ་ཞིག་ལབ་རྒྱུར་ཤིན་ཏུ་ནས་ཀྱང་འཛེམ་ཟོན་བྱེད་ཀྱིན་འདུག བོད་མི་རྣམས་ངག་ཐུན་བཟུང་སྟེ་ཁ་རོག་སྡོད་དགའ་བའི་གནས་ལུགས་ནི་འདི་ཡིས་ཀྱང་ཡིན་ངེས། དེ་ལྟ་ནའང་། ཁོ་བོ་ལོ་གཞོན་སྙིང་ཆེ་ཞིག་ཡིན་ཁུལ་གྱི་ངོས་ཐད་ནས། བདེན་རྫུན་ལ་མ་ལྟོས་པའི་ཡིན་མིན་གྱི་རང་ལྟ་འཆད་རྒྱུ་སྔར་ནས་གོམས་གཤིས་སུ་གྲུབ་ཚར་ཡོད། ད་རེས་ཀྱང་བོད་མིའི་སྤྱི་ལོ་ཉིས་སྟོང་དགུའི་རིག་གནས་སྣང་ཚུལ་ཐད་ཀྱི་སྐད་ཆ་འགའ་ཐོལ་རྒྱག་ཏུ་བཤད་སོང་ཡོད་ནའང་། སུ་གང་ལ་བཟོད་གསོལ་དགོངས་དག་ཞུ་སྙམ་པའི་རེ་བ་ནི་ཉག་མ་ཙམ་ཡང་བསྐྱུར་རྒྱུ་མ་ཡོད་དོ། །
མཆན།
①ད་ལོར་ཐོན་པའི<<2012>>ལོ་ཞེས་པའི་གློག་བརྙན་དེས་མི་རྣམས་ལ་སེམས་འཚུབ་དང་དངངས་ཞེད་གཅིག་ཏུ་བསླངས་པར་མ་ཟད། ལྷ་རིག་སྨྲ་པ་ཚོས་ཡང་བསྐྱར་ལྡབ་ལྡིབ་བཤད་པའི་ཉམས་ཚུལ་བསྟན་སོང་བ་དང་། དར་ཅིག་ལ་སྲོག་ལྡན་ཐམས་ཅད་འཁྱགས་ཤིང་རེངས་པར་གྱུར་ཏེ་ཁའང་གྲག་རྒྱུ་མེད་པའི་ཚད་དུ་བསྐྱལ།
②<<སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ>> 2003ལོའི་ཟླ7པར་ཟི་ལིང་དུ་སྐབས་དང་པོའི་སྙན་ངག་འདུ་ཚོགས་སྤེལ་བ་དང་། 2005ལོའི་ཟླ6ནས7པར་མཚོ་ལྷོ་རྒྱ་ཡེ་ས་ཆར་སྐབས་གཉིས་པའི་སྙན་ངག་འདུ་ཚོགས་སྤེལ་བ་དང་། 2007ལོའི་ཟླ9པར་རྨ་ཆུ་དང་མཛོད་དགེ་ནས་སྐབས་གསུམ་པའི་སྙན་ངག་འདུ་ཚོགས་སྤེལ་བ་དང་།2009ལོའི་ཟླ11པར་མཚོ་སྔོན་པོའི་ནུབ་མཚོ་གྲོང་རྡལ་དུ་སྐབས་བཞི་པའི་སྙན་ངག་འདུ་ཚོགས་སྤེལ་བ་བཅས་ཀྱི་བྱ་འགུལ་མུ་རྒྱུན་ཅན་ཞིག་ཡིན།
③<<ངར་ལྕགས་ལྟ་བུའི་མི་དེ་ཇི་ལྟར་བྱས་ནས་བྱུང་བ་ཡིན>> ཨུ་རུ་སིའི་རྩོམ་མཁན་གྲགས་ཅན་ཨོ་སི་ཐུ་ལོ་ཧྥུ་སི་ཀིས་བརྩམས་ཤིང་། བོད་ཡིག་ཏུ་གཏེར་མ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་བསྒྱུར། དེབ་དེའི་མགོ་བརྗོད་དུ་འདི་ལྟར་བྲིས་ཡོད་དེ། “ལོ་རབས་སུམ་ཅུ་པར་སུའུ་ལེན་དུ་པར་སྐྲུན་བྱས་པ་ནས1954ལོའི་བར་པར་ཐེངས345བརྒྱབ་དང་དེབ་གྲངས་ཁྲི་ཚོ1000ཙམ་འགྲེམ་སྤེལ་བྱས་པས་ཆ་སྙོམས་སུ་ལོ་རེར་པརཐེངས10ལྷག་ཙམ་བརྒྱབ་ཡོད་པ་དང་ཡིག་རིགས20ལྷག་ཙམ་དུ་བསྒྱུར་ཡོད་ལ་རྒྱབ་ཁབ26ཏུ་པར་སྐྲུན་ཡང་བྱས་ཡོད། 1942ལོར་རྒྱ་འགྱུར་མའི་པར་གཞི་དང་པོ་ཧྲང་ཧེའི་གསར་རྟོགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་ནས། 1952ལོ་ནས1995ལོའི་བར་གྱི་བགྲང་བྱ་ཞེ་བཞིའི་ནང་ལ་ཁྱོན་བསྡོམས་པར་ཐེངས57བརྒྱབ་དང་དེབ་གྲངས་ཁྲི་ཚོ250ལྷག་འགྲེམ་སྤེལ་མཛད”ཅེས་འཁོད་ཡོད་པ་རེད། ཡིན་ནའང་། ཤེས་རབ་ཅན་གྱི་ནོམ་རྫས་འདི་རང་སྒེར་གཅོད་གཞུང་སྲིད་ཀྱི་ལག་ཆར་གྱུར་ཡོད་ཚེ་དེ་ནི་དོན་དག་གཞན་ཞིག་རེད།
④<<གངས་རྒྱན་རྟགས་མ>> 2007ལོའི<<ཤར་དུང་རི>>དུས་དེབ་དུ་འཁོད་པའི་ཨ་བུའི་བྲིས་རྩོམ་ཞིག་གི་ཁ་བྱང་ཡིན། རྩོམ་དེར2005ལོའི<<གངས་རྒྱན་རྟགས་མ>>ཞེས་པའི་བོད་ཡིག་རྩོམ་རིག་བྱ་དགའི་དོན་རྐྱེན་བཙོག་པོ་ཞིག་ལ་དོན་དང་མཐུན་པའི་དགག་སྒྲུབ་ཚ་པོ་བྱས་འདུག་པ་རེད་ལ། དེའི་ཐད་མེ་ལྕེ་ལགས་ཀྱིས་ཀྱང་རྩོམ་ཡིག་ཅིག་ཏུ་བདེན་པ་རྟིང་གནོན་གྱི་ཚུལ་དུ་སྐད་ཆ་གསལ་པོ་འགའ་བཤད་བཞག་ཡོད་པས་ཤེས་འདོད་ཅན་ཚོས་དེ་དག་ལ་གཟིགས་ཞུ།
⑤ཧའོ་ལེ་བིན། ཨ་མེ་རི་ཁའི་གློག་བརྙན་ཕབ་བསྒྱུར་གླིང་ཀ་ཆེན་པོ་ཞིག་གི་འབོད་མིང་རེད། བརྒྱ་ལོ་ཉི་ཤུ་པའི་ནང་བྱུང་བའི་མིའི་རིགས་ཀྱི་གློག་བརྙན་ལོ་རྒྱུས་ཀྱི་ས་རྟགས་རྡོ་རིང་ལྟ་བུ་ཞིག་ལ་ཆ་འཇོག་གིན་ཡོད་པ་རེད།
⑥<<འགད་རྫས་ཉེན་གཏོར་རུ་ཁག>> སྐབས82པའི་ཨའོ་སི་ཁའི་གློག་བརྙན་བྱ་དགའ་ཐོབ་པའི་བརྩམས་ཆོས་གྲགས་ཆེན་ཞིག
⑦<<ཨ་ཧྥན་ཏཱ>> མི་རྣམས་ཀྱིས། ཨ་རིའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་གྲན་མུའུ་སི་ཁཱ་མེ་ལུང་གི་དངོས་བརྒལ་རིང་ལུགས་ཀྱི་བརྩམས་ཆོས་ཡ་མཚན་ཅན་ལ་མིང་འདོགས་ཅིང་། འདི་ནི་གློག་བརྙན་ལས་རིགས་ནས་བྱུང་བའི་ཐིག་དགུ་ལོའི་ས་འགུལ་འཇིགས་པོ་ཞིག་ཡིན་པར་མ་ཟད། དུས་རབས་ཉེར་གཅིག་པའི་ཤེས་རབ་ཀྱི་ཞལ་ཁེབས་དང་པོར་བཀྱགས་པའི་མཚོན་བྱེད་དུའང་སྤུར་ཆོག་འདྲ།
⑧<<ཐའེ་ཐི་ནིས་ཁི་ཧོ>> ཡར་སྔོན་བྱུང་བའི་ཨ་རིའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་གྲན་མུའུ་སི་ཁཱ་མེ་ལུང་གི་བརྩམས་ཆོས་གྲགས་ཆེན་ཞིག
⑨པིས་གྷ་སོ།སྐྱེས་ཁུངས་སི་ཕན་ནས་ཡིན་པའི་འཛམ་གླིང་གི་རི་མོའི་སྒྱུ་རྩལ་པ་མཁས་ཆེན། (1881—1973)བརྩམས་ཆོས། <<རྭ་ཙེ་འཐེན་པའི་གཞོན་ནུ>>སོགས་མཆིས།
⑩མེ་ཁི་ཇེ་ཁུ་ཞོན། སྐྱེས་ཁུངས་ཨ་རི་ནས་ཡིན་པའི་འཛམ་གླིང་གི་རོལ་མོའི་སྒྱུ་རྩལ་པ་མཁས་ཆེན།(1958_2009)རྒྱུག་ཆེས་པའི་དེང་རབས་གཡོ་སྐྱོམ་རོལ་མོའི་ཐོག་མའི་ཤིང་རྟ་མཁན། ཁོང་ནི་གླུ་སྐད་ཀྱིས་ཕ་རོལ་པ་བརྒྱལ་དུ་འཇུག་སྲིད་པའི་གདོན་འདྲེ་ལྟ་བུའི་གཞི་གྲུབ་ཅིག་ཡིན་ལ། ཁོང་ནི་གླུ་སྐད་ཀྱིས་ཕ་ཪོལ་པ་བཟི་རུ་འཇུག་སྲིད་པའི་བདུད་རྩི་ལྟ་བའི་གཞི་གྲུབ་ཅིག་ཀྱང་ཡིན་ཏེ། ངོ་པགས་བསྐྱར་བརྗེ་དང་གློད་གྲོལ་ཀུན་སྤྱོད་སོགས་ཀྱི་རྡུལ་ཐལ་དམར་པོ་དེ་ཉིད། ད་ལོ་སྟེ། སྤྱི་ལོ2009ལོར་རྩ་བ་ནས་མཇུག་བསྒྲིལ་སོང་བ་རེད།
2010ལོའི་སྤྱི་ཟླ3པའི་ཚེས11ཉིན་གནའ་མཁར་ཟི་ལིང་དུ་བྲིས་པའོ། །
རྩོམ་ཡིག་འདི་དཔེ་དེབ་གཞན་དུ་བྱིན་ཟིན་པས་བཤུ་འགོད་བརྒྱབ་མི་ཆོག་གོ