ཚོར་བ་རྒྱ་ཡིན་པའི་འཕྲིན་ཡིག
ལྷམ་ཀོག
སེམས་པ་དཀྲིགས་དཀྲིགས་བྱས་པའི་ནང་རོལ་ནས།།
ཚོར་བའི་གཙང་བོ་བྲུག་ནས་བྲང་ལ་རྡེག།
མིག་གི་གཏད་སོ་ཞིག་པའི་སོ་མཚམས་སུ།།
ཡོད་ཡོད་མཛེས་མཛེས་འདྲ་བའི་གྲིབ་གཟུགས་འཁོར།།
རྨི་ལམ་འཁྲུལ་བའི་རོ་དང་མཉམ་འཇུག་པའི།།
མི་ཚེ་རླུང་གི་གཤོག་པ་སྔོན་པོ་ཅན།།
གྱེན་དང་ཐུར་ལ་ཐོགས་པ་མེད་པའི་ངང་།།
རང་གི་པང་ལ་བབ་པའི་སྐར་མ་འཐུ།།
སོམ་ཉི་སེམས་ཀྱི་རྒྱ་མདུད་རལ་བའི་དུས།།
བགས་ཀྱིས་འགྱུ་བའི་ལུས་ཀྱི་དྭངས་མའི་འོད།།
ཉུག་ཉུག་འདྲ་ལ་འཕར་འཕར་འདྲ་བའི་ཤུགས།།
གཏན་ཚིགས་རྡོ་དང་འདྲ་བའི་གསེབ་ནས་ཕྱུངས།།
མི་སྡུག་བྱེ་མའི་ལ་ཐང་བརྒལ་བྱས་ཏེ།།
རྔུལ་ཆུའི་ཐིགས་པ་ལག་པས་བཙིར་བྱས་ཏེ།།
གཉུག་མའི་སེམས་ཀྱི་ལྕང་ལོ་སྤྲུགས་པའི་དུས།།
འཇིག་རྟེན་རྗེན་པའི་ངོ་གདོང་ལན་གཅིག་རྙེད།།
ཁྱོད་ཀྱི་བདེ་འཐུང་སྲོག་གི་རོལ་བ་ནི།།
གསེར་དངུལ་སྟོང་ཕྲག་སྐུད་པར་བརྒྱུས་བྱས་ནས།།
དུས་ཚོད་འཁོར་ལོ་འགུལ་བའི་འགྲོས་དང་བསྟུན།།
ཡིད་ཀྱི་མཚོ་ལ་ཟླ་འོད་བཞིན་དུ་གསལ།།
རྨི་ལམ་ཡིན་ནོ་ཅོག་གི་ཐང་ཆེན་ན།།
སུས་ཀྱང་མ་བྱས་ཆོས་ཉིད་སྟོང་བའི་གཟུགས།།
སྣང་བ་ཁབ་རྩེ་ཙམ་གྱིས་བཟུང་བ་འདི།།
བརྩེ་བའི་ཉིང་ཏིག་ཡིན་པས་འཐོབ་ལ་རེ།།
ཕྱི་རུ་ཉམས་ཀྱིས་འབྲས་བུ་མ་སྨིན་ཅིང་།།
ནང་དུ་དུད་པའི་དཔལ་གྱིས་མ་བྱུགས་པའི།།
མི་ཡི་མི་ཚེ་ཁ་དཀར་གཏིང་ནག་འདིས།།
གྲུང་བོའི་ཤ་ལ་ལྕག་གི་ཚེར་མས་འབྲབ།
བྱི་འུ་མཐེབ་རྡོག་ཙམ་གྱི་གྲིབ་གཟུགས་ཁྲོད།།
རྒྱུ་བ་སེམས་ཀྱི་འཕྲིན་ཡིག་བསྐུར་བའི་དུས།།
ཚོར་བའི་རྦབ་རླབས་འཕྱུར་བའི་མཚན་ངོགས་སུ།།
སྒྲ་གཟུགས་འདྲེས་པའི་མེ་ལོང་རང་ལ་བསྟན།།
ལུས་ཀྱི་ཐོ་ཡོར་བྱེ་མར་ཕུབ་པའི་རི།།
སྨུག་འགྱུའི་གཞའ་ཚོན་ལག་པའི་སེན་མོར་བཏེགས།།
དྲན་པ་རང་དགར་ལྷོད་པའི་གཙང་བོ་ལ།།
ཟུར་གྱིས་བགྲད་པའི་བུ་ལོན་འཁོར་ལ་ལྟོས།།