ཕབ་ལེན་སྣ་ཚོགས།
ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།
༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་།
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གསལ་བཤད་ཕྲན་བུ།
མ་གཞི་བཤད་ན། འདི་བཞིན་གྱིས་དང་དེ་བཞིན་སྒྲུབས་སོགས་ཀྱི་སྐད་ཆ་བཙན་དྲག་ཅན་ནི་བཤད་སྤྲོ་བོ་ཞིག་མ་རེད་ཀྱང་། གོ་སྦོམ་དག་ལ་གོ་བ་དེ་ཙམ་གྱིས་མ་གཏོགས་འཕྲོད་ཐབས་མེད་པས་ཅི་བྱ། བོད་ཡུལ་གྱི་གྲོང་བཙུན་སྐོར་ཞིག་ན་རེ། ཁོ་བོ་ཅག་གིས་དངོས་ཡོད་གོ་རྒྱུ་ཡོད་པ་ཞིག་མི་ནུས་པ་མ་གཏོགས། མག་མོག་བན་བུན་རེ་འབྲི་དགོས་ཚེ་གཏན་ནས་ཁོན་ཐོགས་མེད་ཅེས་ལབ་སོང་སྐད། ད་དུང་། དེ་ཡི་མིང་འདོགས་ལ་སྣང་བ་རྒྱ་ཡན་ཡིན་ནམ་གཅིག་བརྗོད་ཀྱིན་ཡོད་སྐད། ལར་མིའི་རིགས་ལ་ཡོངས་གྲགས་ཀྱི་སྣང་བ་རྒྱ་ཡན་གྱི་གོ་དོན་ནི་དཀར་ནག་གོ་ལྡོག་ཅིང་། ཡིན་མིན་མགོ་སྦྲེལ་ཅིང་། བདེན་རྫུན་ཁོག་འཐབ་པའི་མི་ཆོས་ཀུན་སྤྱོད་ཀྱི་ནག་མཐའ་མཚོན་པའི་བརྡ་ཚིག་དམེ་བོ་ཞིག་རེད་ལགས་ཀྱང་། སྒོ་ཤེར་གྱི་ཕུང་གསུམ་པ་དང་དཔལ་སྤྲུལ་གྱི་སྐྱ་མིན་སེར་མིན་འདི་དག་གི་ལས་དབང་ཞིག་ལ། སྣང་བ་རྒྱ་ཡན་དེའང་སྙན་ངག་གི་བརྡ་ཆད་གཤའ་མ་ཞིག་ཏུ་གོ་བཞིན་ཡོད་པ་ཡིན་ནམ། བཤད་སྟངས་མ་འགྲིག་པ་མ་གཏོགས། ཁོ་ཚོས་ཀྱང་འཛམ་གླིང་རྩོམ་རིག་གི་རྩ་བའི་རིགས་དབྱེ་སྟེ། དངོས་ཡོད་རིང་ལུགས་དང་། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས། འཆར་ཡན་རིང་ལུགས་དང་། རྟོག་པ་འཆར་ཡན་རིང་ལུགས་སོགས་ཀྱི་ཟླས་དྲངས་པའི་ཚོར་རྟོག་རྒྱ་ཡན་ཞེས་པ་མཚོན་འདོད་ཀྱི་བཟོ་འདྲ་པོ་ཡིན་ས་རེད། ང་ལ་སུ་ཞིག་གིས། དེང་སྐབས་བོད་ཡུལ་ནས་ཐོན་པའི་སྐད་ཆ་ཆེས་དམེ་བོ་གཉིས་ཤིག་བརྩི་དགོས་པའི་རེ་བ་བཏོན་ཚེ། དྲན་ཙམ་ཡང་མི་བྱ་བར། གཅིག་ནི། མང་རའི་རྒྱ་གྲོལ་ལགས་ཀྱི་ཁ་ནང་ནས་ལྷུང་བའི་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་བརྡ་ཚིག་དང་། གཞན་དེ་ནི། ང་ཚོའི་གྲོང་བཙུན་ཞིག་གིས་ཤོར་བའི་སྙན་ངག་ནི་སྣང་བ་རྒྱ་ཡིན་ནོ་ཞེས་པའི་སྐད་ཆ་འདི་གཉིས་འབའ་ཞིག་ཡིན་ནོ། ། སྤྱིར་སྙན་ངག་ཡིན་ན་ཚོར་རྟོག་རྒྱ་ཡན་ཡིན་དགོས་པའི་མ་ཁྱབ་ནའང་། ཚོར་རྟོག་རྒྱ་ཡན་ནི་སྙན་ངག་གི་འབྲི་ཐབས་རིགས་ཤིག་ཡིན་པ་དེ་བདེན། འོན་ཀྱང་། ཚོར་རྟོག་ག་འདྲ་ཆེ་ནའང་། རྒྱ་ཡན་གང་འདྲ་ཐུ་ནའང་། ཡིད་བརྙན་གྱི་ཕུར་ཤུལ་མི་རྙེད་པ་ཞིག་དང་། ན་ཟུག་གི་ཕུར་མགོ་མི་མཐོང་བ་དེ་འདྲ་ཡང་མིན་ཏེ། སྙན་ངག་པ་ནི་སོ་སོའི་མི་རིགས་ཀྱི་མགྲིན་ཚབ་པ་དང་མིའི་རིགས་ཧྲིལ་པོའི་བསམ་བློའི་སྔོན་བགྲོད་པ་ཡིན་པས་སོ། ། དེའི་རྐྱེན་གྱིས་སྙན་ངག་པའི་ཚོར་ཤེས་འགག་པ་ཡིན་ཚེ་མི་རིགས་གང་དེའི་མགྲིན་ཚབ་པ་བྱེད་ཐུབ་པའི་དཔེ་མེད་ལ་། སྙན་ངག་པའི་དཔྱོད་ཤེས་ཤི་བ་ཡིན་ཚེ་དུས་ཀྱི་སྔོན་དུ་བགྲོད་པའི་ལང་ཚོའི་རྦབ་ཆུ་ལྟ་བུའི་སྙན་ངག་བརྩམས་ཆོས་འཐད་ལྡན་ཡང་ཅི་ལྟར་རྩོམ་ཐུབ་སྟེ་གཏན་ནས་མི་ཐུབ་བོ། ། བདག་གིས་རྒྱུན་པར། ལང་ཚོའི་རྦབ་ཆུ་ནི་རྣམ་གསལ་གྱི་མེ་ལོང་ངོས་ཉིས་ལྡན་མ་ཞིག་ཡིན་ཞེས་བརྗོད་དོན་ཡང་དེ་ཡིས་ཡིན། ངོས་གཅིག་གིས་ནི་དཔྱོད་ཤེས་རྒྱང་འབོད་ཀྱིས་གཙོས་པའི་འདུ་ཤེས་རྙིང་པ་དང་བག་ཆགས་རྙིང་པ་གད་བདར་བྱེད་པའི་བསམ་བློའི་འོས་ལངས་འབྱུང་རྒྱུ་ཡིན་པའི་ལུང་བསྟན་བརྒྱབ་ཡོད་ཅིང་། ངོས་གཞན་དེས་ནི་གནས་ལུགས་ལ་ཚེ་སྲོག་སྦྱིན་པའི་གྲལ་བསྒྲིགས་པའི་རུ་དཔུང་ཞིག་བསླེབ་འགྱུར་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད་པས་སོ། ། སྙན་ངག་པ་ལ་དཔྱོད་ཤེས་མེད་པའམ་གཏན་ནས་མི་དགོས་པ་ཡིན་ཚེ། འདི་ལྟའི་ལོ་རྒྱུས་ཀྱི་དོན་ཆེན་གཉིས་མི་ལོ་ཉི་ཤུའི་སྔོན་རོལ་ནས་གསུངས་ཐུབ་པ་ཅི་ཡིས་རེད་དམ། དེ་ནི་སྙན་ངག་པ་གཤའ་མ་ཞིག་ཡིན་ཚེ་ཚོར་བའི་ཤེས་རབ་ལ་གནས་ཡོད་པར་མ་ཟད་དཔྱོད་པའི་ཤེས་རབ་ལའང་གནས་ཐུབ་པས་ཡིན། ངའི་གྲོགས་པོ་སྙན་ངག་པ་ཞིག་ན་རེ། མི་ལ་ལས་སྙན་རྩོམ་ག་གེ་མོ་ནི་ལང་ཚོའི་རྦབ་ཆུའི་དུས་སྐབས་ལས་བརྒལ་མི་འདུག་ཅེས་སོགས་བརྗོད་པ་ནི་སྙིང་རེ་རྗེ་སྟེ། ཁོ་པ་ཅག་གི་ཚིག་འགྲོས་ཙམ་པོའང་ལང་ཚོའི་རྦབ་ཆུ་སོགས་ཀྱི་སྐུ་དྲིན་ལས་ཐོན་པ་སུས་མི་ཤེས་ཏེ། ད་ལྟ་རང་གྲོལ་ལགས་སྐུ་འཚོ་ཞིང་བཞུགས་པ་ཡིན་ཚེ། ཁོང་གིས་ཡང་བསྐྱར་འུ་ཅག་ཐག་ཚད་འགའ་ཡི་རྗེས་སུ་བསྐྱུར་ཡོད་པ་གདོན་མི་ཟ་སོགས་ཟེར། གྲོགས་པོ་ཁོའི་སྐད་ཆའི་ཤུགས་བསྟན་ནི་ག་རེ་ཡིན་ནམ་ཞེ་ན། དོན་གྲུབ་རྒྱལ་ལགས་ནི་དུས་རབས་ཉེར་གཅིག་ཙམ་མ་བཤད་དང་དུས་རབས་ཉིས་བརྒྱ་སུམ་བརྒྱར་བསླེབ་ཀྱང་སྔར་བཞིན་སྙན་ངག་པ་ཡིན་པ་རེད་ཅེས་པའི་དོན་རེད། དེའང་ལོས་ཡིན་ཏེ། ཁོང་གི་སྙན་ངག་ལ་འོད་མུན་སོ་སོར་དབྱེ་བའི་དཔྱོད་ཤེས་ཀྱི་ཁྱད་ཆོས་སམ་བློ་འབྱེད་ཀྱི་ཁྱད་ཆོས་ཡོད་པས་དང་། སྙན་ངག་པ་ཁོང་ནི་གྲོང་བཙུན་སྙན་ངག་པ་དག་ཇི་བཞིན་སྣང་བ་རྒྱ་ཡན་ཁོ་ནས་ཉི་མ་གཏོང་མཁན་ཞིག་ཐོག་མ་ནས་མ་ཡིན་པས་སོ། ། འཕྲོས་དོན་བསྐྱུར་ཏེ་སླར་ཡང་ཚོར་རྟོག་རྒྱ་ཡན་གྱི་སྟེང་བབས་ན། སྙན་ངག་གི་བརྡ་སྤྲོད་སྟངས་རིགས་ཤིག་ཡིན་པའི་ཚོར་རྟོག་རྒྱ་ཡན་དེའང་གྲོང་བཙུན་ལ་ལའི་རྩོམ་ན་བཀོལ་བཞིན་པའི་ཟླ་བ་དང་ལྷ་མོ་དང་དཀོན་མཆོག་ཙམ་ལ་གོ་ན་དྲུང་ནས་ཁྱབ་ཆུང་སོང་སྟེ། ལྡིང་བའི་ཤུལ་ཡོད་ཅིང་མཐུད་པའི་མཚམས་རྙེད་ལ། འཕུར་བའི་སྒྲ་གོ་ཞིང་གཡོ་བའི་གཟུགས་མཐོང་ཐུབ་པ་ཞིག་ཅི་བས་ཀྱང་ཡིན་ཏེ། ཁོ་བོས་ཀྱང་ཚོར་རྟོག་རྒྱ་ཡན་གྱི་སྙན་ངག་བཅུ་ཕྲག་ལྷག་བྲིས་མྱོང་ཞིང་། དེའི་ནང<<གདོན་གྱིས་བཟུང་བའི་སྙན་ངག་འདི>>དང<<དུས་དྲན་དང་རོལ་དབྱངས>>ཞེས་པ་གཉིས་ཀྱིས་ཤེས་ལྡན་མང་པོ་ཞིག་གི་སེམས་ཀྱི་དྲིལ་ལྕེ་སིང་སིང་བསྒུལ་མྱོང་བར་མ་ཟད། ཐག་ཉེ་རིང་གི་རྩོམ་མཁན་མི་ཉུང་བ་ཞིག་གིས་སྙན་ངག་དེ་གཉིས་ཀྱི་སྒྱུ་རྩལ་མཚོན་ཐབས་ལ་ད་བར་དུ་བསྔགས་པའི་མཚམས་བཞག་མ་སོང་ལ། ལ་ལས་ཆེད་དུ་སྙན་ངག་དེ་གཉིས་ཕྱོགས་ཀྱི་བཅར་འདྲི་ཡང་ཐེངས་དུ་མར་བྱས་མྱོང་བས་ན། འདིར་ཆེད་དུ་ཚོར་རྟོག་རྒྱ་ཡན་དང་སྣང་བ་རྒྱ་ཡན་གཞི་གཅིག་ཏུ་ནོར་བའི་གྲོང་བཙུན་སྙན་ངག་པ་དག་ལ་ལྟད་མོ་ཞིག་གི་ཚུལ་དུ་འདོན་སྤེལ་བྱས་ཡོད་པས། ཁོང་རྣམས་ཀྱི་བརྡ་དོན་འཛིང་བའི་ཀླད་པ་དང་གོ་དོན་འཆུག་པའི་རིག་པ་ལ་རོགས་ཕན་དགའ་ཙམ་ཐུབ་པའི་ཡིད་ཆེས་ཀྱང་ཏན་ཏན་ཡོད།
གདོན་གྱིས་བཟུང་བའི་སྙན་ངག་འདི།
___ སྒྱུ་རྩལ་པ་ཆེན་མོMichael Jacksonལ་རྗེས་དྲན་དུ་བྲིས།
ཁྱོད་ཀྱིས་མགོ་བོ་དྲག་ཏུ་སྤྲུགས་དུས།།
གནམ་གྱི་ཕྲ་ཁུང་བགས་ཀྱིས་ཕྱེ་སོང༌།།
ལྷ་ཡི་ཆར་བ་དགོས་ས་མ་རེད།།
ཞི་ལ་ཁྲ་བོ་ཤར་གྱི་མེ་ཡིན།།
རྭ་ཅོ་ཡོད་འདྲ་སྡེར་སེན་ཡོད་འདྲ།།
མཇུག་མ་རིང་པོ་ཁྱུག་ཁྱུག་བྱེད་འདྲ།།
གདོན་གཟུགས་རྒྱལ་པོ་བླ་ནས་གཤེགས་ཏེ།།
སྤྱི་བོའི་རྒྱ་ལ་རྟགས་སུ་བབས་རེད།།
སྙིང་ཁ་ལྡིང་ལྡིང་བྱེད་ཚུལ་འདི་འདྲ།།
གཟུགས་པོ་འདར་འདར་འོང་ལུགས་འདི་འདྲ།།
ཚང་བུག་ངར་ངར་ཡོད་སྟངས་འདི་འདྲ།།
བདུད་པོས་མཆིན་པ་བཟའ་སྲོལ་ཡོག་རེད།།
དབང་བོའི་སྒོ་བརྒྱ་ཅིག་ཅར་འབྱེད་ཏེ།།
ཟུར་གསུམ་སྙིང་ལ་གདོང་ག་བཞུས་བྱུང༌།།
དོན་ལྔ་སྣོད་དྲུག་ཚ་ཞིང་འབར་བ།།
སྒལ་ཚིགས་ཞེ་དགུ་ན་ཞིང་གཟེར་བ།།
བླ་ཡི་ཁ་བཀབ་རྩ་ནས་གཡུགས་བཞག །
བླ་ཡི་ཐོག་ཤུན་བཤུས་རྨང་ནས་བཀོག་བཞག །
དམ་སྲིའི་སྐད་སྒྲ་ཟབ་ལ་ཚོད་མེད།།
ཤེའུའི་ཟུག་ཚོར་བརྒྱ་ཡིས་མི་མཚོན།།
གློ་སྦུག་ཆུ་ལ་སྦངས་པ་ཡིན་ནམ།།
གྲེ་བ་ཆང་ལ་བཙོས་པ་ཡིན་ནམ།།
ཡ་རྐན་དུག་གིས་སྦྱངས་པ་ཨེ་རེད།།
སྟོབས་ཀྱི་ང་རོ་གསན་བཟོད་མེད་འདུག །
འཇིག་རྟེན་དབྱངས་སུ་བཞེངས་ན་དེ་རེད།།
སྲིད་པ་སྐད་དུ་བཀུགས་ན་དེ་རེད།།
འཁོར་འདས་ངག་ཏུ་བརླབས་ན་དེ་རེད།།
འབྱུང་རྔུབས་དབུགས་ཀྱི་ས་མཚམས་རྫོགས་ཟིན།།
སྐད་ཆའི་ཕྱི་རུ་ཟེར་ན་དེ་མིན།།
གདངས་ཀྱི་ནང་དུ་ཟེར་ན་དེ་མིན།།
མུ་ཁ་མེ་མུན་ཡིད་ཀྱི་རྟོད་ཕུར།།
མུ་ཁ་མེ་མུན་སྙིང་གི་རྟོད་ཐག །
དབང་བོའི་བག་ལ་ཞ་བ་དེ་དག །
ཤེས་པའི་སྦུབས་ལ་འཚང་བ་དེ་དག །
རིག་པའི་ཁུད་ལ་འཐོར་བ་དེ་དག།
བྱེའུ་ཚོགས་རྡོ་ཡིས་དཀྲོགས་དང་འདྲ་བ།།
དགའ་སྡུག་ལག་པས་བཟུང་ནས་ཁྲིད་ཡོད།།
དགའ་སྡུག་རྔོག་མས་བཟུང་ནས་བཞོན་ཡོད།།
དགའ་སྡུག་རྡོག་པས་བརྒྱབ་ནས་བཏུལ་ཡོད།།
མི་ཤ་གྲི་ཡིས་ཆོད་པ་དཔེ་རེད།།
ཁྱོད་ལ་གདོན་དུ་བོས་པ་གསན་ཤོག །
ཁྱོད་ལ་བདུད་དུ་བཏགས་པ་ཐོས་ཤོག །
ཁྱོད་ལ་འདྲེ་རུ་བསྒྲགས་པ་གོ་ཤོག །
མཆིན་པ་ནག་པོ་ཅན་གྱིས་འདི་ཟེར།།
དུས་དྲན་དང་རོལ་དབྱངས།
___ ལྕགས་སྟག་ལོའི་རང་གི་ཚབ་བྱེད་སྙན་ངག་ཐོག་མ།
དོ་ནུབ་སྤྱི་ཟླ་གསུམ་པའི་ཚེས་བཅུ་རེད། །
ད་ལྟ་རེས་གཟའ་ལྷག་པའི་མཚན་རྒྱབ་རེད། །
བགྲང་བྱ་འདི་ལ་སྐྱེ་དངོས་ག་ཚོད་འཆི། །
རི་སུལ་འདི་ཡི་སྐྱེ་དངོས་ག་ཚོད་འཆི། །
སྐབས་དེའི་ཡུལ་དེའི་ཟླ་དེའི་བྱུང་རིམ་ནི། །
ཉིན་དེའི་ཁྱིམ་དེའི་ལོ་དེའི་འབྱུང་རྐྱེན་ནི། །
སྲན་མའི་ལག་རྡང་ཐོར་པའི་གླུ་ལ་བསྒྲིལ། །
སེམས་རྩ་དྲག་ཏུ་ཁོལ་བའི་བྲོ་ལ་བསྒྲིལ། །
ཡོང་མི་ཚང་མ་འགྲོ་མི་རེད་དོ་ལོ། །
འཇིག་རྟེན་འདི་ན་སྒང་གཤོང་མང་ངོ་ལོ། །
ཁ་ཆེའི་ཕ་ལུའི་ངག་རྟ་རྒྱང་ལ་འཐེན། །
གནམ་སའི་མཚམས་ནས་ཅི་ཞིག་བྲག་ཅར་འཁོར། །
ངང་པ་གཅིག་རེ་གཅིག་རེ་འཕུར་བ་གན། །
གོང་མོ་ཡ་རེ་ཡ་རེ་ངུ་བ་གན། །
ང་ཚོའི་སེམས་ཀྱི་ནང་ནས་གོ་བར་ཤོག །
ང་ཚོའི་ཚོའི་སེམས་ཀྱི་མཐིལ་ལ་ཁྱབ་པར་ཤོག །
ཁ་བ་བུ་ཡུག་འཚུབ་ན་འཚུབ་ཤོག་དང་། །
དུས་རླུང་བསེར་མ་ལྡང་ན་ལྡང་ཤོག་དང་། །
ང་ཚོས་ཞི་འདུལ་ཕ་བོང་བསྒོམ་པར་བྱ། །
ཞི་འདུལ་གནམ་ལྕགས་ཕ་བོང་བསྒོམ་པར་བྱ། །
སྨུག་པ་དུམ་གཅིག་ཆད་ནས་ལྷོ་ལ་ཐལ། །
སྤྲིན་པ་དུམ་གཅིག་ཆད་ནས་བྱང་ལ་ཐལ། །
དེ་ནི་ལྷོ་ཡི་དཔུང་འཇུག་ཡིན་པ་རེད། །
དེ་ནི་བྱང་གི་དྲག་འདུལ་ཡིན་པ་རེད། །
སེམས་ཀྱི་ཅི་ཞིག་རིམ་པ་དགུ་རུ་འདར། །
ཡིད་ཀྱི་ཅི་ཞིག་རྣམ་པ་དྲུག་ཏུ་གཡོས། །
ཤར་རྡེག་ནུབ་འདེད་ང་ཚོའི་ལས་དབང་རེད། །
ནུབ་རྡེག་ཤར་འདེད་འུ་ཚོའི་བསྐོས་ཐང་རེད། །
ཐ་གྲུའི་ལ་མོ་འདི་ཡི་ཕར་རྒྱབ་ཏུ། །
བས་མཐའི་ལ་མོ་འདི་ཡི་ཚུར་ལོགས་སུ། །
སྤྱན་ཆབ་དྲག་ཏུ་བསིལ་བའི་དབུ་མནའ་ཡོད། །
མགྲིན་པ་ཡུས་ཀྱིས་བརྣངས་པའི་ཁ་དན་ཡོད། །
འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ཟེར། །
སྔར་གྱི་ཆོས་ཚན་གཅིག་ན་དེ་སྐད་བྲིས། །
བྱ་རྒོད་ལྷབ་ལྷེབ་འཁོར་བ་རེ་ཆད་རེད། །
རྨུ་ཐག་ལྡ་ལྡིར་འཐེན་པ་ཕམ་ཉེས་རེད། །
ག་ཤེད་ཅིག་ནས་གླུ་ཞིག་བགས་ཀྱིས་མཆེད། །
ག་ལེ་ག་ལེར་ཐུན་ཁང་གཞིག་པར་བྱེད། །
དེ་ནི་ང་ཚོས་མཐོང་བའི་ཕུགས་བསམ་ཡིན། །
དེ་ནི་ང་ཚོའི་རླབས་ཆེན་བསྐྱར་དར་ཡིན། །
ཤ་པགས་ཐུམ་པོ་སྟོང་གི་མར་ཞབས་ན། །
འབྱུང་བ་ལྷན་སྐྱེས་གདངས་ཤིག་སིག་སིག་དགོད། །
རྩ་རུས་སྐོགས་པོ་འབུམ་གྱི་གཏིང་མཐིལ་ན། །
གཉུག་མ་རྩད་གྲུབ་དབྱངས་ཤིག་འཐུམས་འཐུམས་ངུ་། །
མཁུར་མགོའི་མཆི་མ་འདི་དག་ག་རེ་བྱེད། །
གཤེར་ཁུ་ཚ་བོ་འདི་དག་ག་རེ་བྱེད། །
སྒྲ་ཡི་རྣམ་པར་བརླབ་སྟེ་སྟོན་པར་ཞུ། །
དབྱངས་ཀྱི་ངོ་བོར་བསྒྱུར་ཏེ་ལེན་པར་ཞུ། །
དབྱངས་དེ་བྱེ་མ་བཞུར་བའི་ངང་ཚུལ་ཡིན། །
རྡུལ་དང་བྱེ་མ་བཞུར་བའི་ངང་ཚུལ་ཡིན། །
རི་རྩེའི་བློ་གཤོག་གཡོབ་པའི་ལོ་ཟླ་རུ། །
བྱེ་མ་ཤག་ཤག་བཞུར་བ་བཀའ་བརྡ་ཡིན། །
དབྱངས་དེ་རྒྱུག་ཤུར་གློད་པའི་ཕྱོགས་ཆ་ཡིན། །
ལྡིང་དང་རྒྱུག་ཤུར་གློད་པའི་ཕྱོགས་ཆ་ཡིན། །
རི་རྩེའི་གཏུམ་མོ་འབར་བའི་ལོ་ཟླ་རུ། །
རྒྱུག་ཤུར་ཚབ་ཚུབ་གློད་པ་དབུ་རྨོག་ཡིན། །
དབྱངས་དེ་རྡོ་བ་གཅོག་པའི་ཧྲག་སྒྲ་ཡིན། །
འགྱིག་དང་རྡོ་བ་གཅོག་པའི་ཧྲག་སྒྲ་ཡིན། །
རི་རྩེའི་རྔོག་མ་གཟེངས་པའི་ལོ་ཟླ་ལ། །
རྡོ་བ་ཧྲག་ཧྲག་གཅོག་པ་ཐེ་ཇུས་ཡིན། །
ད་ནི་དབྱངས་ཀྱི་ཁྲོད་ནས་ཉམས་ལེན་བྱེད། །
དབྱངས་ཀྱི་འདེགས་འཇོག་ཁྲོད་ནས་ཉམས་ལེན་བྱེད། །
སེམས་ཀྱི་རྒྱུད་སྐུད་རེ་རེར་དྲག་ཏུ་བསྣུན། །
ཡིད་ཀྱི་སྒྲ་རྟགས་སོ་སོར་ཤེད་ཀྱིས་བརྡུང་། །
ད་ནི་དབྱངས་ཀྱི་ཁྲོད་དུ་བློ་སྦྱོང་བགྱིད། །
དབྱངས་ཀྱི་ལེན་འགུགས་ཁྲོད་དུ་བློ་སྦྱོང་བགྱིད། །
དབང་བོའི་འཕར་ཆས་རེ་རེ་རྩལ་གྱིས་བརྡེབ། །
ཤེས་པའི་གཅུས་སྒོ་སོ་སོ་སྟོབས་ཀྱིས་བསྐོར། །
ད་ནི་དབྱངས་ཀྱི་ཁྲོད་ནས་ངལ་གསོ་བསྟེན། །
དབྱངས་ཀྱི་གྲིམ་ལྷོད་ཁྲོད་ནས་ངལ་གསོ་བསྟེན། །
བླ་ཡི་ལྷུ་ལག་ཡོངས་རྫོགས་གཙང་མར་དབྱི། །
སྲོག་གི་མ་ལག་ཆ་ཚང་དག་པར་བཀྲུ། །
ད་ནི་དབྱངས་ཀྱི་ཁྲོད་དུ་རས་པ་འབྲི། །
བསམ་བློ་ཧུར་ཧུར་གཏོང་བའི་རས་པ་འབྲི། །
རས་པ་རེ་རེ་ཚ་འདྲི་དུང་ཕྱུར་ཡིན། །
པི་ཝང་བརྡུང་སྟེ་གླིང་བུ་འབུད་རོགས་དང་། །
ད་ནི་དབྱངས་ཀྱི་ཁྲོད་དུ་རྨི་ལམ་འབྲི། །
འཁྲུལ་སྣང་སོག་སོག་འགུལ་བའི་རྨི་ལམ་འབྲི། །
རྨི་ལམ་རེ་རེ་དཀྲུམ་མདའ་དུང་ཕྱུར་ཡིན། །
པི་ཝང་བརྡུང་སྟེ་གླིང་བུ་འབུད་རོགས་དང་། །
ད་ནི་དབྱངས་ཀྱི་ཁྲོད་དུ་རྟ་ཕོ་འབྲི། །
སུག་རྨིག་ཐག་ཐག་བརྒྱུགས་པའི་རྟ་ཕོ་འབྲི། །
རྟ་ཕོ་རེ་རེ་བཙོན་པ་དུང་ཕྱུར་ཡིན། །
པི་ཝང་བརྡུང་སྟེ་གླིང་བུ་འབུད་རོགས་དང་། །
ད་ནི་དབྱངས་ཀྱི་རྒྱུན་ལ་ཏིང་ངེར་འཇུག །
གདངས་ཀྱི་བསྣོལ་མཚམས་རེ་ལ་ཏུར་རེ་བསམ། །
ཆུ་ལ་ཆུ་བར་བཞིན་གྱི་གོ་རིམ་ཁྲོད། །
པི་ཝང་བརྡུང་སྟེ་གླིང་བུ་འབུད་རོགས་དང་། །
རེས་ཙམ་ཡས་ཀྱི་རྣོ་སྐུད་འཐེན་ནས་གཏོང་། །
རེས་ཙམ་མས་ཀྱི་ཉག་སྐུད་གློད་ནས་བསྒྲིམ། །
སྒྲ་ཡི་ཡེར་མོ་རེ་རེ་སྨྲེང་བ་ཡིན། །
སྐད་ཀྱི་ཁྱུག་ཤད་སོ་སོ་སྐྱོ་བ་ཡིན། །
དབྱངས་ཀྱི་སྡོད་མཚམས་གཅིག་གཅིག་སེམས་ཀྱིས་ངེས། །
སེམས་ཀྱི་འཕྲོ་འདུ་ཁག་ཁག་དབྱངས་ཀྱིས་སྟོན། །
མགྲིན་པའི་བུག་ནས་ཕ་མ་ཟེར་ཞིང་འབོད། །
གྲེ་བའི་ཁོག་ནས་ཕུ་ནུ་ཟེར་ཞིང་ངུ་། །
རྣ་མཆོག་དབྱངས་ཀྱི་སྟན་ལ་བཞག་པར་བྱ། །
ཏག་ཏག་ཡོ་བ་མེད་པར་བཞག་པར་བྱ། །
མིག་ལྕིབས་ལྷོད་ཀྱིས་ཚུམས་ལ་ག་ལེར་གྱིས། །
རང་སྡེའི་རྟགས་ཐམ་མཆིན་པའི་ལོགས་ནས་མངོན། །
མགོ་བོ་དབྱངས་ཀྱི་ས་ལ་སྙེས་པར་བྱ། །
ཏག་ཏག་ཉམ་ང་མེད་པར་སྙེས་པར་བྱ། །
ལག་ཟུང་དང་གར་ཞོག་ལ་ག་ལེར་གྱིས། །
རང་སྡེའི་དཔའ་དམ་ལོང་གའི་ཟུར་ནས་འབུད།
གཟུགས་པོ་དབྱངས་ཀྱི་གསེབ་ཏུ་བཙོག་པར་བྱ། །
ཏག་ཏག་བག་ཚ་མེད་པར་བཙོག་པར་བྱ། །
ཁ་རླངས་རིམ་གྱིས་ཐོང་ལ་ག་ལེར་གྱིས། །
རང་སྡེའི་བཀའ་གཙིགས་གློ་བའི་སྒང་ནས་འདྲིལ། །
དེ་ལྟར་དབྱངས་ཀྱི་བག་ཆགས་སད་གྱུར་ཏེ། །
གདངས་ཀྱི་སྒྲིབ་པ་མ་ལུས་བྱང་གྱུར་ཏེ། །
རུས་པའི་ཨ་མྲ་ག་ལེར་སྨིན་པ་ཡིས། །
བགྲང་བྱ་ལྔ་བཅུའི་ལེ་དབར་སྐད་ཀྱིས་ལེན། །
དེ་ལྟར་དབྱངས་ཀྱི་ས་ལམ་རྫོགས་པ་དང་། །
གདངས་ཀྱི་འཁྲུལ་བ་ཐམས་ཅད་ཟད་པ་དང་། །
མིད་པའི་ཐག་མདུད་ག་ལེར་གྲོལ་བ་ཡིས། །
བགྲང་བྱ་ལྔ་བཅུའི་དཔག་ཚད་སྒྲ་ཡིས་འཇལ། །
དེ་ལྟར་དབྱངས་ཀྱི་བར་དོ་ཉུལ་བྱས་ཏེ། །
གདངས་ཀྱི་ཉིང་མཚམས་དངོས་སུ་སྦྱར་བྱས་ཏེ། །
ཡིད་ཀྱི་འཕལ་ཁ་ག་ལེར་འཕྲོད་པ་ཡིས། །
བགྲང་བྱ་ལྔ་བཅུའི་རྒྱང་གྲགས་ངག་གིས་བརྗོད། །
༢༠༡༠ལོའི་ཟླ༣པའི་ཚེས༡༠ཉིན་གྱི་མཚན་མོར་བྲིས་སོ། །