མཐའ་དཔྱད།
སྲོལ་རྒྱུན་གྱི་འཆིང་ཐག་སྲ་མོས་བུད་མེད་ཚོའི་བླ་སྲོག་དམ་གྱིས་བསྡམས་པར་བརྟེན། ཁོ་མོ་ཚོ་སྐྱེས་པའི་ཁེ་ཕན་གྱི་ཆེད་དུ་བཞེངས་སྐྲུན་བས་པའི་སྲོལ་རྒྱུན་གང་དེའི་གླུད་རྫས་སུ་གྱུར་ཡོད་པ་རེད། རྐྱེན་དེ་དག་གཙོ་བས་ཐོག ཐ་ན། དེ་རིང་ཨ་རི་རྒྱལ་ཁབ་ཏུ་འཚོ་སྡོད་བས་ཡོད་པའི་བོད་ཀྱི་བུད་མེད་རེ་གཉིས་ཀྱིས་ཀྱང་ཨ་རིའི་བུད་མེད་ཀྱིས་མཐའ་གཅིག་ཏུ་རང་གི་ཁེ་དབང་དང་འདྲ་མཉམ་རྩོད་པའི་བྱ་སྤྱོད་དེར་མོས་མཐུན་མེད་ཚུལ་སྟོན་པ་རེད། མ་ཟད། ང་རང་འཚོ་སྡོད་བྱེད་སའི་གྲོང་ཁྱེར་འདི་ནའང་བུད་མེད་ལས་བྱེད་སྐོར་ཞིག་གིས་རང་ཉིད་སྐྱེས་པ་ལས་ལས་སྡུག་པོ་བྱེད་མཁན་ཡིན་པ་ཁས་ལེན་བྱེད་བཞིན་དུ། ད་དུང་འདི་ནི་ལས་དབང་རེད་ཟེར་ཞིང་། སྐོར་ཞིག་གིས། ཕོ་མཆོག་མོ་དམན་གྱི་སྲོལ་རྒྱུན་ཐ་ཤལ་འདི་རང་མི་རིགས་ཀྱི་སྲོལ་རྒྱུན་ཡག་པོ་རུ་བརྩིས་ནས་རྒྱུན་འཛིན་བས་ན་བཟང་རབས་ཡག་རབས་བརྗོད་པ་རེད། ཕོ་མོའི་བར་འདྲ་མཉམ་ཁྱོན་ནས་མེད་པ་དང་། སྐྱེས་པས་ཆུང་མར་གང་འདོད་དུ་གཅར་རྡུང་བྱེད་པ། བུད་མེད་ཀྱི་ཁེ་དབང་ལ་ཁྱད་གསོད་དང་མི་གཤིས་ལ་དམའ་འབེབས་བྱེད་པའི་སྲོལ་རྒྱུན་རིགས་ནི་ནམ་ཡང་སྐྱོན་ལས་ཡོན་ཏན་ག་ལ་ཡིན། ཁོ་མོ་ཚོས་དེ་ལྟར་བསམ་དོན་ཡང་སྲོལ་རྒྱུན་གྱི་བག་ཆགས་ཟབ་དྲགས་པས་འདྲ་མཉམ་གྱི་འདུ་ཤེས་ཤིག་སྐྱེ་མ་ཐུབ་པའི་རྐྱེན་རེད། ཡིན་ནའང་། བདག་གི་སེམས་པར་འདྲ་མཉམ་གྱི་འདུ་ཤེས་དེ་གདོད་མ་ནས་མིའི་རང་གཤིས་སུ་གྲུབ་ཡོད་པ་ཞིག་ཡིན་ཙང་། གནས་སྐབས་སུ་བག་ལ་ཞ་ནའང་། ཡུན་གྱིས་ཡུན་གྱིས་རང་དབང་དང་རང་བདེ། རང་གཙོ་རང་བདག་སོགས་རྩོད་ངེས་རེད། འུ་ཅག་བུད་མེད་རྣམས་ལ་མིའི་རང་གཤིས་སུ་གྲུབ་པའི་རང་དབང་དེ་དག་ཀྱང་མི་དགོས་ན། མིའི་མཚན་ཉིད་ཚང་མིན་ཡང་བརྗོད་ཁག་པོ་རེད། སྤྱིར་མི་ཞིག་གི་བློ་སྒོ་ཕྱེ་ཡོད་མེད་དེ་མཐར་གཏུགས་ན། རང་ལ་རྩིས་ཐང་ཡོད་མེད་དང་། གཞན་ལ་བརྩི་འཇོག་བྱེད་མིན་ལས་ཀྱང་ཤེས་ཐུབ། འདྲ་མཉམ་གྱི་འདུ་ཤེས་མེད་པ་ནི་འུ་ཅག་གི་ཡ་མ་གཟུགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཐུག་འདུག་པ་ཞིག་རེད། ཅི་སྟེ་དེ་འདྲ་ཡིན་ནའང་། མི་ཞིག་ཡིན་པའི་ཆ་ནས་རང་དབང་དང་འདྲ་མཉམ་རྩོད་རྒྱུ་ནི། རྒྱུན་ཤེས་ཤིག་ཡིན་ན་འགྲིག འུ་ཅག་བུད་མེད་ཚོས་དེ་ལས་ལྡོག་སྟེ་རང་ལ་ཡོད་རུང་བའི་ཁེ་དབང་དག་ཀྱང་བཏང་སྙོམས་སུ་འཇོག་པ་རེད། ཁེ་དང་རྒྱལ་ཁ་གཞན་ལ་སྟེར་བ། གྱོང་དང་ཕམ་ཁ་རང་གིས་འཁུར་བའི་བྱ་སྤྱོད་དེ་ནི། རང་གི་ཚེ་སྲོག་ལ་འགན་མ་ཁུར་བ་དང་། རང་གི་མི་ཚེའི་རིན་ཐང་འདོན་པར་བཀག་རྒྱ་བས་པ་ཙམ་ལས་མ་འདས་སོ།། བུད་མེད་དེ་རིགས་རིམ་བཞིན་རྗེས་ནས་རྗེས་སུ་ལུས་ཁར། བསམ་བློ་དང་རེ་སྙེག་གིས་ཀུན་ནས་སྟོང་བས་ཁྱོ་ག་དང་གཅིག་མཐུན་གྱི་ལྟ་ཚུལ་ཡེ་ནས་མེད་འགྲོ་བ་རེད། མཐར་ཐུག་རང་གི་ཁྱོ་གས་ཀྱང་ཆུང་མ་དང་བར་ཐག་རྒྱང་ནས་རྒྱང་དུ་བཀྱེད་ངེས་ལ། ཐ་ན་རང་གི་ཤ་ལས་ཆད་པའི་བུ་ཕྲུག་དང་ཡང་འདྲ་མཉམ་གྱི་ཁ་བརྡ་དང་གྲོས་མོལ་ཙམ་ཡང་བྱེད་ཁག་པར་གྱུར་ཏེ། རང་གིས་རང་ཉིད་མི་གྲལ་ནས་ཕུད་དེ་གྲོགས་མེད་ཁེར་རྐྱང་དུ་གཏོང་ངེས་རེད། བདག་གི་ཉམས་མྱོང་ལྟར་ན། རྒྱལ་ཁབ་དང་མི་རིགས། ཤ་མདོག་བཅས་མི་འདྲ་བའི་སྐྱེས་པ་རྣམས་ལ་ཐུན་མོང་གི་འདྲ་ས་གཅིག་ཡོད་པ་ནི། བུད་མེད་ཀྱིས་འདྲ་མཉམ་རྩོད་པར་ཁོ་པ་ཚོ་མགོ་ན་བ་དེ་རེད། ཨ་རིའི་སྤྱི་ཚོགས་སུ་ཡང་དེ་འདྲའི་ལྟ་ཚུལ་ཞིག་ཆགས་ཡོད་པ་རེད། འདྲ་མཉམ་གྱི་འདུ་ཤེས་དྲག་པའི་རང་རིགས་ཀྱི་བུད་མེད་ལས་འདྲ་མཉམ་གྱི་འདུ་ཤེས་ཞན་པའི་གཞན་རིགས་ཀྱི་བུད་མེད་བཟའ་ཟླ་བྱེད་པར་ཨ་རིའི་སྐྱེས་པ་ཚོའང་དགའ་བའི་ཚོད་རེད། གཞན་ད་དུང་ནུབ་གླིང་རྒྱལ་ཁབ་ཁ་ཤས་སུ་རྟགས་མཚུངས་དགའ་རོགས་སྒྲིག་སྲོལ་དར་བའང་ཁོ་ཚོར་ཕོ་མོ་འདྲ་མཉམ་གྱི་འདུ་ཤེས་ཟབ་པས། སྐྱེ་ཁམས་འདྲ་བ་གཉིས་མཉམ་དུ་འཚོ་བ་ཡིན་ན་རང་བཞིན་དུ་འདྲ་མཉམ་བྱུང་བ་ཡིན་འདོད་པ་རེད་ཅེས་ཁོ་ཚོས་ཟེར། བོད་མོ་ཞིག་བྱིས་པའི་ཕ་ལགས་དང་བཟའ་ཚང་ཐོར་ནས་ཨ་རིར་སླེབས་རྗེས། ཨ་རིའི་མི་རྒྱུད་དཀར་པོའི་སྐྱེས་པ་ཞིག་དང་དགའ་རོགས་བསྒྲིགས་པ་རེད། ཐེངས་ཤིག་མོ་རང་ཕྱི་གླིང་གི་སྐྱེས་པ་དེའི་ཨ་མ་དང་འཕྲད་སྐབས་ཁོ་མོས་མོ་ལ་ཧང་སང་བའི་གཏམ་ཞིག་བཤད་པ་འདི་ལྟ་སྟེ། མོས། རང་གི་བུས་གཡོག་མོ་ཞིག་བཙལ་བ་ཁོ་ནའི་ཆེད། ཤ་མདོག་མི་གཅིག་པའི་བོད་མོར་དགའ་རོགས་བསྒྲིགས་པར་ང་མི་དགའ་ཟེར། གནས་ཚུལ་འདིར་བལྟས་ན། ཕྱི་གླིང་པའི་ཨ་མ་དེ་མི་བདེན་དྲང་སྐྱོང་མཁན་ཞིག་ཡིན་པ་ཤེས་ལ། མོའི་བསམ་ཚུལ་ལས་ཕྱི་གླིང་པའི་རིག་གནས་ཀྱི་རིན་ཐང་ལྟ་ཚུལ་གྱི་ཟུར་ཞིག་ཀྱང་ངང་གིས་མཐོང་ཡོང་། སྐྱེས་པ་ཚོ་དེ་ལྟར་འགྱུར་བའི་རྒྱུ་རྐྱེན། ཕོ་དབང་རིང་ལུགས་ཀྱི་རང་ཉིད་ལྟེ་བར་འཛིན་པའི་སྲོལ་རྒྱུན་གྱི་ལྟ་བ་དེས་བསྐྱེད་པ་རེད། དེ་ཡང་མཐར་གཏུགས་ན། མིའི་རིགས་དར་བའི་འབྱུང་ཁུངས་ལ་འབྲེལ་བ་དམ་པོ་འདུག་སྙམ། སྐྱེས་པ་རྣམས་སྐྱེ་ཁམས་དང་། རང་གཤིས། ལུས་སྟོབས་དང་སྤོབས་པ་སོགས་ཕྱོགས་གང་ཅིའི་ཐད་ནས་སྐབས་དེའི་ཁོར་ཡུག་རྩུབ་པོ་དེར་འཚམ་པར་མ་ཟད། ཁྱོད་ཤི་ང་གསོན་གྱི་འགྲན་སེམས་ཀྱི་རང་གཤིས་ལྡན་པ་ཞིག་ཡིན་ཙང་། རི་དང་ཕྱི་རོལ་ལ་སོང་ནས་འཐབ་འཛིང་བྱེད་པ་དང་རི་དྭགས་རྔོན་པ། འཕྲོག་བཅོམ་ལ་སོགས་པའི་ཁ་ཟས་བཙལ་འཚོལ་གྱི་ལས་ལ་ཞུགས་ནས་ཁྱིམ་མིའི་འཚོ་ཐབས་སྦྱོར་བ། བུད་མེད་ནི་དེ་ལས་ལྡོག་སྟེ། བྱམས་སེམས་ཀྱི་རྣམ་པས་ཁེངས་ཤིང་། ཕྲུ་གུ་དང་ཁྱིམ་གཞིའི་འདུ་ཤེས་དྲག་པ། ལས་ཞིབ་མོའི་རིགས་ལ་མཁས་པ། གདུག་རྩུབ་དང་དམར་གསོད་ཀྱི་ལས་ལ་མི་དགའ་བ། རང་གི་མིག་མདུན་གྱི་འཚོ་བྱ་བདེ་སྐྱིད་དུ་སྒོམ་པ། སྒེར་སེམས་ལས་གཞན་སེམས་ཆེ་བ་སོགས་ཡིན་ཕྱིར། གདུག་རྩུབ་ཀྱི་ལས་ཀ་དེ་ཁོ་མོ་ཚོའི་གཤིས་ཀ་དང་མི་མཐུན་པ་རེད། དེ་བཞིན་སྐྱེས་པ་ཕོ་རྣམས་རི་དང་ཟ་མ་མོ་རྣམས་ཁྱིམ་དུ་སྡོད་པའི་སྲོལ་ཆགས་པར་མ་ཟད། ཡུན་གྱིས་ཡུན་གྱིས་རི་ལ་འགྲོ་མཁན་གྱི་ལས་ཀ་ཁྱད་འཕགས་ཅན་དང་། ཁྱིམ་སྐྱོང་མཁན་གྱི་ལས་ཀ་རིན་མེད་དུ་བརྩིས་པ་རེད། དུས་ཀྱི་ལོ་ཟླ་ངང་གིས་འདས་ནས་གདུག་རྩུབ་ཁོར་ཡུག་ཁྲོད་ཁྱོད་ཤི་ང་གསོན་གྱི་གདོད་མའི་གནས་སྟངས་ལ་ཁད་ཀྱིས་འགྱུར་བ་བྱུང་སྟེ། རིམ་བཞིན་རོང་འབྲོག་འཚོ་བའི་ཐོན་སྐྱེད་ཀྱི་དཔལ་ཡོན་དར་ནས་རང་ཁ་རང་གསོའི་འཚོ་བའི་འགྲོ་སྟངས་ཀྱི་མགོ་བརྩམས་པ་རེད། དེ་དང་འབྲེལ་ནས་བུད་མེད་རྣམས་ཁྱིམ་སྐྱོང་བྱིས་སྙོར་གྱི་ལས་ཀ་ལས་བརྒལ་ཏེ་ཕྱུགས་འཚོ་ཞིང་འདེབས་ཀྱི་ལས་ལ་ཞུགས་དགོས་པར་མ་ཟད། ལས་ཀ་དེའི་བརྒྱ་ཆའི་དྲུག་ཅུ་ཡན་ཆད་བུད་མེད་ཀྱིས་བྱེད་དགོས་བྱུང་། འདྲ་མཉམ་མེད་པའི་ལས་བགོས་དེར་ཡིད་འཐད་མེད་ནའང་སྐྱེ་ཁམས་ཀྱི་དབང་གིས་བུད་མེད་རྣམས་སྐྱེས་པའི་ངག་བཀོད་ལས་འདའ་མ་ཐུབ་པ་རེད། དེ་ལྟ་ཡིན་ནའང་། བུད་མེད་རྣམས་ལ་ཁྱིམ་འཁོས་འདུ་འགོད་ལ་ཐེ་ཇུས་ཀྱི་དབང་ཆ་ཡེ་ནས་མེད་ཅིང་། ལས་བགོས་དེར་ཡིད་མི་ཚིམ་པའི་རྣམ་འགྱུར་སྟོན་པའི་དབང་ཆ་ཡང་ཡོད་པ་མ་རེད། སྐྱེས་པ་ཚོས་རང་གི་ཁེ་ཕན་ལ་དམིགས་ནས་སྤེལ་ཟིན་པའི་སྲོལ་རྒྱུན་དེ་གཏོར་ཞིག་ཏུ་བཏང་ན་བློ་བདེ་པོ་ཡོང་མི་སྲིད་པ་རེད། མི་སུ་ཡིན་རུང་ཁེ་བཟང་རག་པར་གོམས་ལོབས་སུ་སོང་དྲགས་པ་ཞིག་ཡིན་ཚེ། ཁེ་ཕན་ལ་ཕོག་ཐུག་བཟོས་ཏེ་ལམ་བུ་དེར་བསྒྱུར་བཅོས་བྱེད་དགོས་ཟེར་ན། མི་དགའ་བ་ད་ལྟའི་སྤྱི་ཚོགས་ཀྱི་གནས་ཚུལ་དངོས་ལས་ཤེས་པ་ལྟ་བུ་རེད། དཔེར་ན། གྲོང་ཁྱེར་བོད་མིའི་ཁྱིམ་ཚང་མང་ཆེ་ཤོས་སུའང་། ཆུང་མ་རྣམས་ཀྱིས་ཁྱོ་གར་ཟས་གཡོ་ཇ་འདྲེན་ལྭ་བཀྲུ་འཚེམ་བཟོ་སོགས་བྱེད་པ་ནི་འོས་འཚམ་ནང་གི་ཡང་འཚམ་དུ་བརྩི་ཞིང་། ཡང་ཁྱོ་གས་ཆུང་མར་ཟས་གཡོ་ཇ་འདྲེན་བྱེད་པ་ནི་ཧ་ཅང་རྒྱུན་ལྡན་མིན་པའི་ཚུལ་དུ་བརྩི་ཐོག ཁྱོ་ག་དེ་འཕྱ་སྨོད་བྱེད་ཡུལ་དུའང་འགྱུར་ངེས་རེད། གདོད་མའི་དུས་སུ། ཕོ་མོའི་རིན་ཐང་འཇལ་བྱེད་གཙོ་བོ་སྐྱེ་ཁམས་ཀྱི་ལུས་ཤུགས་དང་དཔའ་སྤོབས་ཀྱི་དྲག་ཞན་སོགས་ལ་ལྟོས་ནས་བཤད་པ་རེད་འདོད། དེ་ཡང་དང་ཐོག་གི་སྤྱི་ཚོགས་དང་ཁོར་ཡུག འཚོ་བའི་དགོས་མཁོ་ལ་དམིགས་པ་ཡིན་སྲིད་ཀྱང་། དེང་སྐབས་གདོད་མའི་གནས་སྟངས་དེ་རྩ་བ་ནས་འགྱུར་ཏེ། སོ་སོའི་བློ་རིག་དང་ཀླད་ཤུགས་ལ་བརྟེན་ནས་འཚོ་བ་རོལ་དགོས་པ་རེད། དེར་མ་ཟད་བུད་མེད་ཀྱི་རིག་པ་སྐྱེས་པ་ལས་ཞན་པ་ཚན་རིག་གིས་ཀྱང་བདེན་དཔང་བས་མེད་པ་རེད། ཡིན་ཀྱང་འུ་ཅག་བུད་མེད་རྣམས་ལ་ཐོག་མའི་མིང་འདོགས་དུས་ནས་རྟེན་འབྲེལ་གྱི་མགོ་མ་བསློགས་འདུག་པ་རེད། དེ་ལ་སྐུ་ཞབས་བོ་ཐར་བཀྲ་ཤིས་ཆོས་འཕེལ་ལགས་ཀྱི་བརྩམས་ཆོས་ལས། མིང་བརྡ་ཐ་སྙད་ཕྱོགས་ལ་དཔྱོད་ན། བུད་མེད་ཟེར་བ་ནི་སྐྱེས་པའི་གོང་ལ་བུད་མེད་པའམ་མཆོག་གྱུར་འཕགས་པ་རྣམས་བུད་དུ་མེད་པས་བུད་མེད་ཟེར་བའི་སྒྲ་བཤད་འདུག སྒྲ་དེ་ནི་བུད་མེད་རིགས་ལ་ཉེས་པ་ཀུན་གྱི་གནས་སུ་གཟིགས་པའི་ཆོས་པ་རྣལ་མ་ཞིག་གིས་བཤད་པ་སྲིད་དེ། དོན་དུ་ཕོ་མོ་གཉིས་འདྲ་མཉམ་མིན་པའི་དགོངས་བཞེས་མཚོན་ཡོད། ཡང་ལ་ལས་སྐྱེས་དམན་ཞེས་སྐྱེ་བ་ལེན་པའི་མི་རྣམས་ལས་ཆེས་དམན་ཤོས་དང་ངན་ཤོས་སུ་བཤད་ཡོད་ཅེས་གསུངས་འདུག སྲོལ་རྒྱུན་གྱི་བག་ཆགས་ངན་པ་འདི་དག་གི་དབང་གིས་དེང་སྐབས་ད་དུང་བུད་མེད་རྣམས་ལྟོས་བཅས་ཀྱིས་སྐྱེས་པ་ལས་སློབ་གསོ་ཐོབ་པའི་གྲངས་ཀ་ཉུང་ཞིང་། སློབ་གསོ་ཐོབ་པའི་རིམ་ཚད་དམའ་ཐོག བུད་མེད་ཀྱི་རྩིས་ཐང་ལ་ཁྱད་གསོད་དང་མི་གཤིས་ལ་རྡོག་བརྫིས་བྱེད་པའི་གདོད་མའི་སྲོལ་རྒྱུན་གྱི་རིན་ཐང་ལྟ་ཚུལ་རྒྱུན་སྐྱོང་གི་ཡོད་པ་རེད། རྐྱེན་དེ་དག་གཙོ་བས་ནས། སྤྱི་ཚོགས་ཡོངས་སུ་རྩིས་ཐང་ཅན་དང་རང་གཤིས་ལྡན་པའི་བུད་མེད་ཤེས་ཡོན་ཅན་ཧ་ཅང་དཀོན་པོར་སྣང་། དེ་ལས་སྤྱི་ཚོགས་ཧྲིལ་པོས་བུད་མེད་ཀྱི་རྟོགས་པ་སད་པར་འབོད་སྐུལ་བཏང་སྟེ། བུད་མེད་རྣམས་ཀྱི་མི་མངོན་པའི་ནུས་པ་འདོན་པར་བཅུག་ན། འུ་ཅག་གི་སྤྱི་ཚོགས་སུ་ཡང་བུད་མེད་རང་གི་མཐོང་སྣེ་ལྟར་བྲིས་པའི་བརྩམས་ཆོས་མང་པོ་འབྱུང་ཐུབ་ལ། དེ་ལྟ་ཡིན་ཚེ། སྐྱེས་པ་རྩོམ་པ་པོའི་ཕྱོགས་ཞེན་དང་སྡང་སེམས་མེད་པར། ཁོ་མོ་ཚོའི་སེམས་ཁམས་ངོ་མ་དང་ཚོར་པ་དངོས་མ། རིན་ཐང་ལྟ་ཚུལ་རྣལ་མ། བརྩེ་དུང་ལ་བཅངས་པའི་མདུན་མ་སོགས་ནང་སེམས་ཀྱི་འཇིག་རྟེན་གསོན་པོ་ཞིག་རྗེན་པར་མཐོང་ཐུབ་ཅིང་། ཞོར་དུ། ལོ་རྒྱུས་སུ་བུད་མེད་རྣམས་འདོད་ཆགས་དང་ཞེ་སྡང་། གདུག་རྩུབ་དང་ཕྲག་དོག གཡོ་སྒྱུ་སོགས་ཀྱི་ཕུང་པོ་རུ་འདོད་པའི་ལྟ་ཚུལ་ཕྱོགས་ལྷུང་ཅན་དེར་ཡང་ངམ་ངམ་ཤུགས་ཀྱིས་འགྱུར་བ་ཐེབས་ངེས་ཏེ། གཞན་དེ་ལས་ཀྱང་ཁྱད་འཕགས་ལྡན་པ་ནི། ཁོ་མོ་ཚོར་གཏོང་ཕོད་ཀྱི་སྤོབས་པ་དང་བྱམས་སེམས་ཀྱི་སྙིང་རྗེ། སྤྱང་གྲུང་གི་བློ་རིག སྒྱུ་རྩལ་གྱི་མྱོང་རྟོགས། རུང་བསྟུན་དང་ཞིབ་མོའི་རིགས་ལ་འབྱོངས་པ། ངང་རྒྱུད་རིང་ཞིང་སྡུག་རུས་ཆེ་བ་སོགས་ཡིན། དེ་མིན། འཁོར་བ་བྱམས་དང་བློ་རིག་གིས་སྐྱོང་ཞིང་། ཡོད་ཚད་ཐལ་དང་རྡུལ་དུ་མི་གཏོང་བའང་ཁོ་མོ་ཚོའི་གཤིས་ཀ་ཡིན་ནོ།། གཏེར་ཁུངས་ལེགས་པོ་འདི་འདྲ་ཞིག་སྔོག་འདོན་མ་བས་པར་ཆུད་ཟོས་དང་རུལ་མྱགས་སུ་བཏང་ན་ནི། མི་རིགས་ཀྱི་གྱོང་གུན་དང་སྐྱེས་པ་ཚོའི་མཚང་སྐྱོན་དུ་འགྲོ་བ་མ་རེད་དམ། དེ་རིང་སྲོལ་རྒྱུན་གྱི་ཆུ་རྒྱུན་རིང་མོའི་ཆུ་རྔ་བཞུར་ཏེ་ཏག་ཏག་གྲོང་ཁྱེར་གྱི་ནང་ཚང་དུ་ལྷགས་འདུག བུད་མེད་རྣམས་ཀྱིས་ཕྱི་ཡི་གཞུང་ལས་ནས་ནང་གི་ཁྱིམ་ལས་དང་། བྱིས་སྙོར་ཟས་གཡོ་སོགས་ཀྱི་ལས་ཀ་མང་ཆེ་ཤོས་བྱེད་གི་ཡོད་པ་རེད། ལར་ཁོར་ཡུག་རྩུབ་པོའི་ཁྲོད་ཀྱི་ཁྱོད་ཤི་ང་གསོན་གྱི་དམར་འཛིང་དང་གདོད་མའི་འཚོ་ཐབས་སྦྱོར་སྟངས་ཀྱི་སྲོལ་སྔ་མོ་ནས་མཇུག་རྫོགས་ཏེ། གཞི་ཁྱོན་ཆུང་དུ་ཕྱིན་ནས་ནང་ཚང་གྲུ་བཞིའི་ཁྱིམ་ལས་ཙམ་ལས་ལྷག་མེད། ལོ་ཁ་ཤས་ཀྱི་སྔོན་ལ་སྐྱེས་པ་རྣམས་ཀྱིས་གྲོ་ཕྱེ་དང་འབྲས། རྡོ་སོལ། སོལ་རླངས་ཀྱི་ལྕགས་ཟོ་སོགས་འཁུར་སྐྱེལ་གྱི་ཤེད་ཤུགས་ངལ་རྩོལ་ཉུང་ཙམ་བྱེད་དགོས་ནའང་། དུས་ད་ལྟ་ལས་དེ་དག་ཀྱང་བྱེད་མི་དགོས་པར་ནང་ཚང་གི་ཤེད་ཤུགས་ལས་ཀ་རྣམས་ཕལ་ཆེར་མཇུག་རྫོགས་གྲབས་འདུག ཤུལ་དུ་ལུས་པ་ནི་ནམ་ཡང་རྫོགས་རྒྱུ་མེད་ཅིང་ཉིན་མཚན་བར་མེད་དུ་ལས་ཀྱང་འབྲས་བུ་མཐོང་རྒྱུ་མེད་པའི་ཉི་མ་རེའི་ཟས་གཡོ་དཀར་བཀྲུ་དང་བྱིས་པ་བདག་སྐྱོང་། ཁང་པ་གཙང་སྦྲ། ཁྱིམ་ཚང་གི་འདུ་འགོད་དང་བཟའ་ཚོད་ཉོ་བ་སོགས་ཀྱི་ཁྱིམ་ལས་ཙག་ཙིག་རྐྱང་རེད། དེ་ལྟ་ཡིན་ནའང་སྐྱེས་པ་མང་ཤོས་ཤིག་གིས་ཁྱིམ་ལས་ཐམས་ཅད་བུད་མེད་ཁོ་ནའི་ལས་ཀ་རུ་བསམ་ནས་གཡོལ་ཐབས་བྱེད་ཀྱིན་འདུག་པ་རེད། རྒྱ་ནག་གི་མཁས་པ་ལི་དབྱིན་ཧོ(李银河,1952-)ཡིས་ཞིབ་འཇུག་བྱས་པ་ལྟར་ན། སྔོན་ཆད་རྒྱ་ནག་གི་སྤྱི་ཚོགས་སུའང་ནང་ཚང་གི་ལས་ཀ་བགོ་བཤའ་བས་པ་ཕོ་མོ་འདྲ་མཉམ་མིན་ཐོག ནང་ཚང་གི་ལས་ཀ་གཉེར་བཞིན་པའི་བུད་མེད་རྣམས་ལ་ཕོགས་མེད་པས་དཔལ་འབྱོར་ཐད་ཁེར་ཚུགས་ཡོང་ཐུབ་མེད་ལ། དེ་ཡང་བུད་མེད་རྣམས་གཞན་དབང་དུ་ཚུད་པའི་རྐྱེན་གཅིག་ཡིན་པར་བཤད། ཡིན་ནའང་ཉེ་བའི་ལོ་འགའི་སྔོན་དུ་མོས་པེ་ཅིང་གྲོང་ཁྱེར་དུ་ཕོ་མོའི་ཁྱིམ་ལས་བྱེད་པའི་བསྡུར་ཚད་ལ་རྟོག་དཔྱོད་བས་པ་ན། གོང་གི་གནས་ཚུལ་ལ་འགྱུར་ལྡོག་བྱུང་སྟེ། ནང་ཚང་དུ་ཁྱིམ་ལས་བྱེད་པའི་སྐྱེས་པའི་གྲངས་ཀ་བརྒྱ་ཆའི་བཞི་བཅུ་ལ་སླེབས་འདུག་པ་དང་། བུད་མེད་རྣམས་ཀྱང་སྐྱེས་པ་བཞིན་ཕྱི་རོལ་གྱི་ལས་ཀར་ཞུགས་ཤིང་འབྲས་བུའང་མི་དམན་པ་ཐོབ་དང་འཐོབ་མུས་སུ་ཡོད་པ་རེད་ཟེར། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་དེང་སྐབས་ད་དུང་བུད་མེད་རྣམས་ཀྱིས་ལས་ཀ་འདྲ་མཉམ་དང་ཐོབ་ཐང་འདྲ་མཉམ་བསམ་བློ་འདྲ་མཉམ་ཡོང་དགོས་ཚུལ་གླེང་སྐབས་ཁོ་པ་ཚོ་མགོ་ན་བ་རེད། བུད་མེད་རྟོགས་པ་སད་ཅིང་འདྲ་མཉམ་གླེང་མཁན་དག་དང་བཤོལ་ཆེད། ཡོན་ཏན་པའི་སྡེའི་སྐྱེས་པ་ཁ་ཤས་ཤིག་གིས་ཀྱང་སློབ་གསོ་ཐོབ་མྱོང་མེད་པའི་ཞིང་འབྲོག་བུད་མེད་ཆུང་མར་བསུ་འདོད་ཀྱི་བསམ་ཚུལ་སྨྲ་བ་ཐོས་མྱོང་། དེའང་མཐར་གཏུགས་ན། ཤྭ་ལ་གཅེས་པ་མ་ཡིན་པར་རྭ་ལ་གཅེས་པའི་དཔེ་བཞིན་འཛམ་གླིང་སྐྱེས་པའི་གཅིག་མཐུན་གྱི་ནད་རིགས་ཤིག་རེད་འདོད། མ་ཟད། བོད་པའི་སྐྱེས་པ་ལ་ལས་རང་གི་ཆུང་མར་མཐོང་རྒྱ་དང་ཤེས་རྒྱ་ཇེ་ཆེར་སོང་བའི་ཉིན་མོ་ནི་རང་ཉིད་སྐོབས་སུ་ལྷུང་བའི་ཉིན་མོ་རུ་རྩི་ཡི་ཡོད་པ་རེད། ཨ་རི་ན་ཡོད་དུས། གྲོགས་མོ་ཞིག་གིས་སྐད་ཆ་ཞིག་བཤད་པ་དངོས་གནས་རེད། མོས་དེང་སྐབས་བོད་མིའི་སྤྱི་ཚོགས་སྟེང་བུད་མེད་ཅིག་རྩོམ་འབྲིའི་ལས་སུ་ཞུགས་དགོས་ན་དེ་ནི་ཁོ་མོ་ཚོའི་ལས་རིགས་གསུམ་པ་རུ་འགྱུར་དགོས། བོད་མོ་རྩོམ་ལ་འཇུག་མཁན་མང་པོ་མེད་པའི་རྐྱེན་གཅིག་དེ་རེད་ཟེར། བུ་མོ་ཁ་ཤས་ཤིག་སློབ་གྲྭ་ན་ཡོད་དུས་སྦྱངས་འབྲས་ཧ་ཅང་ལེགས་པོ་འདུག ཡིན་ནའང་། སྤྱི་ཚོགས་སུ་ཞུགས་ཏེ་གཉེན་སྒྲིག་ཆང་ས་བརྒྱབ་རྗེས། བུ་མོ་དེ་ཚོ་ཁད་ཀྱིས་བསམ་བློ་དང་རེ་སྙེག་སོགས་ཕྱོགས་གང་ཅིའི་ཐད་ནས་ལྟོས་བཅས་ཀྱིས་སྔོན་ཆད་དང་བསྡུར་ན་རྗེས་ལུས་ཐེབས་ཀྱིན་ཡོད་པའང་གཙོ་བོ་ཁོ་མོས་བཤད་པ་དེར་འབྲེལ་བ་མི་འདུག་གམ་སྙམ། བུད་མེད་དང་འབྲེལ་ཡོད་ཀྱི་གནད་དོན་གང་རིགས་ལ་བསམ་བློ་ཞིབ་ཕྲ་ཞིག་གཏོང་དུས། སྤྱི་ཚོགས་ཐོག་བྱུང་དང་འབྱུང་མུས་སུ་མཆིས་པའི་སྐྱོ་གར་འདི་དག་ཁོ་མོ་ཚོ་གཅིག་པུ་ལན་པའི་མཇུག་འབྲས་ཤིག་མིན་པར། བུད་མེད་རྣམས་བཙན་གྱིས་དེ་རིང་གི་ལམ་བུ་འདིར་འཇུག་མཁན། འུ་ཅག་གི་ཕ་མེས་ཡང་མེས་ནས་དར་ཡོང་བའི་སྲོལ་ངན་ཏེ་ཕོ་མཆོག་མོ་དམན་གྱི་འདུ་ཤེས་དེར་འབྲེལ་བ་དམ་པོ་ཡོད་པས་ན། དུས་རབས་གསར་པའི་ན་གཞོན་རྣམས་ཀྱིས་སྲོལ་རྒྱུན་གྱི་ལྟ་བ་ལས་བརྒལ་ཏེ་བསམ་གཞིགས་གསར་པ་དང་མཐོང་སྣེ་མི་འདྲ་བའི་སྟེང་བསམ་བློ་རེ་གཏོང་དགོས་ཚོད་རེད། གང་ཡིན་ཟེར་ན། སྣང་ཚུལ་མི་ལེགས་པ་འདི་བསྒྱུར་ཚེ་བུད་མེད་གཅིག་པུའི་ལས་དབང་ཙམ་མ་ཡིན་པར། མི་རིགས་སྤྱི་ལ་ཕན་པའི་སྨན་དུ་འགྲོ་ངེས་རེད་སྙམ།
གཟའ་སྔོན་མའི་ནང་ཨ་རི་ནས་ཡོང་བའི་མི་རྒྱུད་དཀར་པོའི་བུ་མོ་ཞིག་དང་ཁ་བརྡ་བྱེད་སྐབས། ངས་མོ་ལ་ཁྱེད་རང་སྔོན་ཐོན་མི་རིགས་ཀྱི་འདྲ་མཉམ་འདུ་ཤེས་ནང་སློབ་གསོ་མྱངས་མཁན་ཞིག་ཡིན་པའི་ཆ་ནས། རང་གི་མི་ཚེའི་ལམ་བུའི་ཁྲོད་སྐྱེས་པ་དང་མི་འདྲ་བའི་བཀག་རྒྱ་ཐེབས་མྱོང་མིན་དྲིས་པ་ན། མོས་བཤད་དོན། ཁོ་མོའི་ཨ་མ་ཡང་བུད་མེད་ཀྱི་ཁེ་དབང་རྩོད་དགའ་བ་ཞིག་ཡིན་གཤིས། ཆུང་དུས་ཨ་མའི་ཁ་ཏ་བསླབ་བྱ་རྣམས་ཀྱིས་མོ་ལ་མི་མངོན་པའི་ཡིད་ཆེས་བརྟན་པོ་བྱིན་མྱོང་། སྤྱི་ཚོགས་སྟེང་སྲོལ་རྒྱུན་གྱི་རྗེས་ཤུལ་ཉུང་ཙམ་མཐོང་རྒྱུ་ཡོད་ཅིང་། སྐྱེས་པ་རྣམས་ལའང་ང་རྒྱལ་ཏོག་ཙམ་ཡོད་པ་བསྙོན་དུ་མེད་ནའང་། ཁྱིམ་མི་དང་སློབ་གྲྭའི་སློབ་གསོ་དེ་ལ་ཕན་ཆ་ཆེན་པོ་འདུག དེར་མ་ཟད་ཨ་མས་རྟག་ཏུ་བུད་མེད་སྐྱེས་པ་ལས་ཡོན་ཏན་མང་ཚུལ་བརྗོད་པ་དང་། གལ་ཏེ་ཨ་རི་རྒྱལ་ཁབ་འདི་སྐྱོང་མཁན་ཡང་བུད་མེད་དག་ཡིན་རྒྱུ་ན། ད་ལྟའི་གནས་སྟངས་ལས་ཡག་པོ་ཡིན་གྱི་རེད། མ་མཐའ་ཡང་རྒྱལ་ཁབ་ཀྱི་འགྲོ་སྒོ་ཇེ་ཉུང་དུ་འགྲོ་ངེས། རྒྱུ་མཚན་བུད་མེད་རྣམས་དགོས་མེད་ཀྱི་འཛད་སྤྱོད་དང་གདུག་རྩུབ་ཀྱི་འཐབ་འཁྲུག་ལ་མི་དགའ་བ་རེད་ཟེར། ཨ་མའི་སྐད་ཆ་དེ་དག་གིས་མོ་རང་ཡིད་ཆེས་དང་རང་རློམ་གྱིས་ཁེངས་འདུག ཁོ་མོའི་རྨི་ལམ་ནི་མ་འོངས་པར་རྒྱལ་སྲིད་བློན་ཆེན་བྱེད་རྒྱུ་དེ་རེད། ད་ལྟ་མོ་རང་ལ་འབུམ་རམས་པ་དང་རབ་འབྱམས་པའི་ཐོབ་ཐང་ཡོད་ཐོག ཡང་བསྐྱར་འབུམ་རམས་པའི་ཐོབ་ཐང་གཞན་ཞིག་ལེན་པར་གྲ་སྒྲིག་བྱེད་གི་འདུག བསླབ་གནས་ཐོབ་ཐང་དུ་མ་ལེན་རྒྱུ་དེ་རྒྱལ་སྲིད་བློན་ཆེན་ལ་འགྲན་རྩོད་བྱེད་པའི་ཐོག་མའི་རྨང་གཞི་རེད་ཟེར།
ཕོ་མོ་འདྲ་མཉམ་གྱི་རིག་གནས་ཁོར་ཡུག་ལས་འཚར་བའི་བུ་མོ་ཞིག་གི་རང་རྩིས་དང་རང་རློམ། ཡིད་ཆེས། ཧམ་སེམས་ལས། བུད་མེད་ལའང་རེ་སྙེག་དང་རྨི་ལམ་གང་འདོད་དུ་ཡོད་ཆོག་ཆོག་ཡིན་པ་ཤེས་པར་མ་ཟད། རང་གི་རེ་སྙེག་གི་སླད་དུ་འབད་དེ་འབུངས་ན་ཡོད་ཚད་ཇི་བཞིན་ལེགས་འགྲུབ་ཀྱང་འབྱུང་ཐུབ་ངེས་རེད། སྐྱེ་ཁམས་ཀྱི་སྟེང་ནས་ཚང་མ་བུད་མེད་ཡིན་པ་ཆ་འདྲ་ནའང་། ཕོ་མོ་འདྲ་མཉམ་གྱི་རིག་གནས་འོག་འཚར་བའི་ཁོ་མོ་ཚོ་རང་རློམ་དང་ཡིད་ཆེས་ཀྱིས་ཕྱུག་ལ། ཕོ་མཆོག་མོ་དམན་གྱི་སྲོལ་རྒྱུན་འོག་འཚར་བའི་བུད་མེད་རྣམས་དུས་ནམ་ཡང་རང་རློམ་དང་ཡིད་ཆེས་ཀྱིས་དབུལ་བ་རེད། དེ་ནི་རིག་གནས་གཉིས་ཀྱིས་བསྐྱེད་པའི་འབྲས་བུ་མིན་ན་ཅི།
2006-2007ལོའི་ཟླ3པའི་བར་བྲིས་པ་ཡིན།
༄༅། ། བརྒྱུད་འཚོང་གཡོ་འཕྲུལ་གྱི་མགོ་སྐོར་འོག་ཚུད་མྱོང་བའི་
བོད་མི་ཞིག་གི་དྲང་གཏམ།
བོད་མི་མང་པོ་ཞིག་བརྒྱུད་འཚོང་གཡོ་འཕྲུལ་གྱི་མགོ་སྐོར་ལས་གཡོལ་ཐུབ་པའི་ཆེད་དུ་ཁོ་བོས་གཤམ་གྱི་དངོས་དོན་གནས་ཚུལ་དེ་འཕྲི་སྣོན་ཅི་ཡང་མ་བྱས་པར་བཀོད་པ་ཡིན། འོན་ཀྱང་། གནས་ཚུལ་མཁོ་འདོན་བྱེད་མཁན་གྱི་བདེ་འཇགས་ལ་བསམ་ནས་དངོས་མིང་སྤྱད་མེད་ལ། ཁོ་མགོ་བསྐོར་གཏོང་མཁན་གྱི་མི་དེའི་མིང་ཡང་ཆ་ཚང་བྲིས་མེད།
༢༠༡༠ལོའི་ཟླ་༦པའི་ཚེས་༢༠ཉིན། ཁོ་བོ་ཁྲིན་ཏུ་གྲོང་ཁྱེར་ཏུ་ཡོད་པའི་རང་ཉིད་ཀྱི་གསེར་སྐུ་བཞེངས་བསྐྲུན་བཟོ་གྲྭ་རུ་ཡོད། ཉིན་དེ་ཚོའི་རང་ལ་ལི་ཐང་གི་ཚ་ཁ་རི་ཁྲོད་ལ་གསེར་སྐུ་ཁ་ཤས་སྤྲོད་ལེན་བྱེད་དགོས་པས་བྲེལ་བ་ཤིན་ཏུ་ཆེ། ཡིན་ནའང་། སང་སང་གི་ཁ་པར་དྲིལ་བརྡ་ཞིག་གིས་ངའི་འཚོ་བར་སྔར་ལས་ལྷག་པའི་བྲེལ་ཟིང་བསླངས། ཁ་པར་དེ་ནི་ཕ་ཡུལ་རྫ་ཆུ་ཁ་ནས་ཡིན་པའི་རྡོ་རྗེ་མཆེད་གྲོགས་པད་མིང་ཅན་ནས་ཐོན་པ་རེད། ཁོས་ང་ལ་ལས་ཀར་བྲེལ་བ་ཆེ་མིན་དང་ཟླ་རེའི་ཡོང་འབབ་ག་འདྲ་ཡིན་ཚུལ་སོགས་ཞིབ་འདྲི་བྱས་ལ། སྔོན་ཆད་འུ་གཉིས་ཀྱི་མཛའ་བརྩེ་དང་རྡོ་རྗེ་མཆེད་གྲོགས་གཞན་དག་བར་གྱི་འདང་བརྩེ་སོགས་བརྗེད་མི་རུང་བའི་སྙིང་གཏམ་ཡང་ཅུང་ཙམ་བཤད་སོང་། ངས་ཀྱང་ཁོར་བླ་རུང་གི་སྒྱུ་འཕྲུལ་ལྷ་ཁང་བསྐྱར་གསོ་བྱས་ཚར་རམ་སོགས་དུང་དུང་དམར་དམར་གྱི་སྐད་ཆ་ཁ་ཤས་དྲིས་པ་ཡིན་ལ། དེང་སང་ལས་བྲེལ་ཆེ་ཚུལ་དང་དཀའ་ཁག་ཡོད་ཚུལ་ཀྱང་ཅུང་ཟད་རེ་བཤད་པ་ཡིན། ཁོས་ཁོ་རང་རྒྱ་ནག་གི་ཀང་ཤིས་(广西)ཞིང་ཆེན་དུ་ཡོད་ལ། དེ་རུ་རྒྱའི་ཚོང་དཔོན་ཞིག་གིས་སྨན་ལྷ་སྟོང་སྐུ་དང་འོད་དཔག་མེད་སྟོང་སྐུ་སོགས་སྟོང་སྐུ་མང་པོ་ཞིག་བཞེང་བཞིན་འདུག་པས། མྱུར་ཏུ་ཁོ་ཡོད་ས་རུ་སླེབས་པར་གྱིས་དང་ཁོས་ང་ལ་ཚོང་ཁ་ལེགས་པོ་ཞིག་བསྐོར་ཆོག་ཟེར། ངས་ཉེ་ཆར་ལི་ཐང་གི་ཚ་ཁ་རི་ཁྲོད་ལ་གསེར་སྐུ་བཞེང་བཞིན་ཡོད་པས་ཁོམ་པ་མེད་ཚུལ་བཤད་ཀྱང་། ཁོས་འདི་གོ་སྐབས་བླ་ན་མེད་པ་ཞིག་ཡིན་པས། ཅིས་ཀྱང་སླེབས་ཐུབ་ན་བཟང་། གལ་ཏེ་ཉིན་ལྔའི་ནང་སླེབས་མ་ཐུབ་ན་ཚོང་ཁ་གཞན་ལ་འཆོར་བའི་ཉེན་ཁ་ཆེ་ཞེས་ནན་བཤད་བྱེད་ཀྱིན་འདུག དེར་བརྟེན་ངས་ཀྱང་ངེད་གཉིས་སྔོན་ཆད་དགོན་པ་གཅིག་གི་ཆོས་གྲོགས་དང་། བླ་མ་གཅིག་གི་བུ་སློབ་ཏུ་གྱུར་མྱོང་མ་ཟད། ཡིད་ཆེས་ཆོག་ཆོག་གི་རྡོ་རྗེ་མཆེད་གྲོགས་ཤིག་ཡིན་པས་ལམ་སང་གནམ་གྲུའི་འཛིན་བྱང་ཉོས་ཏེ་རྒྱང་རིང་ཀང་ཤེས་་ཟེར་བའི་གྲོང་ཁྱེར་དུ་ཕྱིན་པ་ཡིན། ཀང་ཤེས་ནས་ངས་ཁ་པར་བཏང་སྟེ་གནས་ཚུལ་དྲིས་ཚེ། ཁ་པར་ནང་དུ་༼ལེ་པེན༽ཞེས་འཕྲིན་ཐུང་ཞིག་བསྐུར་ནས་ས་ཆ་དེ་རུ་མེ་འཁོར་ནང་ནས་ཡོང་དགོས་ཟེར། དེ་རུ་སླེབས་ཚེ་ཁོང་ཚོས་སྔ་མོ་ནས་ང་སླེབས་པར་བསྒུགས་འདུག་ཅིང་སྤྲོ་སེམས་འཁོལ་བའི་ངང་ང་ལ་བསུ་མ་བྱས་བྱུང་། ངའི་ཆོས་གྲོགས་ཁོང་ལོ་ན་དྲུག་ཅུར་ལོན་གྲབ་ཡོད་པའི་གྲྭ་རྒན་ཞིག་ཡིན་རུང་རྒྱ་ལྭ་འདྲ་པོ་ཞིག་གོན་འདུག་ཅིང་། དོར་སུག་གི་ནང་ན་མངོན་པའི་རུད་ལ་འཁྱོག་པའི་རྐང་པའི་ཉྭ་ཤ་གཉིས་ནི་ལྷག་ཏུ་མིག་ལ་མི་མཛེས་པ་ཞིག་རེད། དེ་མུར་ཁོང་ཚོས་ང་ལ་གཟན་ཤམ་བྱས་ན་འདིར་སྟབས་མི་བདེ་བ་མང་པོ་ཡོད་པས་ངེས་པར་ཏུ་རྒྱ་ལྭ་གོན་དགོས་ཟེར། དེ་ནས་ང་ཁོང་ཚོ་སྡོད་ས་རུ་་ཕྱིན་པ་ཡིན། ཁོ་ཚོའི་ཁྱིམ་དུ་གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ཀྱང་བཤམས་འདུག་ལ། དེ་རུ་ང་ཚོས་ཟ་མ་སྟབས་བདེ་ཞིག་ཟོས་པ་ཡིན། དེའི་སྐབས་སུ་ཁོང་ཚོས་ང་ལ་འདི་གར་དངོས་ཡོད་ཀྱི་ཚོང་དང་དངོས་མེད་ཀྱི་ཚོང་གཉིས་ཡོད་པས་ཁྱེད་ཀྱིས་ཚོང་གང་རྒྱག་རྒྱུ་ཡིན་ཞེས་དྲིས་བྱུང་། ངས་ང་རང་དངོས་ཡོད་ཀྱི་མི་ཞིག་ཡིན་ན་དངོས་མེད་ལྷ་འདྲེའི་ཚོང་རྒྱག་ག་ལ་ཤེས་ཞེས་བཤད་ཅིང་། སེམས་སུ་ཁོང་ཚོས་རྐུ་བྱེད་ཀྱིན་ཡོད་དམ་སྙམ་ནས་དངངས་སྐྲག་ཅུང་ཟད་ཅིག་ཀྱང་སྐྱེས་བྱུང་། ཡིན་ནའང་། ཁོང་ཚོས་དངོས་མེད་ཀྱི་ཚོང་ཟེར་བ་དེ་དངོས་པོ་མ་ཡིན་པའི་ཚོང་ཟེར་བ་ལས་གཞན་མིན་ཚུལ་བཤད། ཟ་མ་ཟོས་ཚར་རྗེས་ང་ཚོ་ཕར་ཁ་རུ་གཅིག་འགྲོ་དང་དོན་དག་ཅིག་འདུག་ཟེར། ང་ཚོ་འཁོར་གསུམ་ཞིག་གི་ནང་ནས་ཡུན་རིང་ཙམ་སོང་རྗེས་ཁང་པ་རྙིང་པ་ཐོག་བརྩེགས་འགའ་ཡོད་ས་ཞིག་ཏུ་སླེབས་སོང་། དེ་ནས་ང་ཚོ་སྟེང་དུ་འགྲོ་ཞེས་སྟེང་དུ་ཁྲིད་སོང་། ཐོགས་བརྩེགས་བཞི་པ་ན་ཇ་ཁང་རྙིང་བ་ཞིག་འདུག དེ་རུ་ཁྲི་ཏུའི་བོད་མིའི་ཁྲོམ་ནས་རིག་མྱོང་བའི་བོད་མི་མང་པོ་འདུག་ཅིང་། དེ་ལས་ཀྱང་མིག་འདྲིས་ཆེ་བའི་བན་རྒན་ཞིག་ཡོད་པ་ནི་ཁོང་ཚོས་མཁན་པོ་ཞིག་ཡིན་པར་བཤད། ད་དུང་སྐྲ་ལོ་བྲེག་མ་ཐག་ཡིན་རུང་། གདོང་མདོག་འགྱུར་ཙམ་ཡང་བྱས་མེད་པའི་འབྲོག་པ་མང་པོ་ཞིག་ཀྱང་འདུག ངའི་གྲོགས་པོ་པད་མིང་ཅན་མི་སུ་ལ་ཐུག་རུང་། ང་བསྟན་ཏེ་མི་འདི་ངས་བོས་པ་རེད། མི་འདི་ངས་བོས་པ་རེད་ཅེས་དཔའ་གཏམ་མམ་གཟི་བརྗིད་ཀྱི་ངང་ཡང་དང་ཡང་དུ་བཤད་པས་ང་རང་དོགས་ཤིན་ཏུ་མི་བདེ་བ་ཞིག་ཏུ་བསྒྱུར། དེ་ནས་ང་ཕ་ཡུལ་ཡུལ་ཤུལ་ནས་ཡིན་ཟེར་བའི་བུད་མེད་ཁ་བདེ་མ་ཞིག་གི་དྲུང་དུ་ཁྲིད་སོང་། མོས་བཤད་ན་ང་ཚོ་འདིར་འཛོམས་པ་ནི་ཚེ་སྔོན་ལས་ཀྱི་བསྐོས་ཐང་ཡིན་ཚུལ་སོགས་མང་པོ་བཤད་རྗེས། ཚོང་ལས་འདི་དང་ཐོག་ཨ་རུར་དར་བས། ཨ་རུ་དར་རྒྱས་ཀྱི་རྩེར་སོན་པ་བྱུང་ཡོད་ལ། དེ་ནས་སིང་གྷ་ཕོར་དར་ལ། རྒྱལ་ཁབ་དེའང་འཕེལ་རྒྱས་ཆེན་པོ་སོང་འཕྲལ་རྒྱ་ནག་གི་མིག་རྒྱང་རིང་བའི་འགོ་ཁྲིད་དང་ཚོང་བ་མང་པོས་རང་རྒྱལ་གྱི་འཕེལ་རྒྱས་ལ་བསམ་ནས་ནང་འདྲེན་བྱས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱིས་རང་གི་ཚོང་ལས་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་སྤྱི་གཉེར་ཁང་གི་མིང་གང་ཡང་མ་བཏགས་པར་མངོན་ཆུང་གིས་རྒྱབ་སྐྱོར་བྱེད་བཞིན་པའི་ཚོང་ལས་ཐུན་མོང་མ་ཡིན་པ་ཞིག་ཡིན་རབས་ཟེར།
ཁོང་ཚོས་ཚོང་ལས་འདིར་རིམ་པ་ལྔར་དབྱེ་ཆོག་སྟེ། ཚོགས་མི་དང་། ཁྱབ་གདལ་བ། སྦྱོང་བརྡར་བ། ལས་ཚབ་པ། ཚབ་འཚོང་བ་བཅས་ཡོད། དེ་ནི་མི་སོ་སོའི་ལས་ཆོད་ཀྱི་ཚད་ལ་འཇལ་ནས་རིམ་པ་འོག་མ་ནས་རིམ་པ་གོང་མར་འཕར་བ་ཞིག་ཡིན། འདིར་ཚོགས་ཞུགས་བྱ་བར་དམངས་སྒོར་༣༨༠༠འམ་༣༨༠༠༠༠ཀྱི་ཞུགས་ཡོན་སྤྲོད་དགོས་རུང་། ང་ཚོས་ཁྱོད་ལ་ནུབ་ལྭ་ཆ་ཚང་ཞིག་དང་ངོ་སྣུམ་སྤུས་བཟང་ཞིག ད་དུང་ནུ་ཤུབས་ཤིག་བཅས་རྩིས་མེད་དུ་སྟེར། གལ་ཏེ་ཁྱོད་ཀྱིས་ཞུགས་ཡོན་དུ་དམངས་སྒོར་༣༨༠༠ཕུལ་ན། ནམ་ཞིག་རིམ་པ་ཆེས་མཐོ་ཤོས་ཏེ་ཚབ་འཚོང་བར་གྱུར་བའི་སྐབས་སུ་དམངས་སྒོར་ཁྲི་༣༥ཐོབ་ཐུབ་ཀྱི་ཡོད་ལ། གལ་ཏེ་ཁྱོད་ཀྱིས་ཞུགས་ཡོན་དུ་དམངས་སྒོར་༣༨༠༠༠ཕུལ་ན། ནམ་ཞིག་རིམ་པ་ཆེས་མཐོ་ཤོས་སུ་སླེབས་ཚེ་དམངས་སྒོར་ཁྲི་༣༥༠ཐོབ་ཐུབ་ཀྱི་ཡོད། རིམ་པ་མཐོ་ཤོས་སུ་འཕར་ཐབས་ནི་འོག་མི་སྤེལ་ཚད་ལ་རག་ལས་ཡོད་ཅིང་། གལ་ཏེ་ཁྱེད་ཀྱིས་འོག་མི་གཅིག་སྤེལ་ཐུབ་སོང་ན་ཁྱེད་རང་ཚོགས་མི་རུ་གྱུར་བ་ཡིན་ཅིང་། ཚོགས་མི་རེའི་མི་གཅིག་སྤེལ་བའི་གླ་ཆ་ནི་དང་པོའི་ཞུགས་ཡོན་དུ་སྤྲོད་པའི་དམངས་སྒོར་ཀྱི་བརྒྱ་ཆ༡༥ཡིན། མི་ངོ་༣ནས་༩་སྤེལ་ཐུབ་ན། ཁྱབ་གདལ་བར་གྱུར་བ་ཡིན་ལ། དེའི་གླ་ཆ་ནི་ཞུགས་ཡོན་གྱི་བརྒྱ་ཆ༢༠ཡིན། མི་ངོ་༡༠ནས་༦༤སྤེལ་ཐུབ་ན་སྦྱོང་བརྡར་བར་གྱུར་བ་ཡིན། དེའི་གླ་ཆ་ནི་ཞུགས་ཡོན་གྱི་བརྒྱ་ཆ༣༠ཡིན། མི་ངོ་༦༥ནས་༣༩༡ སྤེལ་ཐུབ་ཚེ་ལས་ཚབ་པར་གྱུར་བ་ཡིན། དེའི་གླ་ཆ་ནི་ཞུགས་ཡོན་བརྒྱ་ཆ༤༢ཡིན། མི་ངོ་༣༩༢ཡན་སྤེལ་ཐུབ་ཚེ་ཚབ་འཚོང་བར་འགྱུར་ཅིང་། དེའི་གླ་ཆ་ནི་ཞུགས་ཡོན་གྱི་བརྒྱ་ཆ༥༢ཡིན། མགྱོགས་ན་ཟླ་བ་ཁ་ཤས་དང་འགོར་ན་ལོ་ངོ་ལྔ་ཚུན་དུ་ཆེས་མཐོའི་རིམ་པར་སླེབས་ཐུབ་ཀྱིན་ཡོད་ལ། དེའི་ཚེ་རང་གིས་གྲོང་ཁྱེར་རེ་ནས་ཁང་པ་རེ་དང་། ས་ཁུག་རེ་ནས་རླངས་འཁོར་རེ་ཉོ་ཆོག་པ་ཡིན་ཟེར།
འདི་ལྟར་བཤད་ཡོང་ཚེ་ངས་ད་གཟོད་ང་རང་མགོ་སྐོར་འོག་ཏུ་ཚུད་སོང་བ་ཡོངས་སུ་རྟོགས་ལ། སྔོན་ཆད་ནས་བརྒྱུད་འཚོང་ཟེར་བའི་འདུ་ཤེས་ཀྱི་ཉལ་ཐ་ཚབས་ཆེན་ཞིག་ཡོད་པ་ཐོས་མྱོང་བས། ཁོང་ཚོར་འདི་དེ་འདྲའི་སྒོར་མོ་ལོན་བྱེད་ཅིག་ཡིན་ན། ཁྱེད་ཚོས་འཚོ་སྡོད་ཀྱི་གནས་བབ་འདི་འདྲའི་ཐབས་རྡུགས་དོན་ཅི་ཡིན་ནམ་ཞེས་དྲིས་ཚེ། ཁོང་ཚོས་ཀང་ཤིས་ལེ་པིན་ཟེར་བའི་ས་ཆ་འདི་དབུལ་གྲོང་ཡིན་དྲག་པས་རྒྱལ་ཁབ་ཀྱིས་ཆེད་དུ་དབུལ་སྐྱོར་གྱི་དམིགས་འབེན་འགྲུབ་སླད་དུ་བཙུགས་པ་ཡིན་ལ། ང་ཚོར་ད་ནས་སྤྱི་ཚོགས་ལ་འགན་འཁུར་བའི་འདུ་ཤེས་སྐྱེད་སྲིང་བྱེད་པའི་ཆེད་དུའང་ཡིན་ཟེར། ཁོང་ཚོས་ད་དུང་འདི་ནི་དེང་སང་བོད་ཁུལ་ན་ཡོད་པའི་དམིགས་བསལ་གྱི་ཁྲིམས་ལུགས་ཏེ་དཔེར་ན་ཞིང་བསྐྱུར་སྡོང་འཛུགས་དང་། ཕྱུགས་སྐྱུར་སྡོང་འཛུགས་སོགས་ཀྱི་ཁྲིམས་ལུགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ། དོན་དུ་ས་གནས་དེ་གའི་འཕེལ་རྒྱས་ཀྱི་སླད་དུ་ཡིན། འདིར་དགོན་པ་ཆེན་པོའི་སྤྲུལ་སྐུ་དང་མཁན་པོ་ཐོན་ཡོད་ལ། སློབ་གྲྭ་ཆེན་མོའི་སློབ་དཔོན་དང་སློབ་མ་ཐོན་ཡོད། རྒྱལ་ཁབ་ཀྱི་ལས་བྱེད་པ་ཐོན་ཡོད་ལ། སྤྱི་ཚོགས་ཀྱི་ཆེད་མཁས་བའང་ཐོན་ཡོད། དེའི་མ་ཚད་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཁོང་ཚོར་ཁྱེད་ཚོའི་ཚོང་ལས་འདི་ནི་གཅིག་ན་སངས་རྒྱས་ཀྱི་ཆོས་དང་འགལ་མེད་ལ། གཉིས་ན་རྒྱལ་ཁབ་ཀྱི་ཁྲིམས་དང་ཡང་འགལ་མེད་པས། སྒོར་མོ་ལོན་མིན་དེ་རང་ཉིད་ཀྱི་དོན་ཞིག་རེད། ལས་རིགས་འདི་ནི་མི་ལེགས་པ་ཞིག་གཏན་ནས་རེད་ཅེས་གསུངས་མྱོང་བ་མ་ཟད། གོང་ས་སྐྱབས་མགོན་ཚང་གིས་ཀྱང་འདི་འདྲའི་བྱ་བ་དེ་བོད་ལ་ཧ་ཅང་མཐོང་ཆེན་བྱས་པའི་ལས་ཀ་བཟང་པོ་ཞིག་ཡིན་ཅེས་གསུང་འདུག་སོགས་མང་བཤད་སོང་། ཡིན་ནའང་། ཁོང་ཚོས་ཉམས་འགྱུར་དང་སྐད་ཆ་གང་ལ་བལྟས་ནའང་། མགོ་སྐོར་མགོ་གཡོག་གི་བྱ་བ་ཞིག་ཡིན་པ་གསལ་བོར་འདུག་པས། ང་རང་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་འཁྲུགས་པས། པད་མིང་ཅན་ལ་ཁྱོད་ཀྱིས་ངའི་མགོ་སྐོར་དགོས་དོན་ཅི་ཡིན། ཁྱོད་ནི་མྱི་མ་རེད་ཁྱི་རེད། ཁྱོད་ཀྱིས་རང་ལ་ཡིད་ཆེས་ཤིང་བློ་གཏོད་པའི་བོད་མི་འདི་འདྲའི་མང་པོ་ཞིག་གི་མགོ་བསྐོར་ནས། ཁྱོད་ལ་རྒྱུ་འབྲས་ཟེར་བ་ཞིག་གཏན་ནས་མེད་དམ་ཞེས་བསྡིགས་ཚེ། ཁོང་ཚོས་ཁྱོད་ཀྱིས་ད་དུང་ཧ་མ་གོ་བ་རེད། ད་རུང་ཉིན་ཁ་ཤས་སུ་སྡོད་དང་ཧ་ཞིག་གོ་རྒྱུ་ཡོད་ཅེས་བཤད་སྐབས། ང་ལ་འཇིགས་སྐུལ་བྱེད་ཀྱིན་པའི་ཉམས་སྣང་དྲག་པོ་ཞིག་སྐྱེས་པས། ལམ་སང་ཡར་ལངས་ཏེ་འགྲོ་གྲབ་བྱས། པད་མིང་ཅན་སོགས་མྱུར་མོར་ངའི་གདོང་དུ་བུད་ནས་སྤུན་གྲོགས་དེ་འདྲ་མ་བྱེད། ཨེན་ཙམ་སྡོད་དང་ང་ཚོས་ཁ་བརྡ་བྱ་ཞེས་ཡང་ཡང་བཤད། ཕར་བལྟས་ན་ཤིན་ཏུ་འཇམ་པོ་ཡིན་རུང་། དོན་དུ་ངའི་སྒོ་བཀག་ནས་འགྲོ་རུ་མི་འཇུག་པའི་བཟོ་ལྟ་གསལ་བོར་འདུག་པས། ང་རང་ལྷག་པར་ཏུ་འཚིག་པ་ཟོས་ནས། ང་སྒོར་མོ་མི་དགོས་ས་ཞིག་མིན་ཡང་བྱ་ངན་འདི་འདྲ་བྱས་ཏེ་སྒོར་མོ་དུང་ཕྱུར་ཐོབ་རྒྱུ་བྱུང་རུང་བསྒྲུབ་ན་རྒྱལ་བ་སྲས་བཅས་དཔང་ལ་འཇོག བདག་ལ་སྒོར་མོ་མེད་པར་མུ་གེ་འཆི་དགོས་རུང་རྡོ་རྗེ་སྤུན་མཆེད་ཞིག་ཕར་ཞོག་ངོ་མི་ཤེས་པ་ཞིག་ལའང་མགོ་སྐོར་དང་གཡོ་སྒྱུ་ཞིག་བྱེད་ན་ས་ཆེན་པོའི་སྟེང་གི་སྐུ་དང་དགོན་སྡེ་རྣམས་དཔངས་ལ་འཇོག ངས་བལྟས་ན་དེ་ལས་ཁྱོད་ཚོས་མི་གཙང་བ་ཟོས་ན་ཡག་པོ་རེད། ཁྱོད་ཚོའི་བྱ་བ་ལ་ང་སྐྱུག་ལོག་གི་སོགས་མང་པོ་བཤད་རྗེས། ང་རང་ཡུད་ཙམ་ཡང་སྡོད་མ་ཕོད་པར་ལམ་སང་མེ་འཁོར་འབབ་ཚིགས་ནས་འཛིན་བྱང་ཉོས་ཏེ་ཕྱིར་ལོག་པ་ཡིན། ཁྲིན་ཏུར་སླེབས་མ་ཐག་པད་མིང་ཅན་ལ་ཕྱིར་ཁ་པར་ཐེངས་གཅིག་བརྒྱབས་ཚེ། ཁོས་ང་ལ་ཁྱོད་ནི་ཅི་འདྲའི་མྱི་གློ་མེད་ཅིག་རེད་ཨང་ཟེར།ངས་ཁོ་ལ་ཁྱོད་ནི་ཅི་འདྲའི་ཁྱི་བློ་གཏོད་མི་རུང་ས་ཞིག་རེད་ཨང་ཞེས་བཤད། ཁོས་བཤད་རྒྱུ་གཞན་མ་རྙེད་པར། ཁྱོད་ཀྱིས་ལྟོས་སྡོད་དང་། ལོ་ཁ་ཤས་ལ་ལྟོས་སྡོད་དང་ཧ་ཞིག་གོ་རྒྱུ་ཡོད་ཟེར།
ཕ་ཡུལ་གཅིག་པའི་སྤྲུལ་སྐུ་རྨད་བྱུང་མཐའ་ཡས་ལགས་ཀྱིས་དམངས་སྒོར་ཁྲི་གསུམ་བསྩལ་ཏེ་རིམས་ནད་འདི་རིགས་སྔོན་འགོག་གི་བྱ་འགུལ་སྤེལ་བར་བསྐུར་ངོར། ཁོ་བོས་ལག་དེབ་དང་ཁྱབ་སྒྲོག་ཤོག་བྱང་། གླུ་དང་གཏམ་དཔེ་སོགས་ཀྱི་བརྙན་སྡེར་བསྒྲིགས་པ་སོགས་ཁས་བླངས་བ་བཞིན། ད་ཐེངས་མང་ཚོགས་ཀྱི་འཕྲོད་བསྟེན་འདུ་ཤེས་གོང་མཐོར་གཏོང་ཆེད་དུ་གཏམ་དཔེ་འདི་དག་བཙན་བསྒྲིགས་བྱས་པ་ཡིན་པས་གྲོགས་པོ་ཚོས་སློབ་སྟོན་དང་ཁ་སྣོན་གནང་བར་ཞུ་ཞུ།
དོམ་བུ་ལོན་མེད་ན་ཕྱུག་པོ་ཡིན། ། ནད་ཨ་ཙི་མེད་ན་སྐྱིད་པོ་ཡིན། །
ལུས་བདག་གཅེས་ཤེས་ན་མཛེས་མ་ཡིན། ། སེམས་བདག་གཅེས་ཤེས་ན་མཁས་པ་ཡིན། །
གདོང་སྐྱི་ལྤགས་གཙང་ན་གཙང་མ་མིན། ། ལུས་རིམས་ནད་མེད་ན་གཙང་མ་ཡིན། །
རྒྱ་གྲོང་འགྲིམ་ན་ནད་ལ་གཟབ་དགོས། ། འབྲོག་རུ་བརྒྱུད་ན་ཁྱི་ལ་གཟབ་དགོས། །
རི་གཟར་རྦབ་རྒོད་བྱུང་ན་གཟུར་ས་ཡོད་རུང་། ། ཨ་ཙི་ནད་ངན་འགོས་ན་གཡོལ་ས་མེད། །
མཚན་གློག་དམར་བུ་མོ་གདོང་མཚར་མ། ། ལུས་ཕྱེད་ཀ་ཡག་རུང་ཕྱེད་ཀ་བཙོག །
གྲོགས་འདང་བརྩེ་ཅན་པོ་སྙིང་གིས་གཅེས་དགོས་རུང་། ། ནད་འགོས་ནད་ཅན་པོར་ལུས་ཀྱིས་བཀྱེད་དགོས། །
ངན་པར་མི་བྱུང་དགུ་བྱུང་། ། ཨ་ཙིར་མི་ན་དགུ་ན། །
མཆན། ཨ་ཙི་ཟེར་བ་ནི་དབྱིན་སྐད་དུ་AIDSའབོད་པ་དང་རྒྱ་སྐད་དུ་艾滋病ཟེར་བའི་སྒྲ་བསྒྱུར་ཨའེ་ཙི་འབོད་པ་དང་དོན་གཅིག་ཡིན་ལ། ཨ་ཙི་ཞེས་བོས་ན་ཧ་ལས་པ་དང་འཇིགས་ཡེར་བའི་ཆའང་ལྡན་པས་ཁྱབ་སྒྲོག་བདེ་བའི་ཆེད་དུ་འདིར་དེ་ཡིས་འཐུས་པར་བྱས་པའོ། །
༄༅། ། བརྒྱུད་འཚོང་ངམ་དཔལ་འབྱོར་ཆོས་ལོག་གི་ཉེས་སྐྱོན་བཤད་པ་
ལུག་རྫི་རྒད་པོའི་ཀི་རིང་ཞེས་བྱ་བ།
གླེང་གཞི།
དེང་དུས་མདོ་དབུས་ཁམས་གསུམ་གྱི་བོད་མི་མང་པོ་ཞིག་རྒྱ་ནག་ཏུ་དར་བའི་ནག་ཚོགས་ཀྱི་བཙན་འོག་དང་ཁྲམ་པའི་གཡོ་འོག་ཏུ་ཚུད་དེ་བརྒྱུད་འཚོང་ཞེས་པའམ་མི་འབྲེལ་དྲ་བའི་ནང་ཞུགས་ཤིང་། གདོད་མ་ཉིད་ནས་བོད་མིའི་རང་གཤིས་སུ་གྲགས་པའི་ཡིད་གཅུགས་དང་བློས་ཐུབ། གཞུང་དྲང་དང་བརྟན་ཅིང་བསྒམ་པ། གློ་ཡོད་པ་དང་ཁ་ཁོག་མེད་པ་སོགས་ཀུན་སྤྱོད་བཟང་པོ་དག་རྡོག་པས་བརྫིས་ཏེ་རང་གི་ཕ་མ་དང་གཉེན་ཉེ། དགེ་སློབ་དང་མཛའ་བཤེས། ཆུང་འདྲིས་དང་དགའ་རོགས་སོགས་རེ་རེ་ནས་བསླུ་བྲིད་བྱས་ཤིང་། ཕྱུག་པོའི་ནོར་རྫས་བསླུས། སྐྱིད་པོའི་བཟའ་ཚང་གཏོར། མཛའ་བའི་འདང་བརྩེ་བཅད། བདེ་མོའི་ལུས་ཁམས་དཀྲུགས་ཏེ་མཐར་སྒོར་ངོ་ལས་མི་ངོ་མི་འཚོ། དགྲ་ངོ་ལས་གྲོགས་ངོ་མི་གཅེས་པ་ཞིག་ཏུ་འགྱུར་བཞིན་འདུག་ཅེས་མཁས་དབང་མང་པོའི་ངག་ན་ཆོས་སྐད་བཞིན་དུ་ཐ་ལ་ལ། གླུ་དབྱངས་བཞིན་དུ་གྱུ་རུ་རུ་མཛད་བཞིན་ཡོད་ལ། སྤྱི་ལོ་༡༩༩༨ལོའི་ཟླ་༤པའི་ཚེས་༡༨ཉིན་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<ཕྱོགས་ཡོངས་ནས་བརྒྱུད་འཚོང་ལས་ཀ་བཀག་སྡོམ་བྱེད་པའི་བརྡ་ཐོ>ཞེས་པ་སྤེལ་ཏེ་བརྒྱུད་འཚོང་བྱ་བ་ནི་ཁྲིམས་འགལ་ཡིན་པས་ཉིན་དེ་ནས་བཟུང་སྔོན་གྱི་<བརྒྱུད་འཚོང་དོ་དམ་བྱེད་ཐབས>ཞེས་པ་ཡོངས་སུ་དོར་ཅིང་རྩིས་མེད་བྱེད་པའི་ཁྲིམས་ཡིག་བཏོན་ཡོད་པ་མ་ཟད། སྤྱི་ལོ༢༠༠༥ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡང་བསྐྱར་<བརྒྱུད་འཚོང་བཀག་སྡོམ་ཁྲིམས་ཡིག་>ཅེས་པ་གཏན་འབེབས་བྱས་ཏེ་བརྒྱུད་འཚོང་ལས་རིགས་ནང་ཞུགས་པའི་མི་སྣ་དག་ནི་རྒྱལ་ཁབ་ཀྱི་ཉེས་དོན་ཁྲིམས་འགལ་བ་ཡིན་པར་གཏན་འཁེལ་བྱས་ཡོད། དེས་ན་ངས་ཀྱང་འདིའི་ཐད་དུ་ངན་སྐྱོན་ཐེར་འདོན་བྱེད་པའི་སྐད་ཆ་འགའ་སྤེལ་ཁུལ་བགྱིས་པ་འདིར་མ་རྟོགས་དང་ལོག་རྟོགས། ཕྱོགས་སོགས་ཀྱི་ནོར་འཁྲུལ་དང་ཁ་མ་གསལ་བ་སོགས་སྐྱོན་མང་པོ་ཞིག་ཡོད་ངེས་ན་འདིར་མཁས་མང་ཉི་ཟླ་བཞད་པའི་སྤྱན་སྔ་རུ་འཆགས་སུ་གསོལ་ལོ། །
དང་པོ། བརྒྱུད་འཚོང་ཞེས་འདོགས་དོན་ཅི་ཡིན་ཞེ་ན།
བརྒྱུད་འཚོང་ཞེས་འདོགས་དོན་ནི་ཁོང་ཚོས་རང་གི་ལ་རྒྱ་དང་དད་པ། ཁ་ཕོ་དང་ཡིད་ཆེས། མཛའ་བཤེས་དང་གཉེན་ཚན་གྱི་དུང་བ་སོགས་ཀྱིས་གཅིག་ལ་གཅིག་བརྒྱུད་ཀྱིས་ཕན་ཚུན་བསླུ་ཞིང་འཚོང་བར་བྱེད་པ་བརྒྱུད་གཞན་ཕྱོགས་ནས་སྒོར་མོ་ལོན་ཐབས་འབའ་ཞིག་ལ་བརྩོན་བཞིན་ཡོད་པས་ཡིན་ལ། བརྒྱུད་འཚོང་ལས་རིགས་ཁ་ཤས་ཀྱི་ནང་དུ་བརྒྱུད་འཚོང་གི་གཡོ་རྫུ་འགེབས་སྲུང་བྱེད་པའི་ཆེད་དུ་ཅ་དངོས་རྫུན་པ་རེ་ལ་ཚད་ལས་བརྒལ་བའི་གོང་ཚད་བརྒྱབས་ཤིང་དེ་བཙན་གྱི་ཉོ་རུ་འཇུག་པ་སོགས་ཀྱི་ལག་ཐབས་སྤྱོད་ཀྱིན་ཡོད་པས་ཀྱང་ཡིན། བརྒྱུད་འཚོང་ཞེས་པ་དེར་སྲོལ་རྒྱུན་དུ་རྒྱ་ཡིག་གིས་ཁྲན་ཤོའུ་(传销)ཟེར་ཅིང་། བརྒྱུད་ནས་འཚོང་བའི་དོན་ཡིན་ལ། དབྱིན་ཡིག་གིས་སྒྲི་རེ་ཁི་ཐྲི་སེ་ལེངས(Direct selling)འབོད་ཅིང་། དེ་ནི་ཐད་འཚོང་ཟེར་བའི་དོན་ཡིན། དེང་སང་ཁྲན་ཤོའུ་ཟེར་བ་དེ་འཕྲིན་ལམ་མང་པོ་ནས་བཀག་སྡོམ་བྱ་དགོས་པའི་ཁྱབ་བསྒྲགས་ཤུགས་ཆེར་བྱས་བས། ཁོང་ཚོས་མི་འབྲེལ་ཚོང་ར་དང་། ཡིད་ཆེས་ཀྱི་ཚོང་ར་གཏོར་གཟུགས་མ། དུས་རབས་གསར་བའི་ཚོང་ར། ཚོང་ལས་ཕུང་སུམ་པ་སོགས་འབོད་ཀྱིན་ཡོད།
གཉིས་པ། བརྒྱུད་འཚོང་ཟེར་བ་དེ་ཅི་འདྲ་ཞིག་ཡིན་ཞེ་ན།
བརྒྱུད་འཚོང་ཞེས་པ་ནི་ཚོགས་པའམ་མི་སྒེར་གང་རུང་གིས་ཚོགས་མི་འཕར་སྣོད་བྱེད་པའི་གྲངས་ཀ་དང་ལས་ཆོད་ལ་བརྟེན་ནས་གླ་ཆ་སྤྲོད་པའམ། ཚོགས་ཞུགས་མི་སྣ་ཚོར་ཞུགས་ཡོན་བསྡུ་བའི་ཁྲིམས་མཐུན་མིན་པའི་ཁེ་དཔོག་གཉེར་བ། དཔལ་འབྱོར་གྱི་སྒྲིག་གཞི་གཏོར་བ། སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པ་སྐྱེལ་བ་སོགས་ཀྱི་བྱ་སྤྱོད་ཅིག་ཡིན་ཞེས་སྲིད་གཞུང་གི་བརྒྱུད་འཚོང་བཀག་སྡོམ་བྱེད་པའི་ཁྲིམས་ཡིག་ཏུ་བརྗོད་ཡོད།
གསུམ་པ། བརྒྱུད་འཚོང་གི་གཡོ་འཚོང་གོ་རིམ་དེ་ཅི་འདྲ་ཞིག་ཡིན་ཞེ་ན།
སྤྱིར་བརྒྱུད་འཚོང་གཡོ་ཐབས་ལ་རིགས་མི་འདྲ་བ་མང་པོ་ཡོད་ལ། མིང་ཡང་མི་གཅིག་པ་དུ་མ་ཞིག་མཆིས་ཀྱང་། ཁོང་ཚོའི་གཡོ་འཚོང་གི་གོ་རིམ་ནི་ཕལ་ཆེར་གཅིག་མཚུངས་ཡིན་ལ་ངོ་བོ་དང་དམིགས་ཡུལ་ཡང་གཅིག་པ་གཅིག་རྐྱང་ཡིན་པ་གཤམ་གསལ་ལྟར་རོ། །
རིམ་པ་དང་པོ། བརྒྱུད་འཚོང་བས་ཐོག་མར་རང་གི་ཕ་མ་དང་གཉེན་ཉེ། དགེ་སློབ་དང་མཛའ་བཤེས། ཆུང་འདྲིས་དང་དགའ་རོགས་སོགས་ལ་རེ་རེ་ནས་ཞིབ་བཤེར་བྱས་ཤིང་། དེ་དག་ལས་སུ་ཞིག་ལ་རྒྱུ་ཡོད་པ་དང་། གང་ཞིག་ལ་མི་འབྲེལ་བཟང་བ་སོགས་བརྟག་དཔྱད་བྱས་རྗེས། དེ་དག་གི་མི་གཞི་དང་རང་གཤིས་ལ་དབྱེ་ཞིབ་བྱས་ཤིང་། དེ་ཚོའི་འདོད་བློ་དང་མཐུན་པའི་བཅོས་མའི་ལས་གནས་རེ་ཡོད་པའི་རྫུན་གཏམ་བསྒྲིག་སྲིད།
རིམ་པ་གཉིས་པ། བརྒྱུད་འཚོང་བས་བཅོས་མའི་ལས་གནས་གང་ཞིག་ནི་རྙེད་དཀའ་བ་དལ་འབྱོར་གྱི་མི་ལུས་ལྟ་བུ་ཞིག་ཡིན་རུང་། ཐོབ་སོང་ན་ས་བཅུ་ཡི་སངས་རྒྱས་ལྟ་བུ་ཞིག་ཡིན་ཚུལ་སོགས་བརྗོད་ཅིང་རྒྱུ་ལ་དགའ་བ་རྣམས་རྒྱུ་ཡིས་བསླུ། དབང་ལ་སྤྲོ་བ་རྣམས་དབང་གིས་བསླུ། རང་དབང་ལ་མོས་པ་རྣམས་རང་དབང་གིས་བསླུ། བརྩེ་དུང་ལ་ཞེན་པ་རྣམས་བརྩེ་དུང་གིས་བསླུ། བག་ཡངས་ལ་དུང་བ་རྣམས་བག་ཡངས་ཀྱིས་བསླུ་བའི་གཡོ་ཐབས་སྣ་ཚོགས་པ་སྤྱད་དེ་ཁྱེད་རང་རྒྱ་ཡུལ་གང་ཞིག་གི་མེ་འཁོར་རམ་རླངས་འཁོར་ས་ཚིགས་སུ་བྲིད་ནས་ཁྲིད་འགྲོ་ཞིང་། དེ་རུ་སླེབས་ཚེ་ཁ་ཡག་ལ་བསྒྱུར་རུང་། མགོ་ཡོག་ཏུ་བཅུག་ཐབས་ཀྱིས་ཁྱེད་ཀྱི་ཐོབ་དཔང་དང་ཁ་པར། དངུལ་སྒོར་སོགས་རེ་རེ་ནས་གཉོམ་པོའི་ངག་གིས་སེམས་ཞ་ཡི་བཅུག འཇམ་པོའི་ལག་པས་ལུས་ཞ་ཡི་བཅུག་ནས་ཁྱེར་འགྲོ།
རིམ་པ་གསུམ་པ། བརྒྱུད་འཚོང་བས་དྲ་བ་དང་ཚགས་པར་བརྙན་འཕྲིན་སོགས་ཀྱི་སྒོ་ཡོངས་སུ་བཀག་ཅིང་། མི་མང་ཚོགས་པའི་དབུས་ནས་སློབ་གྲྭ་གང་ཞིག་གི་སློབ་དཔོན་ཆེན་མོ་ཞིག་གམ་ཚོང་ལས་དེའི་ཚད་ག་གེ་མོར་སླེབས་པའི་རྒྱལ་ཁ་བ་གང་ཞིག་ཡིན་པར་བཤད་པའི་མི་སྣ་རེ་ཟུང་གིས་ཚོད་ཚོད་ལ་རང་ཉིད་བདེ་མདོག་སྐྱིད་མདོག་གི་གནས་ཚུལ་འུད་ཀྱིས་སྒྲོག་པ་དང་གཞན་དག་གིས་ཀྱང་གསར་ཞུགས་པ་ཚོའི་མགོ་སྐོར་གཏོང་བའི་ཆེད་དུ། དེ་དེ་བཞིན་ནོ། དེ་དེ་བཞིན་ནོ་ཞེས་ལེགས་པར་མངོན་པར་བསྟད་པའི་ཚུལ་གྱིས་མི་མང་པོའི་དུས་གཅིག་ཏུ་སྐད་ཤུགས་མཐོན་པོས་སྒྲོག་པར་བྱས་ཏེ་ཡོད་ཚད་ཀྱི་མགོ་འཐོབ་པར་བྱེད་ཀྱི་ཡོད།
རིམ་པ་བཞི་པ། སློབ་དཔོན་དུ་འབོད་པ་གང་དེས་ཚོགས་ཐོག་ནས་སྐད་ཆ་བཤད་རྗེས། ཚོགས་ཆུང་ངམ་སྡོད་ཁང་གཅིག་པ་ཚོས་ཕན་ཚུན་བར་རྩ་འཛུགས་ཡོད་པ་དང་དམིགས་ཡུལ་ཡོད་པ། ཞིབ་ཚགས་ཀྱི་འཆར་གཞི་ཡོད་པ་བཅས་ཀྱི་སྒོས། ད་ནི་རྩ་བའི་བླ་མ་གང་གི་བྱིན་རླབས་སམ་མཁན་ཆེན་གང་ཞིག་གི་ཐུགས་རྗེ་ཡིས་ང་ཚོར་གོ་སྐབས་བཟང་པོ་ཞིག་ཐོབ་སོང་ཞེས་ཕན་ཚུན་དགའ་མགུའི་རྣམ་པས་སྐད་ཆ་མང་པོ་ཤོད་སྲིད་ཅིང་། གལ་ཏེ་ཁྱེད་རང་གོ་སྐབས་དེར་སོམ་ཉི་བྱས་ཡོད་པའི་སྣང་ཚུལ་མཐོང་དུས་ཕྱོགས་ཡོངས་ནས་མི་འདྲ་མིན་སྣ་ཚོགས་ཀྱིས་ཁྱེད་ལ་གཉོམ་པོས་གོ་སྐབས་བསྒུགས་ནས་འདུག བླུན་པོས་གོ་སྐབས་འདོར་ནས་འགྲོ། མཁས་པས་གོ་སྐབས་དམ་དུ་འཛིན། བཙན་པོས་གོ་སྐབས་བསྐྲུན་ཅིང་འཇུག ཁྱེད་རང་མཁས་པ་ཞིག་ཡིན་ན། གོ་སྐབས་འདི་གོ་སྐབས་སུ་གོ་ལ། གོ་སྐབས་ལ་གདམས་གསེས་བྱེད་ཤེས། གོ་སྐབས་འདེམས་མ་ཤེས་ན་ངལ་བ་ཡོད་ཚད་འབྲས་མེད་དུ་འགྱུར་བའི་ཉེན་ཁ་ཡོད་པས། ཡང་དག་པའི་གདམས་གསེས་ནི་གོ་སྐབས་གང་རུང་ཞིག་ལས་གལ་ཆེ་བ་ཡོད་ཅེས་པ་སོགས་བལྟས་ན་མཛེས་བར་སྣང་བ། ཉན་ན་བདེན་པར་འདྲ་བ་མང་པོ་བཤད་རྒྱུ་ཡོད་པས་ངེས་པར་ཏུ་རང་ཚུགས་བརྟན་པོས་ངང་ཞག་གཅིག་ནས་ཕྱུག་པོར་འགྱུར་འདོད་ཀྱི་མ་གཉིད་པའི་རྨི་ལམ་ལ་མི་འཇུག་པ་ཤིན་ཏུ་ནས་གལ་ཆེ།
རིམ་པ་ལྔ་བ། བརྒྱུད་འཚོང་བས་ཁྱེད་ལ་སྤྲོ་སེམས་འཁོལ་བའི་རྣམ་པས་བསུ་མ་བྱེད་པ་དང་ཅ་ལག་འཁུར་རོགས་བྱེད་པ། མི་སུ་ཡིན་རུང་ཁྱེད་ལ་བརྩི་བཀུར་བྱེད་བཟོ་སྟོན་པ། ཡར་འགྲོ་མར་འགྲོ་ཚང་མས་ཕན་ཚུན་བར་འཚམས་འདྲི་དང་ལག་འཇུ་བྱེད་པ། ཁྱེད་ལ་ཁ་ལག་བཀྲུ་བའི་ཆུ་ལྡུག་རོགས་དང་། རྐང་པ་བཀྲུ་རོགས། གོས་བཀྲུ་རོགས། ཕ་མ་ལ་ཁ་པར་གཏོང་རོགས་དང་། གལ་ཏེ་ཕ་མ་དྲན་པ་དང་ཕ་མར་ན་ཚ་བྱུང་བ་སོགས་ཡིན་ན་སྙིང་ཐག་པའི་ཟོལ་གྱིས་སེམས་གསོ་བྱེད་པ། ཐ་ན་དང་ཐོག་གི་ཉིན་ཁ་ཤས་རང་ལ་ཁྱེད་ལ་ཟས་རིན་ཙམ་ཡང་སྙོག་མི་སྲིད། ཡིན་ནའང་། ནམ་ཞིག་ཁྱེད་རང་དངོས་སུ་ཚོགས་མིར་གྱུར་ཅིང་། ཁོང་ཚོས་ཤོད་ཀྱིན་པའི་སློབ་གསོ་མྱངས་རྗེས་རིམ་གྱིས་གོང་གི་ཁེ་དབང་ཡོད་ཚད་ཉམས་ཤིང་འགྲིབ་ནས་འགྲོ།
རིམ་པ་དྲུག་པ། རིམ་པ་འདིར་སླེབས་ཚེ་ཁྱེད་ཀྱི་ཀླད་པའི་ནང་དུ་དྲི་བ་མང་པོ་ཞིག་འཁོར་ཡོང་སྲིད་ལ། དྲི་བ་རེ་རེར་དྲིས་ལན་ཀྱང་བདེན་བདེན་འདྲ་བ་མང་པོ་ཞིག་འདེབས་རྒྱུ་ཡོད། དཔེར་ན། ཁྱེད་ཀྱིས་ང་ཚོའི་ལས་ཀ་འདི་ཁྲིམས་འགལ་ཡིན་ནམ་ཞེས་དྲིས་ཚེ། འདི་ནི་མི་གསོད་པ་དང་ཇག་བྱེད་པ། དུག་འཚོང་བ་དང་ལོག་གཡེམ་རྩོམ་པ་སོགས་གང་ཡང་མིན་པས་རྩ་ཁྲིམས་དང་འགལ་མེད་ལ། བཅའ་ཁྲིམས་དང་ཡང་འགལ་མེད་པས་མ་ཚད། འདི་ནི་རྒྱལ་ཁམས་ཀྱིས་ཆེད་དུ་ཡུལ་གྲོང་ག་གེ་མོའི་འཕེལ་རྒྱས་ལ་བསམ་ནས་ནང་འདྲེན་བྱས་པའི་ཕྱི་རྒྱལ་གྱི་ཚོང་ར་རྩ་ཆེན་ཞིག་ཡིན་ཚུལ་བརྗོད་སྲིད་ལ། ད་དུང་ང་ཚོས་དེ་འདྲའི་འཚོ་བ་ཐབས་རྡུགས་མྱོངས་དགོས་དོན་ཅི་ཡིན་ཞེས་དྲིས་ཚེ། དཀའ་མོའི་ལས་མ་བསྒྲུབས་ན། ཞིམ་པོའི་ཟས་ག་ལ་ཐོབ། སྡུག་མྱོང་ཤེས་ན་གནས་སྐབས་ཀྱི་སྡུག་བསྔལ་གྱིས་མི་ཚེ་སྐྱིད་ལ་འཁོར་ཐུབ། སྡུག་མྱོང་མ་ཐུབ་པར་གནས་སྐབས་ཀྱི་དཀའ་སྡུག་ལ་སྐྲག་ན། མི་ཚེ་སྡུག་ལ་འཁོར། ད་དུང་ད་སྐབས་ཀྱི་དཀའ་སྡུག་ནི་ཁྱེད་ཀྱི་བརྩོན་སེམས་ལ་ཚོད་བརྒམ་བྱེད་པའི་ཆེད་དུའང་ཡིན། ནམ་རྒྱུན་ཆོད་སེམས་ཞན་པའི་ལས་ངན་ལ་ལས་རྒྱལ་ཁ་ལ་གོམ་པ་གང་ལས་མེད་སྐབས་དཀའ་ངལ་ལ་མགོ་སྒུར་ཏུ་ཤོར་འགྲོ་བས། མཐའ་མ་རྒྱལ་ཁ་གཞན་ལ་སྤྲད། ཕམ་ཁ་རང་གིས་ཁུར་ནས་འགྲོ་མཁན་ཡང་ཡོད་པས། ཅིས་ཀྱང་བརྩོན་སེམས་མཐའ་རུ་འཁྱོལ་བ་གལ་ཆེན་ཡིན་ཞེས་བཤད་སྲིད།
རིམ་པ་བདུན་པ། བརྒྱུད་འཚོང་བའི་སྐད་ཆར་ཉན་པ་དང་ཕྱི་ཚུལ་ལ་བལྟས་ན་འདྲ་མཉམ་ཡིན་པའི་སྣང་ཚུལ་མངོན་རུང་དོན་དུ་དེ་ནའང་། འདྲ་མཉམ་དང་རང་དབང་། དམངས་གཙོ་ཞེས་པ་ཞིག་གི་མིང་ཡང་མི་གྲགས་ཤིང་། བཙལ་ཀྱང་མི་རྙེད་ཅེས་བཤད་ཆོག་ཆོག་ཡིན། རྒྱུ་མཚན་ནི་ང་ཚོའི་སུ་ཞིག་ཡིན་རུང་ཐོག་མ་ཉིད་ནས་གཞན་གྱིས་རང་མགོ་བསྐོར་དང་བཀོད་བསྒྲིགས་འོག་ཁྲིད་སོང་བ་རྐྱང་རྐྱང་ཡིན་ལ། ཁྱེད་ཀྱིས་ཕུལ་བའི་ཞུགས་ཡོན་དང་ཁྱེད་ཀྱི་འོག་རིམ་གྱིས་ཕུལ་བའི་ཞུགས་ཡོན་སོགས་ཡོད་ཚད། གྲལ་རིམ་གྱི་རྣམ་པས་གཅིག་གིས་གཅིག་ལ་ཞབས་འདེགས་ཀྱི་ཚུལ་གྱིས་ཡོད་པ་ལས། གྲོག་ཡོད་ན་གྲི་རྩེས་ཁམ་བགོ་དང་། གྱོང་ཡོད་ན་གདོང་མ་སྤྱི་ཁུར་ཞེས་པ་ཞིག་རྩ་བ་ནས་འགྲུབ་ཐབས་མེད་ལ། མགོ་བསྐོར་དང་བསླུ་བྲིད་ཀྱི་གླིང་ན་འདྲ་མཉམ་དང་རང་དབང་། དམངས་གཙོ་ཞེས་པ་ཞིག་རྩ་བ་ནས་ཡོད་མི་སྲིད་པ་ངེས་དགོས།
རིམ་པ་བརྒྱད་པ། གོང་གི་རིམ་པ་དག་རེ་རེ་ནས་བརྒྱུད་རྗེས། ད་གཟོད་ཁྱེད་རང་ཉིད་ཆེད་ལས་མགོ་བསྐོར་བ་ཞིག་ཏུ་གྱུར་བ་ཡིན་ལ། དེའི་ཚེ་ན་ཁྱེད་ཀྱིས་མི་ཤུགས་དང་རྒྱུ་ཤུགས་སོགས་ཡོད་ཚད་བཏོན་ཟིན་པས་མ་ཚད། ཁྱོད་ཀྱི་ཀླད་པའང་ཡོངས་སུ་གཙང་བཀྲུས་བྱས་ཟིན་ལ། རྨོངས་བར་འགྱུར་བའི་དུག་ཆུའང་བཏུང་ཟིན་པས། དེ་དུས་ནི་མི་མང་པོའི་མགོ་བསྐོར་ན་ཁེ་སྤོགས་རག་ཐུབ་པའི་བསམ་བློ་སྐྱེ་མཁན་ཡོད་ལ། རང་གིས་བཏོན་ཟིན་པའི་མ་རྩ་དེ་ཕྱིར་ལོན་ཐབས་རེ་ཨེ་ཡོད་དུ་རེ་ནས་མིག་བཙུམ་ཅིང་སྡོད་མཁན་ཀྱང་ཧ་ཅང་མང་པོ་ཡོད། དེའི་ཚེ་གཞན་དག་ལ་རང་གིས་གསེར་ཁྲི་རྡོག་པས་མནན་ཚུལ་དང་གཟི་བྱིར་ལག་པས་བཀྲབས་ཚུལ། བཙུན་མོའི་འཁོར་གྱིས་རོལ་ཚུལ་སོགས་ཀྱི་རྫུན་གཏམ་བསྒྲིགས་པ་དང་། དེའི་འཁྲབ་སྟོན་བྱེད་པའི་ལས་ལ་ཞུགས་དགོས་པས། དུས་དེ་ནས་བཟུང་ཁྱེད་ཀྱི་སེམས་ན་ཕ་ཟེར་བའི་གཟི་བརྗིད་ཅན་དང་མ་ཟེར་བའི་བྱམས་སེམས་ཅན་ཞིག་ཡོད་སྣང་གཏན་ནས་འཆར་མི་ཐུབ་པས། སུས་ཀྱང་རིག་ན་གཅེར་སྙིང་འདོད་ནི། ཚོར་ན་ཞེན་ཁ་ལོག་ནི་ཞིག་ཏུ་གྱུར་སོང་བ་ཡིན་ནོ། །
བཞི་པ། བརྒྱུད་འཚོང་བའི་ཁ་གཡང་་དང་དེའི་ངན་ཤུགས་ཅི་ཡིན་ཞེ་ན།
རྟོགས་པ་སྔོན་དུ་སད་ན་སྔོན་དུ་རྒྱལ། རྗེས་ནས་སད་ན་རྗེས་སུ་རྒྱལ། རྟོགས་པ་ཀློང་དུ་རྡོལ་ན་ཚེ་གང་རྒྱལ། ནམ་ཡང་སད་རྒྱུ་མེད་ན་རྒྱལ་དུས་མེད། འདི་ན་མཁས་བླུན་གྱི་ཁྱད་པར་མེད་ལ། འདི་ན་དཔོན་གཡོག་གི་དབྱེ་བ་མེད། འདི་ནས་སུ་ཞིག་གི་རྟོགས་པ་སད་ན། སུ་ཞིག་ནི་རང་གི་མགོན་ཡིན། ཅེས་འུད་ཀྱིས་སྒྲོག་སྲིད། འུད་ཀྱིས་སྒྲོག་པ་འདི་རིག་གནས་གསར་བརྗེ་ཆེན་པོའི་དུས་ཀྱི་ཁ་འབོད་ཀྱི་ཐབས་ལམ་སྤྱད་ནས་གནས་གཅིག་ཏུ་འཕྲིན་ལམ་གཞན་པ་ཡོངས་སུ་བཀག་ཅིང་། དུས་གཅིག་ལ། སྐད་ཤུགས་ཆེན་པོས་རྩ་གནད་དུ་གྱུར་བའི་ཚིག་ཁ་ཤས་བསྐྱར་ཟློས་ཀྱིས་བསྒྲགས་ཤིང་སྒྲོག་ཏུ་བཅུག་ནས་མི་སེམས་བསླུ་བཞིན་ཡོད། སྤྱིར་མིའི་སེམས་ཁམས་འཁྱེར་སྟངས་ཤིག་གིས་དོན་དག་བདེན་རྫུན་གང་ཞིག་ཡིན་རུང་། དེ་ཡང་དང་བསྐྱར་དུ་བཟློས་པ་ཡིན་ན། ནམ་ཞིག་རྫུན་པ་ཡིན་རུང་གོམས་འདྲིས་བྱུང་ན་བདེན་པའི་འདུ་ཤེས་སྐྱེ་སྲིད་ལ། ལྷག་པར་ཏུ་དོན་དག་གཅིག་མི་མང་པོས་ཡུལ་གཅིག་ནས་དུས་གཅིག་ཏུ་འུར་གྱིས་བསྒྲགས་པ་ནི་ཤིན་ཏུ་ནས་བརྗོད་ཐབས་བྲལ་བའི་ཤུགས་རྐྱེན་ཅན་ཞིག་ཡིན་ནོ། །
ལྔ་བ། བརྒྱུད་འཚོང་བསླུ་བྲིད་ཀྱིས་འདི་ལྟར་མི་སེམས་བསླུ་ཐུབ་དོན་ཅི་ཡིན་ཞེ་ན།
དེ་ལ་རྒྱུ་མཚན་མང་པོ་ཡོད་རུང་། མདོར་བསྡུ་ན་དོན་ཚན་ལྔ་རུ་འདུ་བར་སྣང་སྟེ། དང་པོ། དེང་དུས་དངོས་གཙོ་སྨྲ་བ་ཚོས་དཔལ་འབྱོར་གྱི་རྔམ་སེམས་ཉིན་རེ་ལས་ཉིན་རེས་ཇེ་དྲག་ཡིན་ལ། ཀྲུང་གོའི་མི་གྲངས་འཕར་སྣོན་སོང་བ་བརྒྱུད་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ན་ལས་ཞུགས་ཀྱི་གནས་ཚུལ་ཛ་དྲག་ཡིན་པས། ཀུན་པོས་སྒོར་མོ་ལོན་ཐབས་ཤིག་དང་ལས་ཞུགས་བྱེད་ཐབས་ཤིག་ཡོད་པ་ཐོས་རྗེས་རྔམས་སེམས་ཤིན་ཏུ་ཆེ་བའི་གནས་སུ་གྱར་ཡོད། གཉིས་པ། ཁོང་ཚོས་དེང་དུས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་སུ་ཕྱི་རྒྱལ་ནས་མཆེད་པའི་བེད་སྤྱོད་རང་ལུགས་ཀྱི་མི་དང་མིའི་བར་གྱི་འབྲེལ་བའི་དུག་ངན་རྒྱུན་འབྱམས་སུ་སོང་ཡོད་པ་བེད་སྤྱད་དེ། ཆེད་དུ་ཕྱི་ཚུལ་ལ་ཤིན་ཏུ་ནས་འཆམ་མཐུན་དང་སྤྲོ་སེམས་འཁོལ་བའི་ཁྱིམ་གཞིས་ཤིག་གི་རྣམ་པ་སྲུང་འཛིན་བྱས་ཡོད་པས། མི་མང་པོས་དེར་ཡིད་ཆགས་སེམས་འཁོར་བར་གྱུར་བ་རེད། གསུམ་པ།ཐབས་ལམ་རབ་དང་རིམ་པ་མང་པོ་བརྒྱུད་དེ་ཚོགས་ཞུགས་མི་སྣ་ཚོའི་ཀླད་པ་གཙང་བཀྲུས་བྱས་རྗེས། ལས་རིགས་འདི་ནི་ད་དུང་ཁྲིམས་ཡིག་གིས་དངོས་སུ་རྒྱབ་སྐྱོར་བྱས་མེད་པ་ཙམ་ལས། ཁྲིམས་འགལ་གྱི་ལས་ཤིག་རྩ་བ་ནས་མིན་པས་ནམ་ཞིག་ཁྲིམས་མཐུན་དུ་འགྱུར་འགྲོ་ལ། དེའི་སྐབས་སུ་ནི་རང་ཉིད་ལས་རིགས་འདིའི་ཆེད་ལས་བ་རྒན་གྲས་སུ་ཡོད་པས་གོ་སྐབས་དེ་ལས་མང་བ་ཡོད་སྙམ་པའི་རྨི་ལམ་སྐྱིད་པོ་ཞིག་རྨིས་སུ་བཅུག་པས་ཡིན། བཞི་པ། མང་པོ་ཞིག་གིས་མ་འོངས་པར་རྒྱལ་ཁ་མེད་པ་དང་ལས་རིགས་དེ་བརྒྱུད་འཚོང་ཡིན་པ་ཤེས་བཞིན་དུ་སྔོན་ཆད་སྒོར་མོ་མང་པོ་ཞིག་བཏང་བཞག་པ་བློས་མི་ཐོངས་པར་ཅུང་ཙམ་རྒྱུན་སྐྱོང་ཐུབ་སོང་ན་མ་རྩ་དེ་ཕྱིར་ལོན་ཐབས་ཤིག་ཨེ་ཡོད་དུ་རེ་ནས་ཐབས་ཟད་འུ་ཐུག་གིས་མུ་མཐུད་དུ་གཞན་གྱི་མགོ་སྐོར་བ་དང་སྐོར་རོགས་བྱས་ནས་མི་འདུག་ཀ་མེད་དུ་གྱུར་ཡོད། ལྔ་པ། བོད་མི་རིགས་ནི་གདོད་མ་ནས་གཞུང་དྲང་གཤིས་བཟང་གི་མི་རིགས་ཤིག་ཡིན་པས་རྒྱ་ཡིག་ཐོག་ཡིན་རུང་། བོད་ཚིག་ཐོག་ཡིན་པའི་དཔེ་ཡོད་ན། བོད་མི་ནི་རྫུན་བཤད་རྒྱུར་མི་དགའ་ཞིང་། གཞན་གྱིས་བཤད་པའི་སྐད་ཆ་ལ་བདེན་དུ་འཛིན་པའི་མི་རིགས་ཤིག་ཡིན་པ་དང་། ཁོང་ཚོས་བོད་ཀྱི་དད་མོས་ཀྱི་ཟབ་སར་ཡོད་པའི་མི་སྣ་ཁ་ཤས་བེད་སྤྱད་དེ་བསླུ་བྲིད་བྱེད་ཀྱིན་ཡོད་པས་ཡིན་ནོ། །
ཆབ་སྲིད་ལོ་རྒྱུས་དང་ས་ཁམས་རྫས་དངོས་སོགས་འགྱུར་མའི་རིགས་ཀྱི་བསླབ་དེབ་ཏུ་མིང་གི་ཚོགས་དང་ཚིག་གི་ཚོགས །བརྗོད་པའི་སྐོར་གྱི་དཀའ་གནད་གང་ཡིན་ཡང་ཟུར་བལྟའི་དཔྱད་ཡིག་དང་དཔེ་དེབ། དྲ་རྒྱ་སོགས་ཡར་སློག་མར་སློག་དང་ཕར་བལྟ་ཚུར་བལྟ་བྱས་པ་ཙམ་གྱིས་གང་མཁོ་ཁག་མེད་དུ་རྟོགས་འོང་མོད། བོད་ཡིག་བསླབ་དེབ་ཏུ་བརྡ་སྤྲོད་ཀྱི་སྐོར་དང་སྙན་ངག་གི་སྐོར། གཏན་ཚིགས་ཀྱི་སྐོར། ལོ་རྒྱུས་ཀྱི་སྐོར་སོགས་ཀྱི་དཀའ་གནད་མང་པོ་ཞིག་ལ་ཟུར་དཔྱད་དུ་གསལ་ཁ་ཐོན་མེད་པ་དང་ཞལ་གཞན་དུ་འཕངས་ཏེ་སྟབས་བདེ་ཅི་བས་ཆེ་བ་མཛད་ཡོད་པ་མ་བཤད་དང་། དག་ཡིག་གི་འགྲེལ་བ་ཁ་ཤས་དང་ཞེ་ཚིག་གི་མིང་དང་ལྡོག་ཟླའི་མིང་། ཟློས་ཚིག་གི་མིང་། དོན་མཚུངས་ཀྱི་མིང་དང་ཉེ་མཚུངས་ཀྱི་མིང་སོགས་ཆུང་འབྲིང་སློབ་མས་ངེས་ཤེས་ཀྱི་སྐོར་འདི་དག་ཟུར་དཔྱད་དུ་གསལ་བོར་འཁོད་མེད་པ་མ་ཟད།བོད་ཡིག་གི་དཔེ་དེབ་གཞན་དང་ཚིག་མཛོད། མིང་མཛོད། དག་ཡིག དྲ་རྒྱ་སོགས་གང་དུ་བཙལ་ཡང་མག་མོག་གི་འགྲེལ་བ་ཞིག་དང་རབ་རིབ་ཀྱི་མཆན་བུ་ཞིག་ལས་ཅི་ཡང་མི་རྙེད་པར་དུས་ཚོད་དང་སེམས་ཤུགས་མང་པོ་ཞིག་འཕྲོ་བརླག་ཏུ་གཏོང་གིན་ཡོད་པ་ནི་བོད་ཁུལ་གྱི་ཆུང་འབྲིང་སློབ་གྲྭའི་སློབ་མ་དང་དགེ་རྒན་ཕལ་ཆེ་བའི་དཀའ་ངལ་གཞན་ཞིག་ཡིན་སྲིད། བོད་ཡིག་གི་བརྡ་སྤྲོད་དང་ལོ་རྒྱུས་སོགས་ལ་བསླབ་དེབ་ཏུ་གཅིག་གྱུར་གྱི་ཚད་གཞི་དང་རེ་བ་བཏོན་མེད་པ་དེས་གཅིག་གྱུར་གྱི་རྒྱུགས་གཞི་དང་དྲིས་ལན་འདེབས་པ་སོགས་ལའང་དཀའ་ངལ་མང་པོ་ཞིག་བཟོས་ཡོད་པ་རེ་ཞིག་མི་བཤད་པར་བྱ།
གོང་གི་ཆུང་འབྲིང་སློབ་གྲྭའི་དགེ་སློབ་ཕལ་ཆེ་བའི་དཀའ་ངལ་དེ་དག་གི་འབྱུང་ཁུངས་ལ་གཞི་རིམ་གྱི་དགེ་རྒན་དེ་དག་རང་སྟེང་གི་ཤེས་བྱའི་ཆུ་ཚད་དང་སྒྲིག་གཞིས་མ་འཁྱོག་པ་རྩིས་ཆོག་པ་མ་ཟད་རྒྱུ་རྐྱེན་གཞན་ཡང་འཚོལ་ཆོག་པ་ཞིག་སྟེ། རང་ཅག་ལ་ཆོས་ལུགས་སྐོར་གྱི་ཐ་སྙད་མ་གཞི་ནས་འཛོམས་པོ་དང་ཕྱུག་པོ་ཡིན་རུང་རིག་གནས་ཀྱི་ཐད་དུ་སྐྱ་ཟད་སྔོ་རྡུག་དང་ཐར་རེ་ཐོར་རེ་ཡི་ངོས་ཤིག་ཡོད་པ་ནམ་ཡང་ཁས་ལེན་དགོས་པ་དང་། ཐར་ཐོར་དེ་དག་བསྡུ་སྒྲིག་དང་དག་སྒྲིག དཔར་སྐྲུན་གྱིས་གཏན་དུ་ལོངས་ཀྱིན་མེད་པ་སྟེ་བསྡུ་སྒྲིག་བྱེད་མཁན་གྱི་ཚོགས་པ་དང་ཐུན་མོང་།མི་སྒེར་ཉུང་བའམ་མེད་པ། ལྷག་པར་ཏུ་དཔེ་དེབ་དང་བསླབ་དེབ་རྩོམ་སྒྲིག་པ་དང་རྩོམ་སྒྲིག་ཁང་དག་གི་ལུས་ཤུགས་དང་དངོས་ཤུགས། སེམས་ཤུགས་གང་གིས་ཀྱང་མ་ལྕོགས་པ་ལ་ཁག་ཁུར་ཆེན་པོ་ཞིག་དཀྲི་རུང་བར་འདོད་དེ། མི་རིང་བའི་སྔོན་ཏག་ཏག་ལ་ཞོགས་ཉི་བྱང་གསུམ་སོགས་གཙོ་བྱས་པའི་ཁྲེལ་གཞུང་ཅན་གྱི་ཤེས་ཡོན་ཅན་སྐོར་ཞིག་གིས་ཆུང་འབྲིང་ཆེ་གསུམ་གྱི་སློབ་མ་ཚོར་འོས་པའི་ལྟ་ཀློག་གི་དཔེ་དེབ་སྤུས་ལེགས་སྐོར་ཞིག་བསྒྲིགས་ཡོད་པ་ལྟ་བུའི་ཉུང་ངུ་ཉུང་ངུ་ཞིག་མ་གཏོགས། སློབ་གསོའི་སྡེ་ཁག་དག་གིས་ཆུང་འབྲིང་སློབ་མ་རྣམས་ལ་ཆེད་གཉེར་གྱིས་བསྒྲིགས་པའི་དེང་རྩོམ་ལས་འབོལ་རྩོམ་དང་ལྷུག་རྩོམ། སྙན་ངག བརྩམས་སྒྲུང་། རྩོམ་འབྲིའི་ཤེས་བྱ་ལྟ་བུའི་དཔེ་དེབ་ཡག་པོ་དང་ལེགས་པོ་རྩོམ་སྒྲིག་དང་དཔར་སྐྲུན་བྱས་པ་ཁ་རེ་ཁེར་རེ་དང་ཙ་ཀི་ཙི་ཀེ་ཙམ་ལས་མཐོང་རྒྱུ་མེད་པ་འདིས་གསལ་བཤད་བྱེད་ཐུབ།
སྤྱིར་ན་ཆུ་ཡི་ལག་ལེན་ཆུ་པ་ལ་ཟབ་པ་བཞིན་ཆུང་འབྲིང་སློབ་མ་རྣམས་ལ་མཁོ་བའི་དཔེ་དེབ་སོགས་ཆུང་འབྲིང་དགེ་རྒན་རང་ཉིད་ཀྱིས་ཀྱང་དག་སྒྲིག་དང་ཕྱོགས་སྒྲིག བགྲོ་གླེང་གིས་དཔྱད་གཞི་མཁོ་འདོན་སོགས་བྱ་མི་ཆོག་པ་མེད་མོད། གཞི་རིམ་ས་ཁུལ་དུ་དགེ་རྒན་གྱི་ཁྱབ་ཚད་ཆ་སྙོམས་མིན་པས་ས་ཁུལ་ལ་ལར་ད་དུང་དགེ་རྒན་གྱིས་འདང་གི་མེད་པ་དང་། སློབ་ཁྲིད་དང་ལས་བྱ་མང་བ། སློབ་མར་བདག་སྐྱོང་གི་འགན་ཁུར་ལྕི་བ། སློབ་གསོའི་སྡེ་ཁག་དག་གིས་དགེ་རྒན་རྣམས་ཀྱི་ཧུར་བརྩོན་གྱི་འདུ་ཤེས་ཡང་དག་པའི་སྐྱེད་སྲིང་བྱས་པ་མ་འདང་བ་སོགས་ཀྱིས་ཆུང་འབྲིང་གི་དགེ་རྒན་རྣམས་ཀྱིས་བྱ་བ་གང་ཡིན་གཅིག་ལྕོགས་མི་བཏུབ་པ་ མངོན་སུམ་ཡིན། དེ་དང་བསྡུར་ན་མཐོ་རིམ་དགེ་རྒན་དང་ཞིབ་འཇུག་སློབ་མ་རྣམས་ནི་རིག་གནས་དེ་དག་བསྡུ་སྒྲིག་དང་ཞིབ་འཇུག གསར་བཏོད། ཕྱོགས་སྒྲིག་བྱེད་མཁན་གྱི་སྲོག་ཤིང་ཡིན་པ་དང་ཡིན་འོས་པ་ཞིག་ཀྱང་རེད་མོད། ཁོང་རྣམ་པས་ནི་གཞར་ཡང་བསྐྱར་ཟློས་དང་བཤུ་འབྲི་ཡི་ལམ་ནས་སྤྱོད་འཇུག་ཆེན་མོ་དང་བྱང་ཆུབ་ལམ་རིམ་གྱི་བསྐྱར་འགྲེལ་ཡང་བསྐྱར་འགྲེལ་དག་གི་ཕྱི་ནང་ལ་སེན་འབྲད་བྱེད་པ་དང་། ཡང་མིན་ན་ས་སྐྱ་ལེགས་བཤད་དང་རྒྱ་གར་གནའ་རབས་རྩོམ་རིག་གི་གསའ་གསེབ་ནས་སྲོ་ཤིག་འཐུ་བ། དེ་མིན་ན་དེ་ལས་ཀྱང་གཏིང་ཟབ་འཇིངས་ཡངས་སུ་བསྲིངས་པའི་མདོ་སྔགས་ཟུང་འབྲེལ་དང་བདེན་གཉིས་སྟོང་ཉིད་སོགས་སོ་ཡིས་མི་ཆོད་བཞིན་དུ་ཤི་དམུར་རོ་དམུར་བྱེད་པའི་ལས་ལ་འཐམས་པ་ལས། སྦྱང་དེབ། བསླབ་དེབ། རྩོམ་དེབ་སོགས་ལེགས་པོ་ལག་ཏུ་ལེན་རུང་བ་གཅིག་ཀྱང་མེད་པར་མིག་ཟུང་རིག་རིག་དང་དང་རྣ་བ་ཅོར་ཅོར། ལག་པ་འདར་འདར་གྱིས་ཅི་ཞིག་ལ་བྲེལ་བའི་ཆུང་འབྲིང་སློབ་མ་དག་གི་ལས་དབང་ལ་ཁ་ཡ་གཏན་ནས་མི་བྱེད་པ་ཡིན།
ཆུང་བསྐྱུར་ཆེར་འཐམས་དང་ཆེར་རྨོངས་མགོ་འཐོམས་ཀྱི་བྱ་ལས་འདི་ནི་ངེད་ཅག་གི་མཐོ་རིམ་རིག་གནས་པ་དང་ཤེས་ཡོན་པ་ཕལ་མོ་ཆེ་ཡི་རང་གཤིས་རྨ་མེད་པ་ཞིག་སྟེ། སྲོལ་རྒྱུན་ལེགས་བཤད་དུ་ཆོས་ཆེ་ཆེ་མི་ཤེས། ཆུང་ཆུང་མི་སློབ་ཅེས་པའི་བསྟན་དོན་གྱིས་བཀྲོལ་ཀློག་བྱ་ཆོག་པ་ཞིག་དང་དེང་དུས་ཀྱི་སྐད་ཆ་ལྟར་ན་ཚན་རིག་གི་འཕེལ་རྒྱས་ལྟ་བ་དང་ཡང་མི་མཐུན་པ་ཐག་གིས་ཆོད། མི་གཞི་རིག་ལུགས་ཀྱི་བཤད་སྲོལ་དང་ཡང་མི་མཐུན་པ་ཐག་གིས་ཆོད། ལྷ་ཆོས་ལུང་ལུགས་ཀྱི་དགོངས་པ་དང་ཡང་མི་མཐུན་པ་ཐག་གིས་ཆོད། མ་འོངས་འཕེལ་རྒྱས་ཀྱི་རེ་འདུན་དང་ཡང་མི་མཐུན་པ་ཐག་གིས་ཆོད་པའི་རང་གཤིས་ཤིག་ཡིན་པ་རེད། གལ་སྲིད་ད་དུང་ཡང་ཆུང་ཆུང་མི་སློབ་པ་དང་ཆུང་ཆུང་གི་རིག་གནས་དང་བསམ་འཁྱེར། མ་འོངས་པ་ལ་དོ་སྣང་མ་བྱས་པ་ཡིན་ན། མི་རིང་བར་སྒང་ཚང་གི་སྐད་ཡིག་ཉམས་རྒྱུ་ཡིན་པ་ཡང་ཐག་གིས་ཆོད། རིག་གནས་ཚར་རྒྱུ་ཡིན་པ་ཡང་ཐག་གིས་ཆོད། མི་རིགས་སྟོངས་རྒྱུ་ཡིན་པ་ཡང་ཐག་གིས་ཆོད་པ་ཞིག་རེད་དོ་སྙམ།
2010.8.20
དབྱར་གནང་གི་ཉིན་ཞིག་སྦྲ་འདབས་ཀྱི་རྩྭ་གསེབ་ན་གན་རྐྱལ་དུ་ལོག་ཅིང་བསམ་གཞིགས་ཀྱི་ཀློང་ཡངས་འགྲིམ་
གྱིན་ཡོད་དུས།གློ་བུར་ཏུ་རྟ་ཁྱུ་ཞོགས་འདྲའི་རྨུག་སྒྲ་འཚུབ་མོ་ཞིག་བདག་གི་ལྷིང་འཇགས་ཀྱི་རྣ་བར་འཁོར་བྱུང་།
“ཁོ་ཚོ་ཕྱིར་སླེབས་བྱུང་། ཁོ་ཚོ་ཕྱིར་སླེབས་བྱུང”ངས་སེམས་ནས་དགའ་འབོད་བྱེད་ཞོར་པར་ཆས་ལག་ཏུ་བླངས།
ཁོ་ཚོ་ཟེར་བ་ནི་ད་ལྟ་ངའི་མིག་མདུན་ན་འདུར་རྒྱུགས་བྱེད་ཀྱིན་པའི“ཁ་དཀར་རྐྱང་ཁྱིམ་ ཚང་གང་བོར”ཟེར་
བ་ཡིན། ངས་ཐེངས་དང་པོར་མཐོང་དུས་ཁོ་ཚོར“ཁྱིམ་མི”གསུམ་མ་གཏོགས་མེད་དེ། ཕ་མ་གཉིས་དང་གཅེས་ཕྲུག་
གཅིག་བཅས་རེད།ང་ཚོའི་རུ་བ་དབྱར་སར་ཐོན་པ་ནས་ཁོ་ཚོས་རྩ་ཆུ་གཉིས་འཛོམས་ཀྱི་ལུང་པ་འདི་ན་ཞི་འཇམ་བག་ལྷོད
་ཀྱི་འཚོ་བ་རོལ་ཞིང་འདུག ཉིན་ཞིག་གར་འོང་མི་ཤེས་པའི་རྐྱང་ལྡོམ་ཞིག་ཁོ་ཚང་གི་སྒོ་འགྲམ་དུ་འབྱོར་ཞིང་ཞི་དྲག་གང
་རུང་གི་ཐབས་སྤྱད་ནས་ཨུ་ཚུགས་ཀྱིས་ཁྱིམ་དེར་གནས་འཆའ་དགོས་པའི་རྣམ་འགྱུར་ཅི་རིགས་སྟོན་གྱིན་འདུག་མོད། ཁྱིམ་
དེའི་བདག་པོ་ནི་རྒོད་པོ་ཡ་མེད་ཅིག་རེད་པས།“མ་བོས་མགྲོན་པོདེར་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱས་ནས་ཁྱིམ་མི་
ཚོའི་ཉེ་སར་གཏན་ནས་བཏུད་དུ་བཅུག་མ་བྱུང་།
དེ་ལྟར་དུས་ཡུན་རིང་བོ་སོང་རྗེས་ཀྱི་ཉིན་ཞིག་ཁོ་ཚོ་ཚང་མ(མ་བོས་མགྲོན་པོ་དེ་ཡང་མཐོང་རྒྱུ་མི་འདུག)གློ་
བུར་ཏུ་གར་སོང་ཆ་མེད་དུ་གྱུར་སོང་། ཕ་མ་བུ་ཕྲུག་ཅན་གྱིཁྱིམ་ཚང་དེ་ཕལ་ཆེར“ཕྱི་མིའི་བཙན་འཛུལ”ལས་གཡོལ་ཆེད
་ཡུལ་གཞན་ཞིག་ལ་སྤར་སོང་བ་འདྲ།
ཟླ་ཕྱེད་ལྷག་ཙམ་འགོར་རྗེས་ཀྱི་དེ་རིང་ཁོ་ཚོ་ཡང་བསྐྱར་ཕྱིར་སླེབས་བྱུང་ལ། “མ་བོས་མགྲོན་པོ”དེས་ད་དུང
་ཐག་རིང་ས་ན་ཁོ་ཚོའི་རྗེས་བསྙེགས་ནས་ཡོང་གིན་འདུག ཁོ་ཚོས་ཁོ་གཡོལ་མ་ཐུབ། ཁོ་ལ་རྒྱང་རིང་གི་དམིགས་བྱ་ཡོད་པས་
ནམ་ཡང་རྒྱང་དུ་འགྲོ་མི་སྲིད། ཁོས་འདི་ལྟར་ཉིན་རེ་བཞིན་རྗེས་འབྲངས་ནས་སོང་ན་ནམ་ཞིག“ཁྱིམ་བདག”དེའི་དོགས
་ཟོན་ཉམས་སྲིད་ཅིང་། ཁོ་ཚོ་འདྲེས་ལོབས་སུ་སོང་རྗེས་ཁོས་ཁ་ནས“འདྲ་མཉམ”དང“མཐུན་སྒྲིལ”གླེང་ཞོར་ཁྱིམ་
ཚང་འདིའི་ཤ་གསེང་རུས་གསེང་ལ་འཛུལ་ཅི་ཐུབ་བྱེད་སྲིད། ཡུན་དང་ཡུན་གྱིས་ཁོས་ཁྱིམ་འདིའི་ཆུང་མ་ཆུང་མར་ལེན་སྲིད།
ཆུང་མ་དེ་ལ་བུ་རྒྱུད་སྤེལ་སྲིད། ཁོ་རང་གི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་གནས་འདི་ལ་ཁྱབ་ཏུ་བཅུག་ནས་ཁྱིམ་ཚང་འདི་
རྩ་ནས་སློག་ཅིང་རྨང་ནས་སྒུལ་སྲིད། ཁྱིམ་འདིའི་བུ་རབས་ཚ་རྒྱུད་དག་ཕ་ངོ་མ་ངོ་མི་ཟིན་པའི་རྒྱུད་སྦགས་ཤ་སྟག་ཏུ་གཏོང
་སྲིད།ཁོས་དེ་སྔོན་གྱི“ཁྱིམ་བདག”དཔའ་རྒོད་དེ་ལ“གྲོགས་པོ”དང“སྤུན་ཟླའི”འབོད་བརྡ་སྦྱར་ནས་ཤ་སྦྲིད
་རུས་འཐོམ་དུ་གཏོང་སྲིད་ལ་དེས་ཀྱང་རང་ཁྱིམ་སྲུང་བའི་གོ་ཆ་རྒྱང་དུ་དོར་ནས་ལྟོ་རྒྱགས་རྒྱབ་ཁེབས་ཙམ་བྱུང་ན་སུ་དང་ཡང་
འཛིང་མི་སྲིད་ལ། གང་ལའང་དོགས་མི་སྲིད། “ཞི་བདེ་འཆམ་མཐུན་གྱི”ཁོར་ཡུག་ཅིག་ནས་རང་གི་ཁེ་དབང་དང་ཐོབ་
ཐང་།གཟི་ཉམས་དང་སྙིང་སྟོབས་སོགས་ཀྱང་དལ་བ་དལ་བུས་བརྗེད་འགྲོ་སྲིད། ཁོའི་ས་སྒང་དེ་ལྟར་གཞན་དབང་དུ་ཤོར་འགྲོ་
སྲིད། ཁོའི་ཁྱིམ་རྒྱུད་དེ་ལྟར་ཐོར་ཞིག་ཏུ་བུད་འགྲོ་སྲིད།
ངས་དེ་ལྟ་བུའི་བསམ་གཞིགས་ལྷག་མ་མང་པོ་ཞིག་ཁུར་ནས་པར་ལེན་འཕྲུལ་ཆས་ཡང་བསྐྱར་ཁོ་ཚོའི་ཕྱོགས་སུ་བསྐོར་དུས། ཁོ་ཚོས་ཕན་ཚུན་བརྡ་རེས་འདེད་རེས་བྱེད་ཞོར་ལུང་བའི་ཕུ་ལ་བུད་སོང་།
བུད་མེད་ནད་པ་ཞིག་དང་འུ་ཉིས་བར་གྱི་ཁ་བརྡ།
བུད་མེད་དེས་བདག་ལ་བསྐུར་བའི་སྔོན་ཆད་ཀྱི་པར་རིས་ལྟར་ན་མོ་རང་མཛེས་སྡུག་ལྡན་ཞིང་། གདོང་ན་བྱམས་སེམས་ཀྱི་བྱིན་ཆགས་པ། བལྟས་པ་ཙམ་གྱིས་སྐྱེས་ཕོ་བརྒྱའི་མིག་དབང་འཕྲོག་པ་དང་། སྨན་མོ་བརྒྱས་ཡིད་སྨོན་འཆོར་བ་ཞིག་ཡིན་པ་ལྷང་རེད། ཡིན་ནའང་། ད་ལྟ་ནི་ཨ་ཙི་ནད་ངན་གྱིས་ཡོངས་སུ་འཇོམས་ཤིང་གཞོམ་བཞིན་པའི་ནད་པ་ལས་ངན་ཞིག་ཡིན་པས་སྔར་གྱི་མཛེས་སྡུག་གི་ཤུལ་ཙམ་ཡང་ལྷག་མེད་ཅེས་ཡང་དང་བསྐྱར་ཏུ་གླེང་བྱུང་ལ། འུ་ཉིས་ཀྱིས་skypeགླེང་མོལ་ལས་ཁ་བརྡ་བྱེད་སྐབས་མོས་བཞིན་རས་སྟོན་ཙམ་ཡང་བྱེད་པའི་སྤོབས་པ་མི་འདུག་ཅེས་བཤད་པས། ངས་ཀྱང་ཨུ་ཚུགས་མ་བྱས། གང་ལྟར་ངས་སྔོན་ཆད་ཀྱི་གྲོགས་པོ་ཞིག་བརྒྱུད་དེ་མོ་དང་གླེང་མོལ་ཅུང་ཙམ་ཞིག་བྱེད་པའི་གོ་སྐབས་བྱུང་ལ། གོ་སྐབས་འདི་བརྒྱུད་དེ་ངས་ཡང་བསྐྱར་ཨ་ཙིའི་ནད་པའི་སྡུག་བསྔལ་ལ་རྒྱུས་ལོན་ཙམ་བྱུང་སོང་བས་འདིར་གྲོགས་པོ་ཚོའི་སྤྱན་ལམ་དུ་ཕུལ་བ་ཡིན། སླད་མར་འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ། ཡིག་བསྒྱུར་གྱི་སྐབས་སུ་ཚིག་གི་བྲོ་བ་ཅུང་འགྱུར་འདུག་རུང་། དོན་གྱི་སྙིང་བོ་ལ་འགྱུར་བ་སོང་མེད་པ་མནའ་ཡིས་དཔང་ཆོག
བཅར་འདྲི་བ། ཆོས་དཔལ་བཟང་བོ། (གཤམ་ནས་ཀ་པ་ཡིས་མཚོན།)
བཅར་འདྲི་དང་ལེན་པ ཞའོ་མའེ། (བྱིས་དུས་ཀྱི་མིང་། གཤམ་ནས་ཁ་པ་ཡིས་མཚོན།)
བཅར་འདྲི་ཞུ་ཐབས། skype གླེང་མོལ།
བཅར་འདྲིའི་སྐད་ཡིག རྒྱའི་སྐད་ཡིག་གི་ལམ་ནས་གླེང་མོལ་བྱས།
བཅར་འདྲིའི་དུས་ཚོད། སྤྱི་ལོ་༢༠༠༩ལོའི་ཟླ་༡༢པའི་ཚེས་༡ཉིན།
ཀ་པ། ང་ནི་ཁྱེད་ཀྱི་གྲོགས་པོས་ངོ་སྤྲོད་བྱས་པའི་བོད་རིགས་གྲོགས་པོ་ཆོས་དཔལ་བཟང་བོ་ཡིན། དེ་རིང་འདི་ནས་ཁྱེད་དང་གླེང་མོལ་བྱ་བའི་གོ་སྐབས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
ཁ་པ། ཐུགས་རྗེ་ཞུ་ག་ལ་དགོས། ངས་ཀྱང་ཆེས་མཐའ་མཇུག་གི་ལོ་ཟླ་འདི་ཚོར་བོད་རིགས་གྲོགས་པོ་ཞིག་དང་གླེང་མོལ་བྱ་ཐུབ་པ་ནི་རང་གི་གཟི་བརྗིད་དུ་བརྩིས་ཡོད་ལ། ལྷག་པར་ཏུ་ཁྱེད་ནི་མི་སེར་དཀྱིས་མ་ཚོའི་བདེ་སྡུག་ལ་སེམས་བཞིན་པའི་མི་སེར་དཀྱིས་མ་ཞིག་ཡིན་ཚུལ་ཐོས་པས་དེ་ལས་ཀྱང་དགའ་པོ་བྱུང་ཡོད། སྤྱིར་དེང་སང་ང་དང་གླེང་མོལ་བྱ་འདོད་པའི་མི་མང་པོ་འདུག་ལ། རོགས་སྐྱོར་བྱ་འདོད་པའི་མི་ཡང་མང་པོ་ཞིག་ཡོད་རུང་། མཐའ་མཇུག་གི་ལོ་ཟླ་འདི་ཚོར་ངས་ང་ལ་རོགས་སྐྱོར་ཞིག་བྱ་འདོད་ན་ལྷིང་འཇགས་ངང་འཆི་རུ་ཆུག་དང་། དེ་ནི་ཆེས་བཟང་བའི་རོགས་སྐྱོར་ཡིན་ཞེས་བཤད་པ་ལས་མི་མང་པོ་ཞིག་ལ་ཁ་ཡ་མ་བྱས། དྲང་མོ་བཤད་ན། ད་ལྟ་ངའི་ལྕེ་རྩ་རྣག་གིས་ཟོས་ཟིན་པས་སྐད་ཆ་མང་པོ་ཞིག་བཤད་མི་ཐུབ་ལ། རྐུབ་འཕོངས་ཀྱང་རྨ་ཡིས་ཟོས་ཡོད་པས་དུས་ཡིན་རིང་པོ་ཞིག་ལ་གནས་གཅིག་ཏུ་འདུག་མི་ནུས་པས། ངས་རང་གི་གནས་ཚུལ་རྣམས་ཅི་ནུས་གང་ནུས་ཀྱིས་དབུགས་ཐེངས་གཅིག་གིས་བཤད་ཨེ་ཐུབ་བལྟས་ན་ཆོག་པར་རེ་ཡོད།
ཀ་པ། ལོས་ཆོག ངས་ཀྱང་གང་ནས་མགོ་རྩོམ་དགོས་པ་དང་ཅི་ལྟར་མགོ་རྩོམ་དགོས་པ་སོགས་གསལ་པོ་ཞིག་མི་ཤེས་པས། གལ་ཏེ་དམིགས་བསལ་གྱི་དྲི་བ་རེ་མེད་ན་ངས་ཅི་ཡང་འདྲི་རྒྱུ་མིན་པས་ཉིད་ཀྱིས་ཅི་བདེར་གསུངས་རོགས་ཞུ།
ཁ་པ། ཡ། ཡ། དེ་འདྲ་ཡིན་ན་ང་ལའང་སྟབས་བདེ་ས་མང་པོ་ཞིག་འདུག་པས་ཁྱེད་ཀྱིས་བསམ་ཤེས་གནང་བར་ཐུགས་རྗེ་ཆེ་ཞུ། སྤྱིར་ང་རང་ལ་ནད་ངན་དེ་ཅི་ལྟར་འགོས་པའི་སྐོར་ཁྱེད་ཀྱིས་ངའི་གྲོགས་པོའི་དྲུང་ནས་ཤེས་ཡོད་ཚོད་འདུག་རུང་། ཡང་བསྐྱར་མདོར་བསྡུས་ཙམ་བཤད་ན། ང་ནི་ཡུལ་སྐོར་སྣེ་ཤན་པ་ཞིག་ཡིན་པས། ནམ་ཡང་མི་འདྲ་མིན་སྣ་ཚོགས་དང་འབྲེལ་འདྲིས་ཡོད་གཤིས། རྒྱུ་འབྲས་དང་ལྡན་པའི་སྐད་ཆ་ཞིག་བཤད་ན་ངས་རང་གི་ནད་ངན་དེ་དེང་སང་མི་ཁ་ཤས་ཀྱིས་དྲྭ་ངོས་སོགས་སུ་ཤོད་ཀྱིན་པའི་ཕྱི་རྒྱལ་གྱི་མི་ཚོའི་ལུས་འབྲེལ་བརྒྱུད་དེ་ལོན་ཚུལ་ལ་སོམ་ཉི་བཟུང་ཡོད། རྒྱུ་མཚན་ནི་ང་དང་ལུས་འབྲེལ་བྱུང་བའི་ཕྱི་རྒྱལ་གྱི་མི་མང་པོ་མེད་ལ། ཡོད་པ་རེ་ཟུང་བོར་ཡང་རང་ལུས་བདག་སྲུང་གི་འདུ་ཤེས་ཤིན་ཏུ་ཟབ་ལ། བདེ་སྲུང་གི་ཆ་ལག་ཀྱང་བེད་སྤྱད་མ་བྱས་མཁན་གཅིག་ཀྱང་མེད། དེ་ལས་ལྡོག་སྟེ། རྒྱལ་ནང་གི་སྔར་གྱི་ཆུང་འདྲིས་ཤིག་ཡོད་པ་དེས་ངའི་མི་ཚེ་བརླགས་སོང་བསམ་པའི་ཀུན་སློང་ཞིག་ནམ་ཡང་ཡོད་རུང་། རང་ལའང་རྒྱུ་མཚན་དང་གནས་ལུགས་མང་པོ་ཞིག་ཤོད་རྒྱུ་མེད་ལ། མང་པོ་ཞིག་ལ་དེའི་སྐོར་ཤོད་འདོད་ཀྱང་མི་འདུག
ཀ་པ། ཡ ཡ། ཁྱེད་ཀྱིས་ཁ་ཁོག་མེད་པའི་སྐད་ཆ་འདི་དག་བཤད་པར་ཐུགས་རྗེ་ཆེ། དེ་ན། ང་ལ་མཚོན་ན་ཆེས་ཤེས་པར་འདོད་པ་ནི་ཁྱེད་ལ་ནད་ངན་དེ་འགོས་རྗེས་ཀྱི་སེམས་ཁམས་ཅི་འདྲ་ཡིན་པ་དང་། ད་ལྟའི་གནས་བབས་དང་། མ་འོངས་བའི་འཆར་གཞི་སོགས་ཅི་ལྟར་ཡིན་པ་དག་ཡིན་པས་སྟབས་མི་བདེ་བ་མེད་ན་ཅུང་ཙམ་གསུངས་བར་ཞུ།
ཁ་པ། ཆོག་གི སྔོན་ཆད་ཀྱི་ང་རང་ནི་སྣང་བ་ཨ་སྔོན་དགོང་ལས་མཐོ་བའི་བུད་མེད་ཅིག་ཡིན་ལ། རང་གི་ཁ་ལྕེ་དང་སྐྱེས་གཟུགས་ལའང་གདེང་ཚོད་མི་དམན་པ་ཞིག་ཡོད་པས། མི་མང་པོ་ཞིག་གི་མིག་ནང་ན་བུད་མེད་སྣང་མཐོན་མ་ངོ་མ་ཞིག་ཡིན། ཡིན་ནའང་། ནད་ངན་དེ་འགོས་རྗེས། ངས་གློ་བུར་ཏུ་འཇིག་རྟེན་འདིའི་མི་ཡོད་ཚད་ང་ལས་བཟང་བ་དང་ལེགས་པར་མཐོང་ལ། སྔོན་ཆད་ཚ་གདུག་གིས་བཞིན་རས་ནག་པོར་འགྱུར་དོགས་ཀྱིས་གཡོལ་གཡོལ་བྱས་པའི་ཉི་འོད་ལ་འཁྲེང་སེམས་ཤོར། འཇིག་རྟེན་འདིར་འདི་འདྲའི་རིན་མི་དགོས་པའི་ནོར་བུ་རྩ་ཆེན་ཞིག་ཡོད་ཨང་བསྙམས་ཤིང་དེར་བསྲོ་འདོད་ཡོད་པ་ཙམ་གྱིས་མི་ཚད། ངོ་དང་ལག་པ་སོགས་ཆེད་དུ་ཉི་མར་ཕྱོགས་ཏེ་ཡུད་ཙམ་རེར་འདུག་རྒྱུ་བྱུང་ན་དེའང་བདེ་སྐྱིད་ཅིག་ཡིན་པ་གཞི་ནས་ཚོར། སྔོན་ཆད་ཙག་བསེར་གྱིས་བཞིན་རས་ལ་སེལ་ཁ་འགས་བར་དོགས་ནས་ནམ་ཡང་མིག་ཤེལ་ཆེན་པོ་དང་ཁ་ཤུབས་མཐུག་པོ་སོགས་ཀྱིས་གཡོག་གཡོག་བྱས་པའི་ཙག་རླུང་ལ་ད་ལྟ་ཞེན་པ་སྐྱེས། འདིར་འདི་འདྲའི་རིན་མི་དགོས་པའི་ཐོན་ཁུངས་རྩ་ཆེན་ཞིག་ཡོད་ཨང་བསྙམས་ཤིང་དེར་མྱོངས་འདོད་ཡོད་པ་ཙམ་གྱིས་མ་ཚད། ཁ་གདང་སྟེ་མཁའ་དབུགས་གསར་བ་འབྱིན་རྔུབ་བྱ་རྒྱུ་བྱུང་ན་དེ་ནི་ངོམས་མེད་ཀྱི་བདུད་རྩི་ཞིག་ཡིན་པའི་སྣང་བ་བཅོས་མེད་དུ་སྐྱེས་བཞིན་ཡོད། སྔོན་ཆད་ལུས་ན་རྔུལ་ཆུ་དང་ཚི་དྲེག་གི་དྲི་མ་འཐུལ་བའི་ཞིང་པ་ཞོར་ལས་པ་ཚོ་དང་མཉམ་དུ་མེ་འཁོར་དང་རླངས་འཁོར་ས་ཚིགས་ནས་འགྲེང་སྒུག་གིས་འཁོར་འཛིན་ཉོ་དགོས་ན་སུན་སྣང་ཆེ་རུང་། དེང་སང་ནི་ཁོང་ཚོ་སུ་ཡིན་རུང་ང་ལས་གཙང་མ་དང་ཡག་པོ་ཤ་སྟག་ཡིན་སྣང་འཆར་ལ། ཁོང་ཚོ་དང་མཉམ་དུ་ལངས་ཐུབ་པ་ནི་ང་རང་ད་རུང་ལོག་མེད་པ་དང་། གོག་ནས་འགྲོ་མི་དགོས་པ། ཉལ་ས་རུ་ལུས་ཕུང་རྨ་ཡིས་ཁྱབ་ནས་ཉལ་མེད་པའི་རྟགས་མཚན་སོགས་ཡིན་པས། ཁོང་ཚོ་དང་མཉམ་དུ་འགྲེང་སྒུག་བྱེད་པ་དེ་གཟི་བརྗིད་ཅིག་དང་དགའ་བ་ཅིག་ཏུ་བརྩིས་ཡོད། (སྐད་ཆ་འདི་དག་བཤད་རྗེས་སྐར་མ་གཉིས་ཙམ་ལ་གྲགས་འགུལ་ཅི་ཡང་མེད་པར་གྱུར་སོང་། སྐར་མ་གཉིས་ཙམ་གྱི་རྗེས་ནས་ཡང་མུ་མཐུད་དུ་བཤད་རྒྱུར)
དགོངས་དག ང་རང་ངུ་བསྔངས་བྱས་ན་ཁོག་པའི་ནང་གཟེར་བརྒྱུགས་ཏེ་བཟོད་ཐབས་དཀའ་ལ། ནམ་རྒྱུན་ཁོག་པ་བཤལ་དུ་འགྲོ་དགོས་པས་ད་མང་པོ་ཞིག་བཤད་ཀྱང་མི་ཐུབ་ལ། མང་པོ་ཞིག་བཤད་རྒྱུ་ཡང་མི་འདུག གཙོ་བོ་ངས་དེ་རིང་ཁྱེད་ལ་ཤོད་འདོད་པ་ནི་ཁྱེད་ཚོ་སྟེ་ནད་མེད་བདེ་ཐང་དུ་ཡོད་པ་ཚོས་འཛམ་གླིང་འདི་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ཡིན་པ་མ་བརྗེད། ཞིང་ཁམས་འདི་ནས་རང་བདེ་བའི་ཆེད་དུ་གཞན་ལ་གནོད་པ་མ་སྐྱེལ་དང་། ནམ་ཞིག་ཤི་དགོས་རུང་འགྱོད་པ་དང་འཁྲེང་སེམས་ཡོད་དགོས་དོན་མི་འདུག་བསྙམས། བདེ་ཐང་ཡིན་དུས་ནས་རང་ལུས་ལ་བདག་གཅེས་མཛོད་མ་གཏོགས། ནད་ངན་ཕོགས་ཚར་དུས་ཐ་ན་རང་སྲོག་གཅོད་འདོད་རུང་ནུས་པ་དང་སྤོབས་པ་མི་འདུག ཡ ད་བདེ་མོ་གྱིས། (མོས་མོ་རང་གི་མ་འོངས་པའི་འཆར་གཞི་སོགས་བཤད་མ་ཁོམ་པར་གློ་བུར་ཏུ་ཕྱིན་སོང་། ཕྱིན་སོང་བ་དེ་ང་ལ་མཚོན་ན་གྱོང་གུན་ཞིག་ཏུ་འདུག་རུང་། ཞིབ་མོར་འདང་བརྒྱབ་ན། ད་ནི་ཤི་སྒུག་བྱ་རྒྱུ་ལས་ཅི་ཡང་མེད་པ་ཡིན་ནམ་བསྙམས་ནས་ཁ་ཞེ་གཉིས་མེད་ཀྱིས་ཤ་ཚ་དང་སྙིང་རྗེ་ཞིག་སྐྱེས་པ་བརྒྱུད་གཤམ་གྱི་སྐད་ཆ་འདི་སྤེལ་ཁུལ་བགྱིས་པ་ཡིན།)
ཀ་པ། (མ་གཞི་ངས་སྐད་ཆ་འདི་སྤེལ་སྐབས། མོ་རང་གི་skypeགླེང་མོལ་གྱི་མདོག་སྐྱ་བོར་གྱུར་འདུག་པས། ངས་མོ་རང་སྐུད་ལམ་དུ་མེད་པ་ཤེས་རུང་། རྗེས་ཕྱོགས་ཨེ་མཐོང་དུ་རེ་ནས) ཡ གྲོགས་མོ་བཟང་པོ། ཁྱེད་ཀྱིས་ན་ཟུག་དང་དུས་ཚོད་སོགས་ལ་མ་འཛེམ་པར་ངའི་དྲི་བ་དག་ལ་ལན་བཏབ་པར་ཐུགས་རྗེ་ཆེ། ཁྱེད་ཀྱིས་ཉི་མ་དང་མཁའ་དབུགས། འཚོ་བ་སོགས་ལ་བཟུང་བའི་ལྟ་བ་ནི་ངོ་མ་ང་དང་ང་ལྟ་བུ་ཚོས་བསླབ་བྱ་ཉིད་དུ་འདུག་ལ། ངས་ཁྱེད་ཀྱིས་འཁོར་བ་བདེ་སྐྱིད་དུ་ཤེས་པར་དགའ་བ་བཅངས་ཡོད་ལ། བདེ་སྐྱིད་གཅེས་འཛིན་ཐུབ་པར་སྨོན་ལམ་ཡང་བཏབས་ཡོད། ངས་གོ་ཐོས་ཡིན་ན་ཨ་རི་རྒྱལ་ཁབ་ཀྱིས་ཉེ་ཆར་སྨན་རིགས་ཤིག་གསར་གཏོད་བྱ་བཞིན་ཡོད་ལ། མ་འོངས་བའི་ལོ་ངོ་ལྔ་ཙམ་གྱི་ནང་དུ་ཨ་རི་རྒྱལ་ཁབ་ནས་འགྲེམ་སྤེལ་ཐུབ་པའི་གསར་འགྱུར་ཞིག་འདུག དེས་ན་ཁྱེད་ཀྱིས་ཅིས་ཀྱང་རེ་བས་སྒུག་རོགས་དང་། ང་ཚོ་ནམ་ཡང་ཁྱེད་ཀྱི་སེམས་རྟེན་ཡིན།
མེས་རྒྱལ། 1.རང་གི་རྒྱལ་ཁབ། དོགས་ཟོན་ཆེར་བསྐྱེད་ཀྱིས་མེས་རྒྱལ་སྲུང་སྐྱོབ་བྱེད་ལྟ་བུ།(རྒྱ་བོད་མིང་མཛོད་ཆེན་མོའི་འགྲེལ)
2.རང་གི་རྒྱལ་ཁབ་ཀྱི་གུས་ཤིང་གཅེས་པའི་འབོད་མིང་།(དག་ཡིག་གསར་བསྒྲིགས་ཀྱི་འགྲེལ)
3. ལོ་རྒྱུས་འཕེར་འགྱུར་ཁྲོད་མེས་པོས་རིམ་གྱིས་སྒེར་བཟུང་དང་བདག་བཞེས་གནང་ལ། དེ་རིང་བར་རིགས་རྒྱུད་དེའི་ཤ་རྩ་ཁྲག་རྒྱུན་མ་ཆད་པར་གཏན་ཆགས་འཚོ་སྡོད་བགྱིས་ཡོད་པའི་མངའ་ཁོངས།(དྲ་ཐོག་པེ་ཏུའུ་ཡི་འགྲེལ)
དེ་སྐད་སློབ་ཆུང་གི་དུས་ཤིག་ནས་བཟུང“མེས་རྒྱལ་ལ་དགའ་ཞེན་བྱེད་དགོས”ཞེས་པའི་ཞག་ཁུ་སྣུམ་བག་ཙིག་གེ་བ་དེ་གདུ་ལྷོག་རྒྱག་གིན་ཀླད་རྐོང་རུས་པའི་མཁྲེགས་སུ་བླུགས་ཤིང་བླུགས་པས་ན། དུས་ཡུན་རིང་མོ་ཞིག་གི་རིང་བྱིས་བློའི་ལྡེབས་ལ་བརྐོས་ཡོད་པའི“རྒྱལ་ས་པེ་ཅིན”དང“གནམ་བདེ་སྒོ་མོ་ཆེ”“ སྐར་ལྔའི་དར་དམར”དང “མི་དམངས་དཔའ་བོའི་རྡོ་རིང”སོགས་རགས་པའི་གཟུགས་དབྱིབས་ཀྱི་འདྲ་རིས་དག་མཐོང་འོང་ཚེ་སེམས་ལ་སྨྲ་མི་ཤེས་པའི་དགའ་ཚོར་གཡའ་འཕྲུག་ལྟ་བུ་ཞིག་ཟ་ཡོང་། ད་དུང“ཤར་ཕྱོགས་དམར། ཉི་མ་ཤར” “པེ་ཅིན་གྱི་གསེར་རི་ནས”“སྤྱི་ཚོགས་རིང་ལུགས་བཟང”སོགས་གླུ་དབྱངས་དག་གློག་དུང་དང་སྒྲ་སྡུད་འཁོར་ལོ་ནས་མཆེད་ཡོང་ཚེ་བརྗོད་དུ་མི་བཏུབ་པའི་གུས་དད་ཅིག་གིས་ཤ་ཟིང་སྤུ་ཞོགས་རྒྱག་ཏུ་འཇུག ད་དུང“མེ་གོ་བཙན་རྒྱལ་རིང་ལུགས”དང “དབྱིན་ཇི་མ་རྩ་རིང་ལུགས”“གོ་མེན་ཏང་ལོག་སྤྱོད་ཤོག་ཁག” “ལེན་པའོ་དང་མི་བཞི་ཚོགས་ཁག”སོགས“མ་རུངས་དགྲ་གཤེད”ཀྱི་མིང་ཐོས་ཡོང་ཚེ་གར་ཡོང་མི་ཤེས་པའི་ཤ་འཁོན་ཉི་ཚེ་བ་ཞིག་གིས་ལྟོ་བ་དབུགས་ཀྱིས་སྦུད་ཡོང་། ཡ་ཁོག་མེ་ཡིས་སྦར་ཡོང་། སྐབས་འདིར་གལ་ཏེ་དར་ཆས་དམར་ཁྲིད་རྒྱག་མཁས་པའི་རླབས་ཆེན་གཙོ་འཛིན་གྱིས་རྒྱོབས་ཟེར་ན་ཨ་ཕའི་མགོར་རྒྱག་སྲིད་ལ། རྒྱུགས་ཟེར་ན་དམྱལ་བའི་འཁྲང་ཡིན་རུང་ནེམ་ནུར་ཅི་ཡང་ཡོད་མི་དཔེ། འོན་ཏེ་རླབས་ཆེན་གཙོ་འཛིན་གྱིས“དམྱལ་བ”ཁས་མི་ལེན་པས་ང་ཚོ“རིག་གནས་གསར་བརྗེ”ཡི་དམྱལ་བའི་མེ་མུར་དུ་མཆོང་སྟེ“གྲལ་རིམ་འཐབ་རྩོད”གྱི་ཁུ་ཚུར་རྣོ་ལྕགས་འདྲ་བ་དེས། སྙིང་རྗེ་དང་ཡ་ང་སྤུ་ཙམ་མེད་པར་ལྷ་འདྲེ་གདོན་བགེགས་དང་གྲལ་རིམ་དགྲ་བོ་ཡི་མགོ་དང་ལུས་ལ་བར་མཚམས་མེད་པར་གཞུས་ཏེ། ཡང་དག་པའི་འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་གྱི་གསར་བརྗེའི་རྒྱལ་ཁ“མི་དམངས་གུང་ཧྲེ”སྲ་བརྟན་ནས་སྲ་བརྟན་དང་སྟོབས་ལྡན་ནས་སྟོབས་ལྡན་དུ་གཏོང་ངེས……
ལོ་དང་ཟླ་བའི་ཧྲམ་ཧྲམ་ཁྲུལ་ཁྲུལ་གྱི་འཐིག་ཆུ་ཕྲ་མོས་ཨ་འཐས་སེམས་ཀྱི་རྡོ་གཅལ་རིང་མོ་བཤལ་ཞིང་བརྡར་དེ་ཡོང་ན། རིག་པའི་ཕྲ་ཕུང་གི་རྩ་ཁ་རྩེ་མོ་བག་ཙམ་བག་ཙམ་ཕྱེ་སྟེ་ཡོང་ལ། ད་དུང་ཡང་བག་ཆགས་སྦུབས་ཀྱི་བུས་པ་རློན་ནུ་དེས་མཚན་ཡེལ་དུ་ངུ་ཁུན་འཁོར་མོ་གཏོང་། 《དག་ཡིག་གསར་བསྒྲིགས》 དང 《རྒྱ་བོད་མིང་མཛོད་ཆེན་མོ》སོགས་ཀྱིས“མེས་རྒྱལ”ལ་འགྲེལ་རྒྱག་དུས་བོར་བཞག་པའི “མེས་པོ”ཞེས་པའི་ཐ་སྙད་དེས་ཀྱང་། གྱོ་ཐོག་སྔོན་མོ་གང་ཞིག་གི་སྤེན་འདབ་ནས་སེང་ལྡེང་གི་དུང་མོ་ཆེ་སྐོར་འབུད་བྱེད་ལ་གངས་གསེབ་རི་རྒོད་གང་ཞིག་གི་ནུབ་རླུང་ནས་མི་རྐང་གི་གླིང་བུས་ཙག་རྒྱང་འབུད། དེ་ནི་ཅིའི་ཕྱིར་ཡིན་ནམ། དེ་ནི་ཅི་ཞིག་ཡིན་ནམ།
སློབ་གཉེར་གྱི་ཕྱིར། ལས་ཐོབ་ཀྱི་ཕྱིར། དཔོན་ས་ཡི་ཕྱིར། ཕོགས་དངུལ་སྣོན་འཕར་གྱི་ཕྱིར། བྱ་བ་ལེགས་སྡོམ་གྱི་ཕྱིར། མགོ་ཁྲིད་ཀྱི་འཛུམ་ཆུང་དཀར་ལི་རེ་ཁུགས་པའི་ཕྱིར། ལས་གྲོགས་ལས་ཁ་གསེག་གཅམ་སྐད་རེ་ཐོབ་པའི་ཕྱིར། བདག་གིས་དེ་རིང་བར་རིགས་ཐ་ཐད་པའི་རེའུ་མིག་བརྒྱ་ཕྲག་སྐོར་དུ་ལོངས་པ་སྐོང་འབྲི་བྱས་ཏེ་ཡོང་བ་ཡིན། དེ་ཡང་སྒྱུ་མའི་རྐན་དྲ་ལྟ་བུའི་རེའུ་མིག་དེ་དག་གི་འཕྲང་སྒོ་གཙོ་བོ་ནི“ཆབ་སྲིད་བཤེར་རྩིས”སམ“ཆབ་སྲིད་བསམ་བློའམ”“ཆབ་སྲིད་དཔྱད་མོད” དམ“ཆབ་སྲིད་གོ་རྟོགས” སོགས་བྲི་བར་བྱེད་དགོས་པའི་སྟོང་ཆ་གཉན་གྱི་སྒུག་ལམ་འདྲ་བ་དེ་རེད། ལར་རྫུན་སྨྲ་མཁན་ནི་མི་ཡི་ཐ་ཆད་ཐུང་གྲས་ཡིན་རུང་། ལོ་ངོ་དུ་མའི་རིང་བདག་གིས་ཁ་སྟབས་ངག་འགྲོས་ནས་གདོང་འབག་ལུས་ཚུགས་བར་འགྱུར་བ་སྤུ་ཉག་ཙམ་མེད་པར། བློ་སྟོབས་ཆེན་པོས་ངང་སྨྱུ་གུ་སག་སག་སྒུལ་གྱིན“མེས་རྒྱལ་ལ་དགའ་ཞེན་ཆེ། ཏང་ལ་བློ་དཀར། མའོ་ཙེ་ཏུང་དགོངས་པ་དང་མར་ལེ་རིང་ལུགས་ལ་དུས་རྟག་ཏུ་སློབ་སྦྱོང་ཧུར་ཐག་བྱས་པ་ཡིན”སོགས་གཤོབ་རྒན་སྲིད་པའི་རི་རྒན་གྱིས་ཀྱང་མི་ཐེག་པ་གཏམ་བཞག་པ་ཡིན། དེ་རིང་ཞིབ་འདང་ཕྱིར་ལ་བསྐོར་ན་དེ་དག་གི་ཁྲོད་ནས་གཅིག་ལ་ང་རང་དངོས་ནས་དགའ་ཆོག་ཆོག་ཏུ་འདུག དེ་བས་རྫུན་དུ་ཡང་འགྲོ་མི་སྲིད། དེ་ནི་དེ་རིང་འདིར་གླེང་གིན་པའི“མེས་རྒྱལ”ཟེར་བའི་ཐ་སྙད་འདི་དང་ཐ་སྙད་འདིའི་མཚོན་དོན་མ་ལུས་ཡིན། དེ་ནི་ཙིག་སྐྱག་ཟངས་ང་གང་གི་ནང་དུ་ལྡེ་གུ་ཐིགས་པ་གཅིག་ལྷུང་བ་ཡིན་ཞེས་བཤད་ན་མི་ཆོག་རྒྱུ་ཡོད་དམ།
དེ་ལྟ་ན་བདག་གིས་དེ་རིང་ནས་རང་ཉིད་གཏོགས་པའི་རྒྱལ་ཁབ་དང་རང་ཉིད་དགའ་སའི་མེས་རྒྱལ་སོ་སོར་ཕྲལ་ཏེ་དགར་བཞག་པ་ཡིན། མར་ཁེ་སིས “རྒྱལ་ཁབ”ནི་དྲག་ཤེད་ཀྱི་འཕྲུལ་འཁོར་ཆེན་པོ་ཞིག་སྟེ། དེ་ཡང་གྲལ་རིམ་ཞིག་གིས་གྲལ་རིམ་གཞན་ཞིག་ལ་རྩ་འཛུགས་ཡོད་པའི་ངང་དམ་དྲག་གཏོང་བའི་དྲག་ཤེད་ཅིག་ཡིན་པར་འདོད། ཨིན་ཀུ་སིས“རྒྱལ་ཁབ”ནི་དཔལ་འབྱོར་སྟེང་དབང་སྒྱུར་གོ་ཐོབ་ཡོད་པའི་གྲལ་རིམ་ཞིག་གིས་གྲལ་རིམ་གཞན་ཞིག་ལ་དབང་སྒྱུར་བྱེད་པའི་ཆབ་སྲིད་དབང་ཆའི་སྒྲིག་གཞི་ཞིག་ཡིན་ཟེར། གང་ལྟར་བདག་གིས་རང་གི་གོ་བ་ལོན་སྟོབས་ལྟར་བལྟས་ན། རང་གི་ཁྱིམ་ཚང་དུད་ཐོ། སྡོད་དམངས་ཐོབ་ཐང་ལག་ཡིག སློབ་མཐར་ཕྱིན་པའི་དཔང་ཡིག གཉེན་སྒྲིག་དཔང་ཡིག སྡོད་ཁང་གི་ཁེ་དབང་ཡི་གེ། སྨན་བཅོས་བདེ་སྲུང་འཛིན་ཡིག ཟླ་ཕོགས་དངུལ་བྱང་སོགས་འགྲོ་འདུག་འཆག་ཉལ་གྱི་ཁག་ཐག་དཔང་ཡིག་གང་ལ་བལྟས་ན་ཡང་། རང་ཉིད་ནི་མི་གྲངས་དུང་ཕྱུར་བཅུ་གསུམ་ལས་བརྒྱ་ཆའི་གོ་བདུན་ཡན་ཟིན་པའི་རྒྱ་ནག་མི་རིགས་ཀྱིས་གཙོ་བོར་གྲུབ་པའི་རྒྱལ་ཁབ——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་འབངས་རྐང་ཐུར་གཅིག་ཡིན་པ་བསྙོན་དུ་མི་འདུག དེ་བས་དེ་རིང་བར་སྐར་གང་ཙམ་གྱི་མི་སྒེར་གྱི་འགྲོ་གྲོན་ཚུན་ཆོད་ལས་ཆག་མེད་ཆད་མེད་ངང་རྒྱལ་ཁབ་ཅེས་པའི་སྤྱི་མཚན་རགས་པ་འདི་ལ་ཁྲལ་བོགས་མཇལ་ཏེ་འོང་བ་ཡིན་ལ་དེ་ནི་ངའི་འོས་འགན་ཡང་ཡིན། དེ་བཞིན་དུ་ངའི་འགྲོ་བདེ་འདུག་བདེ་དང་ན་ཚ་སྐྱིད་སྡུག་ལ་རོགས་སྐྱོར་དང་སེམས་འཁུར་བྱེད་དགོས་པ་ཡང་རྒྱལ་ཁབ་འདིའི་གཡོལ་དུ་མེད་དུ་འོས་འགན་རེད། འདི་ནི་རུ་སོས(卢梭)གསུང་བའི《སྤྱི་ཚོགས་གན་འཆིང་རྣམ་བཤད》ཀྱི་སྙིང་དོན་གཙོ་བོའི་གྲོས་ཤིག་ཀྱང་རེད། དེ་བས་རྒྱལ་ཁབ་ནས་འཚོ་བའི་བེད་གླ་རིན་མེད་དུ་བླངས་སོང་སྙམ་སྟེ་མི་རྣམས་ངོ་གནོང་དགོས་དོན་མེད་ལ། དེ་བཞིན་ཆབ་འབངས་ཀྱི་ལག་ནས་ཁྲལ་བོགས་ལེན་རྐྱང་བྱས་སོང་སྙམ་སྟེ་རྒྱལ་ཁབ་ཀྱང་དོགས་མི་བདེ་དོན་ཡོད་མི་སྲིད། མདོར་ན་འདི་ནི་རྒྱལ་ཁབ་དང་མི་བུ་སྟེ་ཕན་ཚུན་གཞོག་གཉིས་ཀྱི་ཁེ་ཕན་གོང་བུ་གཅིག་ཏུ་དྲིལ་བ་ཙམ་རེད། ཡང་ན་དམངས་གཙོ་དང་རང་དབང་གི་རྒྱལ་ཁབ་ཅེས་པའི་ཆེས་རྩ་བར་གྱུར་བའི་སྤྱི་ཚོགས་རྟེན་གཞི་ཡང་རེད།
དངོས་པོའི་འཚོ་བ་སྐྱེལ་སའི་རྒྱལ་ཁབ་དེ་གཏན་ལ་ཕབས་རྗེས་ངས་རང་ཉིད་ཀྱི་བསམ་བློའི་མེས་རྒྱལ་དེ་གང་ན་ཡོད་པར་བསམ་བློ་གཏོང་བ་ཡིན། མེས་རྒྱལ་དང་རྒྱལ་ཁབ་ཀྱི་རྩ་བའི་དབྱེ་ཁྱད་འབྱེད་དུས་ཨུན་ཀུ་སིས(恩格斯) “མེས་རྒྱལ་ནི་ས་ཁོངས་དང་རིག་གནས། ལོ་རྒྱུས་དང་ཆོས་ལུགས་གཅིག་པའི་འཚོ་སྡོད་ཡུལ་གྱིས་ཐག་གིས་གཅོད། ད་དུང་ལན་རེར་མི་རིགས་དང་མྱི་རྒྱུད་སོགས་ཀྱིས་ཀྱང་བཤད་ལ་དེ་ནི་བརྩེ་དུང་གིས་ཡོངས་སུ་ཕྱུག་ཡོད་པ་ཞིག་རེད” ཟེར།
འོ་ན་ངའི་དེ་ལྟའི་མེས་རྒྱལ་དེ་གང་དུ་ཡོད་ན།
སྲིད་པ་དུང་གི་ཁྱུང་སྒོང་ནས་སྨོན་པའི་མི་ཕོ་ལུམ་ལུམ། ཡར་ལུང་ཡུམ་བུ་བླ་སྒང་ནས་རྗེ་གཅིག་གཉའ་ཁྲི་བཙན་པོ། ཞང་ཞུང་གཟི་རྡོ་ཁྲ་མོ་ནས་གཉན་པོ་གསང་བ་མཆོད་པ། གཤེན་ཡུལ་འོལ་མོ་ལུང་རིང་ནས་བོན་སྟོན་གཤེན་རབ་མི་བོ། དེས་པའི་མེས་དབོན་རྣམ་གསུམ་ནས་མཛངས་པའི་མཁན་སློབ་ཆོས་གསུམ། ཨ་ནུའི་གཅེས་སྲོག་ཀ་མད་ནས་ཡི་གེ་བཅག་པའི་རྡོ་རིང་། བསམ་ཡས་གཙུག་ལག་རལ་པོ་ནས་ཕོ་བྲང་རྡོ་བའི་རྐས་རྙིང་། འུ་དམ་བཙན་པོའི་མནོ་བསམ་ནས་ལྐོག་མདའི་མུན་ཁྲོད་རྐན་སྒྲ། གུ་གེའི་མཁར་ཆག་གྱང་ཧྲལ་ནས་ཙོང་ཁའི་ཇོ་སྲས་ངག་རྒྱུན། དགའ་ལྡན་རྡུལ་སྐྱའི་སྟོང་འཇགས་ནས་ལིང་ཇིའི་ས་པཎ་བང་སོ། “འཆལ་པོ”དྭངས་བཟང་དབང་བོ་ནས“སྨྱོ་འབོག”དགེ་འདུན་ཆོས་འཕེལ། “ཁྲི་བདུན་ཡི་གེའི” འོ་དོད་ནས་ཏི་སེའི་རྒྱབ་ཀྱི་བྱང་སེམས། ལངས་ཚོའི་རྦབ་ཆུའི་མཆོང་སྟོབས་ནས་གནམ་ས་གོ་རུ་འབྱེད་པ……
ཇོ་མོ་བླ་རི་ནས་མདོ་ལ་རིང་མོའི་བར་ཁྱབ་པ་འདི་དག རྨ་འབྲིའི་མགོ་ཁུངས་ནས་ཁྲི་ཤོར་རྒྱལ་མོའི་བར་བརྡལ་བ་འདི་དག ལོ་རྒྱུས་ཀྱི་གསང་བ་ནས་རྒྱུ་འབྲས་ཀྱི་བག་ལ་ཞ་བ་འདི་དག དམར་ནག་ཁྲག་གི་ཀླུང་རྒྱུན་ལ་བྲག་ཆ་རུ་འཁོར་ཡོད་པའི་ངའི་མེས་རྒྱལ་གྱི་གླུ་སྒྲ་མ་ཡིན་ནམ། རུས་རྐང་ཨ་དཀར་རྡོ་བའི་རི་མོ་རུ་བརྐོས་ཡོད་པའི་ངའི་མེས་རྒྱལ་གྱི་ས་བཀྲ་མ་ཡིན་ནམ།
དེ་རིང་བདག་སྲིད་པའི་ཟེ་བར་འགྱིང་སྟེ་སྐད་ཤུགས་ཆེན་པོས་འདི་ལྟར་སྒྲོག་འདོད---ང་རང་མེས་རྒྱལ་ལ་དགའ་ཞེན་ཆེ། ང་རང་ཤ་ཁྲག་རུས་པའི་གཏིང་ནས་རང་གི་མེས་རྒྱལ་ལ་དགའ་ཞེན་ཆེ།
2010.8.31