ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> འབོལ་རྩོམ།

འབྲོག་པ་ཚོ་གྲོང་བརྡལ་ཅན་ལ་བསྒྱུར་རྗེས་སུ་མེད་བརླགས་སུ་འགྲོ་བཞིན་པ་བརྒྱད།

བོང་སྟག་རི་ལུ།

༡འབྲོག་པ་ཚོའི་དཔལ་འབྱོར་ཐོན་ཁུངས་ཤིག་མེད་བརླགས་སུ་འགྲོ་བཞིན་པ།

འབྲོག་པ་དག་ལ་མཚོན་ན།ཐོག་མ་ཉིད་ནས་ཁ་གསོ་ཐབས་དང་རྒྱབ་འགེལ་ཐབས་ཀྱི་འཚོ་བ་ནི་ཕྱུགས་ཟོག་འཚོ་བ་དེ་ཡིན་ལ།ཤ་མར་ཐུད་གསུམ་དང་འོ་ཞོ་རྩམ་གསུམ་ནི་ཁོ་ཚོ་ཆུང་དུས་ནས་གོམས་ལོབས་སུ་སོང་བའི་རྒྱུན་སྤྱོད་ཀྱི་ཁ་ཟས་དག་རེད།ཁོ་ཚོའི་ཕྱུགས་ཟོག་གི་ཤ་དང་བལ།ཁུལ་དང་རྩིད་པ་ལྕི་བ་སོགས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་དེ།དཔེར་ན།ནོར་གནག་གི་རྩིད་པ་ལ་བརྟེན་ནས་མགོ་སྦྲ་བཟོ་བ་དང་།ནོར་གནག་གི་ཁུལ་རྩིད་ལ་བརྟེན་ནས་མལ་གདན་མལ་ཆས་བཟོ་བ།ནོར་གནག་གི་འོ་ཞོ་ལ་བརྟེན་ནས་ལུས་ཟུངས་གསོ་བ་དང་།ནོར་གནག་གི་ལྕི་བ་ལ་བརྟེན་ནས་མེ་འབུད་པ་སོགས་ཁོ་ཚོའི་འཚོ་བ་དེ་ནི་སྔ་མོ་ནས་ཕྱུགས་ལས་དང་གཏན་ནས་ཁ་བྲལ་ཐབས་ཡོད་པ་མ་རེད།ཡིན་ན་ཡང་།འབྲོག་པ་ཚོ་གྲོང་བརྡལ་ཅན་ལ་བསྒྱུར་རྗེས་སུ།གཅིག་ན་ད་གཟོད་ཁོ་ཚོར་དཔལ་འབྱོར་ཐོན་ཁུངས་མི་འདུག་ལ།གཉིས་སུ་ཆུང་དུས་ནས་གོམས་ལོབས་སུ་འཚོ་བའི་ཁ་ཟས་མི་འདུག་པས་ན།འབྲོག་པ་ཚོ་རྒྱ་སྲང་དུ་སོང་ནས་མར་དང་ཆུར་བ།ཞོ་དང་འོ་མ།ཤ་དང་བུད་ཤིང་།ཁ་ལ་ཟ་རྒྱུ་དང་ཐབས་ལ་འབུད་རྒྱུ་སོགས་མང་པོ་ཞིག་ཉོ་དགོས་ལ།སྐབས་དེར།འོ་མ་རྒྱ་མ་གང་ལ་སྒོར་༦ནས་༨བར་དང་།ཤ་རྒྱ་མ་གང་ལ་སྒོར་༡༣ནས་༡༨བར་སྟེར་དགོས་ཤིང་།དེ་བཞིན་དུ་གོམས་ལོབས་སུ་སོང་བའི་ཁ་ཟས་དག་གི་རིན་གོང་དག་གནམ་ལ་འཕུར་འདུག་པས།ད་གཟོད་ཁོ་ཚོ་ལ་མཚོན་ན་ཁ་སྐམ་པོ་དང་ལག་སྟོང་བའི་ངང་ནས་རྒྱལ་ཁབ་ཀྱིས་ལོ་རེ་བཞིན་འཚོ་བའི་ཁ་གསབ་ཙམ་སྟེར་བཞིན་པའི་སྒོར་མོ་དག་ལ་མི་རེ་ཀ་མེད་བྱུང་ཡོད་ལ།སྔོན་ཆད་ཀྱི་གཞན་ལ་བརྟེན་མི་དགོས་བའི་རང་རྐྱ་ཐུབ་པའི་དཔལ་འབྱོར་གྱི་ཐོན་ཁུངས་ཤིག་མེད་བརླགས་སུ་འགྲོ་བཞིན་པས་ན་ཁ་རྒྱབ་གཉིས་ཀ་ནས་འཚོ་བའི་དཀའ་ངལ་གང་མང་ལ་འཕྲད་ཀྱིན་པའོ། །
༢འབྲོག་པ་ཚོའི་མཐུན་སྒྲིལ་མེད་བརླགས་སུ་འགྲོ་བཞིན་པ།
དེ་ཡང་བཤད་རྒྱུན་ལ་ཡང་།རང་རེའི་མི་རིགས་འདི་ནི་མཐུན་སྒྲིལ་དང་སྙིང་རྗེ་ལྡན་པའི་མི་རིགས་ཤིག་ཡིན་ཞེས་གྲགས་ཡོད་པ་ལྟར།བོད་ཁ་བ་ཅན་གྱི་མཐོ་སྒང་གི་གཞི་ན་གནས་ཆགས་པའི་འབྲོག་པ་མང་ཚོགས་དག་ལ་མཚོན་ན་དེ་ལས་ཀྱང་རི་ཁ་བ་ཁྱིམ་མཚེས་བར་མཐུན་སྒྲིལ་ལེགས་པོ་ཞིག་ཡོད་པ་ཡིན་ལ།དེ་ནི་གཙོ་བོ་ཁོར་ཡུག་གིས་བཟོས་བ་ཡིན་གྱང་སྲིད།མཐོ་སྒང་དུ་འགྲིམ་འགྲུལ་སྟབས་མི་བདེ་བ་དང་རང་བྱུང་ཆ་རྐྱེན་སོགས་ཀྱི་དབང་གིས་འབྲོག་པ་དག་ལ་མཚོན་ན་ཡུལ་ལུང་སོ་སོ་ན་གནས་ཆགས་ཡོད་པ་དང་།ལུང་བ་འགའ་རེའི་མཚམས་ན་ཁྱིམ་ཚང་གཅིག་རེ་གཉིས་རེ་ཡོད་པ་མ་གཏོགས་གྲོང་ཁྱེར་བཞིན་སྒོ་ལ་སྒོ་གཏད་པའི་ཁྱིམ་མཚེས་ཤིག་གཏན་ནས་མེད་དོ།།དེ་བས།ཁོ་ཚོ་ལ་སྡེ་བ་སོ་སོ་དང་རུ་ཁག་སོ་སོ་བཀར་ཡོད་ལ།ཁྱིམ་གཞི་བཀལ་འཁེལ་བྱེད་པ་དང་།ཕྱུགས་ལ་སྨན་ཁབ་རྒྱག་པ།ལུག་བལ་འབྲེག་པ་སོགས་ཀྱི་དུས་སུ་ཕན་ཚུན་ལ་རོགས་རམ་བྱས་ཏེ་ལས་ཀ་ལས་དགོས་པས།ཁོ་ཚོའི་འབྲེལ་འདྲིས་བྱེད་པའི་དུས་ཚོད་ཧ་ཅང་མང་ལ།ཁྱིམ་མཚེས་དང་ཁྱིམ་མཚེས་བར་ལ་ལས་ཀ་ལས་རོགས་སོགས་བྱས་པ་དེས་ཁོ་ཚོ་ལ་སྔར་མེད་ཀྱི་མཐུན་སྒྲིལ་ཞིག་བསྩོལ་གྱིན་ཡོད་མོད།ཡིན་ན་ཡང་།འབྲོག་པ་དག་གྲོང་བརྡལ་དུ་གནས་སྤར་རྗེས་ད་གཟོད་ཁོ་ཚོ་ལ་ཐུན་མོང་གི་ལས་ཀ་མེད་ལ།ཕན་ཚུན་ལ་རོགས་རམ་བྱེད་རྒྱུར་ཡང་དགའ་བོ་མེད་ལ།དུས་རྒྱུན་གཅིག་གཅིག་ལ་འབྲེལ་འདྲིས་མེད་པར་བརྟེན།ཁོ་ཚོ་ལ་སྔར་གྱི་མཐུན་སྒྲིལ་ཡང་མེད་པར་རང་རང་སོ་སོ་ན་སྒོ་ལ་སྒོ་གཏད་དེ་བསྡད་ཡོད་པ་རེད།
༣འབྲོག་པ་ཚོའི་ཡ་རབས་གུས་ཞབས་མེད་བརླགས་སུ་འགྲོ་བཞིན་པ།
བོད་མི་རིགས་ནི་སྔ་མོ་ནས་གུས་ཞབས་ལྡན་པའི་མི་རིགས་ཤིག་སྟེ།རང་ལས་ཆེ་བའི་མི་དག་ཨ་ཕ་དང་ཨ་མ་སོགས་ཀྱི་ཚད་དུ་བཞག་ནས་བརྩི་བཀུར་བྱེད་པ་དང་།རང་ལས་ཆུང་བའི་མི་རྣམས་ནུ་བོ་དང་ནུ་མོ་སོགས་ཀྱི་ཚད་དུ་བཞག་ནས་བྱམས་དང་སྙིང་རྗེ་ཡིས་སྐྱོང་བ་དེ་རེད།དེ་ལས་ཀྱང་ཆེས་ཡི་རངས་བྱེད་འོས་བ་ཞིག་ནི་ཁྱིམ་ཚང་ཞིག་ལ་མགྲོན་པོ་གང་རུང་ཞིག་ཕེབས་ཀྱང་དེ་ལ་ཇ་དང་འོ་ཞོ་ལྡུད་པ་དང་གོ་རེ་སོགས་བཞག་ནས་མགྲོན་བསུ་བྱེད་པ་དེ་ཡིན་ལ།ཁྱེད་རང་ཅང་མེད་སྤྲང་བོ་ཞིག་ཡིན་གྱང་འབྲོག་པའི་ས་ཆ་རུ་འབྱོར་ཚེ་ད་གཟོད་ཟས་རང་འགྲུབ་དང་གོས་རང་འབབ་ཀྱི་འཚོ་བ་ཞིག་རོལ་ཐུབ་ངེས་ཡིན་ལ།ལྷག་ཏུ།ཁྱིམ་དུ་འགྲུལ་བ་གང་རུང་ཞིག་ཐོན་ཚེ་དེ་ཡི་སྔོན་ནས་ཡར་མར་ལ་མི་འགྲོ་བའི་གུས་སྲོལ་བཟང་བོ་ཞིག་ཆགས་ཡོད།ཡིན་ན་ཡང་།འབྲོག་པ་ཚོ་གྲོང་བརྡལ་ཅན་ལ་བསྒྱུར་ཞིང་ཁང་བའི་ནང་དུ་ནུར་རྗེས་སུ།ད་གཟོད་ཡ་རབས་གུས་ཞབས་ཀྱི་སྤྱོད་པ་དག་ཉམས་དམས་སུ་འགྲོ་བཞིན་པ་དང་།ཐ་ན་ཁྱིམ་མཚེས་ཕན་ཚུན་བར་ལ་ཡང་འགྲོ་འོངས་སོགས་མེད་པ་དང་།གང་ལ་འགྲོ་ན་ཡང་སྒོ་ཕྱི་ནང་ཐམས་ཅད་ལ་ཟྭ་ཆེན་པོ་རེ་རྒྱག་དགོས་པ་དང་།ཐུག་ཐུག་རིག་རིག་ཚང་མ་ལ་ཅུང་དོགས་ནས་འདུག་དགོས་བས།སྔོན་ཆད་སྦྲ་ནང་ནས་འགྲུལ་བ་དག་མགྲོན་བསུ་བྱེད་པའི་ཡ་རབས་གུས་ཞབས་ཀྱི་བཟོ་ལྟ་དེ་ཧ་ཅང་མཐོང་དཀོན་པའོ།།
༤འབྲོག་པ་ཚོའི་འཚོ་བའི་རིག་གནས་ཤིག་མེད་བརླགས་སུ་འགྲོ་བཞིན་པ།
མི་རིགས་ཤིག་ལ་མཚོན་ན་ཡང་།ལོ་རྒྱུས་ཀྱི་བརྒྱུད་རིམ་གང་མང་གི་ཁྲོད་ནས་དེ་ལ་འཚོ་བའི་རིག་གནས་ཤིག་གྲུབ་ཡོད་པ་གོར་མ་ཆགས་ཏེ།དཔེར་ན།བོད་མི་རིགས་ལ་མཚོན་ཡང་།སྦྲ་ནག་གྲུ་བཞི་ཕུབས་པ་དང་།ཐབ་ཀ་མགོ་གསུམ་འཛུགས་པ།ཕྱུགས་ལ་ཕྱུགས་རྡང་དང་སྐེ་གདགས།ཕྱི་གུ།ཆ་རུ་སོགས་བཟོས་ཏེ་མི་ཕྱུགས་གཉིས་ཀྱི་འཚོ་བ་དེ་ཡང་རང་རྐྱ་ཐུབ་པའི་སྒོ་ནས་རོལ་ཐུབ་པ་ཞིག་བྱས་ཡོད་ལ།ང་ཚོའི་མེས་པོ་རྣམས་ཀྱིས་ཡང་ཡང་ཞིབ་འཇུག་དང་ལག་ཤེས་ལ་བརྟེན་ནས་སྦྲ་ཞེས་བའི་མགོ་སྦྲ་ཁྱད་པར་བ་ཞིག་བཟོས་ཡོད་པ་དང་།འདིས་ནང་གི་མཁའ་དབུགས་མི་གཙང་བ་ཕྱིར་འདྲེན་པ་དང་ཕྱི་ཡི་མཁའ་དབུགས་གཙང་བ་ནང་དུ་འགུག་པའི་བྱེད་ནུས་ཆེན་པོ་ལྡན་པ་མ་ཟད།དབྱར་ཁ་བསིལ་སྟེར་བ་དང་དགུན་ཁ་དྲོད་སྟེར་བའི་བྱེད་ནུས་ཁྱད་པར་བ་དག་ཡོད་ལ།དེ་བཞིན་ཐབ་ཀ་མགོ་གསུམ་འདི་ལ་བརྟེན་ནས་ནོར་ལུག་གི་ལྕི་རུལ་འབུད་པ་དེས་གཅིག་ན་མེ་འབར་སླ་བ་དང་གཉིས་ན་མི་ཕྱུགས་གང་ལ་ཡང་གནོད་པ་ཅི་ཡང་མེད་པས་ན་དེ་ཡི་དགེ་མཚན་ཁྱད་དུ་འཕགས་ལ།དེ་བཞིན།ཐག་འཐག་པས་ལུས་པོ་སྦྱོང་བརྡར་དང།ཞོ་དང་འོ་མ་སོགས་དཀྲིགས་ནས་མར་ཆུར་བླངས་པས་ན་གཅིག་ན་རང་གི་ཁ་ཟས་ཡོད་པ་དང་གཉིས་ན་ལུས་པོ་སྦྱོང་བརྡར་གང་མང་ཞིག་ཐེབས་ཀྱིན་ཡོད་པས་ན།འབྲོག་པའི་འཚོ་བ་དང་དེ་ཡི་རིག་གནས་དེ་ཁྱད་མཚར་བ་དང་ཕུན་སུམ་ཚོགས་པ་ཞིག་ཡིན་ནོ།།ཡིན་ན་ཡང་།འབྲོག་པ་ཚོ་གྲོང་བརྡལ་ཅན་ལ་བསྒྱུར་རྗེས་སུ་འཚོ་བ་དེ་དང་འབྲེལ་བའི་རིག་གནས་ཤིག་རྩ་བ་ནས་འབོར་གྱིན་ཡོད་ལ།ང་ཚོའི་ཕྱི་རབས་པ་གང་མང་ཞིག་གིས་སྦྲ་ཕུབས་པ་དང་།ཐབ་ཀ་འཛུགས་པ།ནོར་བཞོ་བ།འོ་མ་དཀྲོགས་པ་སོགས་ཀྱི་འབྲོག་ལས་གང་མང་ཞིག་བརྗེད་ཀྱིན་པའམ་གཏན་ནས་མི་ཤེས་པས་ན།འབྲོག་པ་ཚོ་གྲོང་བརྡལ་ཅན་ལ་བསྒྱུར་ནས་ཕ་མེས་ཡང་མེས་རིང་གི་འཚོ་བའི་རིག་གནས་རིན་པོ་ཆེ་ཞིག་མེད་བརླགས་སུ་འགྲོ་བཞིན་པ་འདི་ཁོ་བོ་ཧ་ཅང་ཡིད་སྐྱོ་བའི་གནས་སོ།།
༥འབྲོག་པ་ཚོའི་ཕ་ས་ཕ་ཡུལ་མེད་བརླགས་སུ་འགྲོ་བཞིན་པ།
རི་མཐོ་ས་དང་ཆུ་དྭངས་ས་ནས་འཚོ་བ་རོལ་རྒྱུ་ནི་འབྲོག་པ་དག་གི་ཕ་མེས་ཡང་མེས་ཀྱི་འཚོ་བའི་རོལ་སྟངས་ཤིག་ཡིན་ལ།ཕ་མེས་དུས་ནས་བཟུང་།རི་ལ་ལྷ་བསང་གཏོང་བ་དང་།ཆུ་ལ་རྡེའུ་འབུམ་སྤུངས་བ།ཁས་ལ་དར་ལྕོགས་འཐེན་པ།ནགས་ལ་ལུག་བལ་བཏགས་ནས་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་བྱེད་པ་ནི་ཕ་མེས་ཡང་མེས་བརྒྱུད་ཅིང་ལོ་ངོ་སྟོང་ཕྲག་འགོར་བའི་རིང་གི་མཆོད་སྲོལ་ཞིག་ཡིན་ལ།དེ་བཞིན་ས་སློག་ན་གཉན་གྱིས་མི་ཉན་པ་དང་།ཆུ་སློག་ན་ཀླུ་ཡིས་མི་ཉན་པ།རི་སློག་ན་གཞི་བདག་གིས་མི་ཉན་པ་སོགས་ཀྱིས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བླ་ལྷག་ཅིག་གནང་དང་གནང་བཞིན་པ་རེད།ཡིན་ན་ཡང་།འབྲོག་པ་ཚོས་ཅི་ཡང་མ་ཤེས་པར་ཧོལ་རྒྱུགས་ཁོ་ན་བྱས་ནས་རྩྭ་ཐང་ལ་སྲུང་སྐྱོབ་གནང་དགོས་ཟེར་ནས་ནོར་ལུག་དག་བཙོང་ཏེ་གྲོང་བརྡལ་དུ་གནས་སྤར་བ་ནི་ཁོ་ཚོའི་ཕ་ས་དང་ཕ་ཡུལ་དེ་མེད་བརླགས་སུ་འགྲོ་བཞིན་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་གོ།དཔེར་ན།ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ཨོ་སི་ཁྲི་ལུ་ཡ་རྒྱལ་ཁབ་ཀྱིས་ནོར་ལུག་སྲུང་སྐྱོབ་བྱེད་དགོས་སྙམ་ནས།སྤྱང་ཀི་ཡོད་ཚད་རྩ་མེད་དུ་བཏང་བས་ཕྱུགས་རྣམས་རྣམ་རིག་མེད་པའི་རྡབ་རྡིབ་ཅིག་ཏུ་གྱུར་བས།ཐ་མ་རྒྱལ་ཁབ་གཞན་ནས་སྤྱང་ཀི་གསོས་ཏེ་ཡང་བསྐྱར་དུ་རྩྭ་ཐང་དུ་བཏང་བ་རེད།དཔེ་དེ་དང་དེ་བཞིན་དུ།རྩྭ་ཐང་དང་ནོར་ལུག་སོགས་ཀྱང་གཅིག་ལ་གཅིག་བརྟེན་ཡིན་པས།ནོར་ལུག་མེད་པར་བཏང་སྟེ་རྩྭ་ཐང་སྲུང་སྐྱོབ་གནང་དགོས་ན་དེ་ལ་ཡང་ཕྱོགས་གཞན་ཞིག་ན་ཉེས་བ་ཆེན་པོ་ཞིག་འབྱུང་གི་ལོས་ཡོད་བསམ་ཡོང་ལ།འབྲོག་པ་ཚོ་གྲོང་བརྡལ་དུ་བསྒྱུར་རྗེས་སུ་ཕ་ས་ཕ་ཡུལ་དེ་རང་བཞིན་གྱིས་མེད་བརླགས་སུ་འགྲོ་བཞིན་པའི་ཟ་ཟུར་གང་རུང་མཐོང་ཡོང་ངོ་།།
༦འབྲོག་པའི་དམངས་སྲོལ་རིག་གནས་ཤིག་མེད་བརླགས་སུ་འགྲོ་བཞིན་པ།
འབྲོག་པའི་བྱིས་པ་དག་ལ་མཚོན་ན།སློབ་གྲྭ་མ་འགྲིམས་པའི་ཡར་སྔོན་ལ།ཁོ་ཚོའི་རིག་གནས་མང་པོ་ཞིག་ཕ་མེས་ཀྱི་ངག་རྒྱུན་ལས་བསླབ་འདུག་སྟེ།དེ་ནི་རི་ཁ་ཁྱིམ་མཚེས་བར་ནས་བྱིས་པ་ཚོ་ཕན་ཚུན་གྱི་ཁྱིམ་ཚང་ལ་ཞག་གི་འདུག་ཏུ་འགྲོ་བ་དང་།ལུག་རྫི་ནོར་རྫི་སོགས་བྱས་ཏེ་མཉམ་འགྲོ་མཉམ་འདུག་གི་དུས་སུ།གླུ་ལེན་པ་དང་ཁེལ་བཤད་པ།གནའ་གཏམ་དང་སྒྲུང་བཤད་པ།རུལ་མ་སྦེད་དེ་རྩིས་རྒྱག་པ་སོགས་ཀྱིས་རིག་གནས་མང་པོ་ཞིག་རྩེད་ཞོར་དགོད་ཞོར་དུ་བསླབ་འདུག་ལ།འབྲོག་པ་དག་ལ་མཚོན་ན་ཡང་།ལོ་གསར་དང་སྟོན་མོ་སོགས་ཀྱི་སྐབས་སུ་གླུ་ལེན་པ་དང་ཀུ་རེ་ཁ་མཚར་བརྗོད་པ་སོགས་ཀྱིས་ཁོ་ཚོའི་འཚོ་བ་དེ་དམངས་སྲོལ་རིག་གནས་ཕུམ་སུམ་ཚོགས་པ་ཞིག་གིས་གྲུབ་འདུག་པ་དེ་ཡིན་ལ།བདག་ལ་མཚོན་ན་ཡང་བོད་ཡིག་གི་སློབ་ཆེན་མང་པོ་ཞིག་མ་འགྲིམས་ཡང་ཆུང་དུས་སུ་གེ་སར་གྱི་སྒྲུང་དང་།ཕ་མེས་ཀྱི་ངག་སྒྲུང་གང་མང་ཞིག་ལ་བརྟེན་ནས་ཕྱི་ནང་གང་རུང་ནས་བློ་བསྐྱེད་མི་དམན་པ་ཞིག་ཐོབ་སོང་།ཡིན་ན་ཡང་།འབྲོག་པ་ཚོ་གྲོང་བརྡལ་ཅན་ལ་བསྒྱུར་རྗེས་སུ་སྟོན་མོ་གང་རུང་ལ་ཕྱིན་ན་ཡང་ཟ་འཐུང་ཁོ་ན་ལས་ལ་གཞས་སོགས་ཕན་ཚུན་འགྲན་རེས་བྱེད་པའི་རྣམ་པ་དེ་མེད་ལ།བྱིས་པ་དག་ལ་མཚོན་ན་ཡང་།ཁེད་དང་གནའ་གཏམ་སོགས་གང་ལ་ཡང་མི་དགའ་བར།ཨོ་ཁུ་མ་དང་འགུལ་རིས་བརྙན་འཕྲིན་སོགས་ལ་བལྟས་ཏེ།མི་རིགས་གཞན་པའི་ཤན་ཤུགས་ཆེན་པོ་ཐེབས་ཀྱིན་ཡོད་པས་ན།འབྲོག་པ་ཚོ་གྲོང་བརྡལ་ཅན་དུ་བསྒྱུར་རྗེས་སུ་དམངས་སྲོལ་རིག་གནས་ཕུམ་སུམ་ཚོགས་པ་ཞིག་མེད་བརླགས་སུ་འགྲོ་བཞིན་པའོ།།
༧འབྲོག་པ་ཚོའི་ཁྲེལ་དང་ངོ་ཚ་མེད་བརླགས་སུ་འགྲོ་བཞིན་པ།
བོད་རིགས་ནི་ཁྲེལ་དང་ངོ་ཚ་ལ་བརྩི་མཐོང་བྱེད་པའི་མི་རིགས་ཤིག་ཡིན་ཏེ།འདིའི་སྟེང་ནས་ཕྱི་ཡི་རྣམ་པ་ནས་བལྟས་ན་རྗེས་ལུས་ཙམ་འདུག་ཀྱང་ནང་གི་ངོ་བོ་ནས་བལྟས་ན་ལས་རྒྱུ་འབྲས་སྲུང་བའི་མི་རིགས་ཤིག་ཡིན་པ་མངོན་གསལ་གྱིས་མཐོང་ཡོང་།དེ་ཡང་།འབྲོག་པ་དག་ལ་མཚོན་ན་རང་གི་དངོས་བོ་ལས་གཞན་གྱི་དངོས་བོ་གང་འདོད་དུ་ལོངས་སུ་སྤྱོད་མི་སྲིད་ལ།དངོས་བོ་གང་རུང་ཞིག་རྙེད་ཚེ་དེ་ཡང་བདག་པོ་ལ་ཇི་བཞིན་དུ་སྤྲོད་པར་བྱེད་པའི་འདིའི་སྟེང་ནས་ཀྱང་འབྲོག་པ་དྲང་མོ་ལུག་འདྲ་འདྲ་ཡིན་ཞེས་པ་དེ་ཇི་མ་བདེན་བསམ་ཡོང་།འོན་ཀྱང་བདག་གིས་འདང་མི་ཕོག་པ་ཞིག་ནི་སློབ་གྲྭ་གང་རུང་འགྲིམས་མ་མྱོང་བའི་འབྲོག་པ་དག་ལ་ཁྲེལ་དང་ངོ་ཚ་བརྩི་མཐོང་བྱེད་པའི་བསམ་བློ་དེ་འདྲ་ཞིག་འདུག་པ་ནི་ངོ་མ་ཧ་ལས་པ་ཞིག་འདུག་ལ།སྔོན་ཆད་དུས་ཚིགས་བཞི་བོར་རུ་བཀལ་འཁེལ་སོགས་བྱེད་ན་ཡང་དངོས་པོ་རྩ་ཆེན་གང་རུང་དག་དབྱར་འཚེར་དང་དགུན་འཚེར་སོགས་ནས་བཞག་ན་ཡང་།རྐུན་མ་དང་ཇག་པ་ཞེས་བ་དེའི་མིང་ཙམ་ཡང་གོ་དཀའ།ཡིན་ན་ཡང་།འབྲོག་པ་ཚོ་གྲོང་བརྡལ་ཅན་ལ་བསྒྱུར་རྗེས་སུ་ད་ཅི་གོང་ནས་བཤད་པ་བཞིན་གཅིག་ནས་འཚོ་བའི་དཀའ་ཁག་བྱུང་བ་དང་།གཉིས་ནས་ན་གཞོན་དག་ལ་མཚོན་ན་ཡང་ཅི་ཡང་ལས་རྒྱུ་མེད་པས་ཉིན་གང་བོར་རྒྱ་སྲང་འགྲིམས་ནས་སྟེགས་བུའི་སྤོ་ལོ་སོགས་བརྩེས་ནས་ཉི་མ་འཁྱོལ་ཐབས་བྱེད་པ་དང་།མཚན་མོ་ཡང་།རྒྱ་སྲང་ཉུལ་ནས་རྐུ་དང་ཇག་བྱེད་པ་སོགས་ཀྱི་ལས་ལ་འཇུག་མཁན་ཇེ་མང་དུ་འགྲོ་བཞིན་འདུག་པས་ན།འབྲོག་པ་ཚོ་གྲོང་བརྡལ་ཅན་དུ་བསྒྱུར་རྗེས་སུ་རང་གི་ཁ་རྒྱབ་ཀྱི་དོན་དུ་ཁྲེལ་དང་ངོ་ཚ་ཡང་མེད་བརླགས་སུ་འགྲོ་བཞིན་པའོ།།
༨འབྲོག་པ་ཚོའི་མི་གཤིས་བཟང་བོ་མེད་བརླགས་སུ་འགྲོ་བཞིན་པ།
༼ང་ཚོ་འབྲོག་པའི་མི་གཤིས།།དཀར་བོ་བལ་དང་མཚུངས་བ།།ནང་སེམས་དཀར་བོ་བལ་ཡིན།།ཕྱི་ཚིག་འཇམ་པོ་བལ་ཡིན།།༽ཚིག་འདི་ནི་བདག་གིས་དེ་སྔ་བོད་ཀྱི་རྡུང་ལེན་པ་ཞིག་ལ་བརྩམས་པའི་གཞས་ཚིག་ཤིག་ལས་བདམས་པ་ཡིན་ལ།ང་རང་དེ་སྔ་རྒྱ་ནག་གི་གྲོང་ཁྱེར་མང་པོ་ཞིག་ལ་བལྟ་སྐོར་དུ་ཕྱིན་ནས་ཕྱིར་ལོག་རྗེས་ཀྱང་ངེས་ཟིན་ཟབ་མོ་ཞིག་ཐོབ་པ་དེ་ཡང་ང་ཚོའི་ཡུལ་གྲུ་ནི་ཆེས་དག་གཙང་གི་ཡུལ་གྲུ་དེ་ཡིན་ལ།ང་ཚོའི་མི་རིགས་ནི་ཆེས་གཞུང་དྲང་གི་མི་རིགས་ཤིག་ཡིན་པས་ངེས་ཟིན་ཟབ་མོ་ཞིག་ཐོབ་ལ།རྙོག་འཛིང་ཆེ་བའི་གྲོང་ཁྱེར་གང་མང་ལ་ཕྱིན་ནས་འདྲ་མིན་མིན་པའི་མི་སྣ་སྣ་ཚོགས་ཤིག་ལ་འབྲེལ་འདྲིས་བྱེད་དུས་ངས་ད་གཟོད་གཞུང་དྲང་རྒྱུད་ཡག་གི་འབྲོག་པ་འབྲོག་མོ་དག་དྲན་ཡོང་ལ།ཁོ་ཚོ་ཡི་རྒྱུད་ན་ཕ་མེས་ཡང་མེས་དུས་ནས་བཟུང་གཞན་ལ་གནོད་མི་སྐྱེལ་བ་དང་།གཞན་ལ་མགོ་མི་གཡོག་པ།གཞན་གྱི་ཁེ་སྤོགས་ཐབས་ཀྱིས་མི་ལེན་པའི་རང་གཤིས་བཟང་བོ་ཞིག་རང་ཤུགས་ཀྱིས་གྲུབ་ཡོདཔ་དེ་རེད།།འབྲོག་པ་ཚོ་གྲོང་བརྡལ་ཅན་དུ་བསྒྱུར་རྗེས་སུ་སྤྱི་ཚོགས་ཀྱི་མི་སྣ་འདྲ་མིན་ལ་འབྲེལ་འདྲིས་བྱས་བ་བརྒྱུད་ཁོ་ཚོའི་སེམས་ལ་མི་དྲན་དགུ་དྲན་དྲན་མཁན་དང་།གཡོ་སྒྱུ་ཁྲམ་གསུམ་འཐེན་མཁན་གྱི་མི་སྣ་ཇེ་མང་དུ་འགྲོ་བཞིན་ཡོད་པས་ན།འབྲོག་པ་ཚོ་གྲོང་བརྡལ་ཅན་ལ་བསྒྱུར་རྗེས་སུ་མི་གཤིས་བཟང་བོ་ཞིག་འབོར་གྱིན་པ་འདིས་བདག་གི་ཤ་གསེང་རུས་གསེང་ལ་ན་ཟུག་ཡང་ཡང་བསྐྱེད་པར་བྱེད་ལ།བདག་གི་ཕ་མེས་ཡང་མེས་ཀྱི་མི་གཤིས་ལེགས་པོ་ཞིག་འདི་ལྟར་མེད་བརླགས་སུ་འགྲོ་བཞིན་པའི་སྣང་ཚུལ་འདིས་ང་རང་མགོ་ན་གཉིད་མེད་པའི་མི་ཞིག་ཏུ་གཏོང་ཉེན་འདུག་གོ།

                                  

ཡོང་ཁུངས།[ངེད་དྲ་བ།]     [2010-7-7] ཀློག་གྲངས།[161] འབྲུ་ཚད། [ཆེ།] [འབྲིང་།] [ཆུང་།]
རྩོམ་གོང་མ།སྐུ་འབུམ་པ་བསམ་གཏན་གྱིས་འདི་འདྲ་ཞིག་སྤྲིངས་ཡོད།
རྩོམ་ཞོལ་མ།ཁམས་འདྲི་དང་བཅས་ཞུ་དོན།
དཔྱད་བརྗོད།


དཔྱད་བརྗོད་སྤེལ་བ།
རྩོམ་གསར།
བླ་མ་དག་མ་ཡིན་ན་ལ་རྒྱ་མེད།
[2010-9-8]
པེ་ཅིན་ནས་ལྷ་ས་དྲན་ཚུལ།
[2010-9-8]
དེ་རིང་ང་འབའ་ཐང་དུ་ཐོན་ཡོད།
[2010-9-8]
དགེ་ཆོས་ཀྱིས་འཁོར་བ་གླེང་བ། ཁག་དང་པོ།
[2010-9-8]
ཇོ་མོ་ཚོ། ཞབས་བྲོ་འཁྲབ་རོགས།
[2010-9-8]
ཁ་ཕོ་ཙམ་གྱིས་དུས་འདའ་མཁན།
[2010-9-8]
ལྷད་མེད་གྲོགས་ཀྱི་བརྩེ་བ་ཡིད་དུ་འོང་།
[2010-9-8]
འབུལ་ལོ་བརྒལ་བརྟག་སྨྲ་བའི་སྡེ་རྣམས་ལ།
[2010-9-7]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2419]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2182]
<<རྟུལ་ཕོད>>ཆ་ཚང་།
[1476]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1434]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1345]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1265]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1252]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1247]
友情链接: 青海汽车网