པེ་ཅིན་ནས་ལྷ་ས་དྲན་ཚུལ།
རྒྱ་ནག་གོང་མའི་ཕོ་བྲང་གི་ཁང་ཁྱིམ་ལྷག་མ་དེ་དག
ལག་སྟོང་དུ་ལུས་པའི་རྒན་པོ་ཞིག་དང་འདྲ་བར
གྲོང་ཁྱེར་གྱི་བྲང་གཞུང་ན་གཉིད་ནས་འདུག་པས
ངས་པོ་ཏ་ལའི་དབུ་རྩེ་ཡི་སྤྲིན་པ་དེ་དག་དྲན་བྱུང
སྤྲིན་པ་དེའི་ཁ་དོག་དྲན་བྱུང ཁ་དོག་དེ་ཅི་ཞིག་ཡིན་ནམ་སྙམ་བྱུང
སོག་མི་བཙན་པོ་དག་གི་རྑང་རྗེས་ཀྱིས་ཁེབས་པའི་ཕོ་བྲང་དེ་ནས
ངས་ས་སྐྱ་བ་དེ་ཚོའི་ཐེམ་ཀ་མང་པོ་དེ་དག་དྲན་བཞིན ཇི་ལྟར་བྱས་ན་བསམ་བྱུང
ས་སྐྱ་པེན་ཆེན་ཟེར་བ་དེ་ཡང་གླུ་བ་ངོ་མ་ཞིག་ཡིན་མིན་གྱི་ཚོར་བའང་སྙིང་ནས་ལྡིང་ཡོང་གི
དུས་གསུམ་གྱི་འགྱུར་བ་ཆེ་བའི་ལྷ་ས་དང
ཕར་སོང་གི་པེ་ཅིན་གྱི་ལོ་རྒྱུས་ནི་མཚེ་མ་ཞིག་དང་འདྲ་བས
དུས་ཚོད་འདི་འཁོར་གྱིན་པ་ཡང་དུས་ཚོད་ཀྱི་ནག་ཉེས་རེད་འདུག
ནག་ཉེས་འདིའི་ངོ་གདོང་ནས་བབས་པའི་ཚ་དྲོད་འདི་དག
སྙིང་རྗེ་མེད་པར་ངའི་ལུས་སྟེང་དུ་གཅིག་རེ་གཅིག་རེ་ཡིས་ཟེགས་དུས
ངས་ཉི་མ་ལྷ་སའི་ཉམ་ཆུང་གི་གཤིས་ཀ་དེ་དྲན་བྱུང
ངས་ཕ་ཡུལ་མི་དམངས་ཀྱི་རྒྱལ་ས་པེ་ཅིན་དེ་མཐོང་བྱུང
ད་དུང ངས ཨ་ཕའི་དབུ་སྐྲ་དཀར་པོ་དེ་ཡང་དྲན་བྱུང་ཨང
༢༠༡༠ལོའི་ཟླ༧པའི་ཚེས༣༠ཉིན་པེ་ཅིན་ནས་བྲིས།
འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ལ་ཕུལ།
དྲིན་ཆེན་ཨ་མའི་བྱམས་བརྩེ་ཡོད་སའི་ཁྱེད་ཀྱི་ཕ་ཡུལ་འབའ་ཐང་འདི།།
དྲིན་ལྡན་ཕ་ལོའི་ཁ་ཏ་ཡོད་སའི་ཁྱེད་ཀྱི་ཕ་ས་འབའ་ཐང་འདི།།
མཐོན་པོའི་སྤྲིན་དཀར་ཐོད་དུ་བཏེགས་ནས་དེ་རིང་ཨ་ཕོ་ཐོན་ནས་ཡོད།།
ལེ་དབར་སྟོང་གི་ལམ་ཐག་བཅད་ནས་དེ་རིང་འདིར་རུ་སླེབས་ནས་ཡོད།།
རྩྭ་ཐང་སྟེང་གི་མེ་ཏོག་དེ་ཚོ་ཁྱེད་ཀྱི་མཛེས་ཉམས་ཨེ་ཡིན་བསམ།།
དྭངས་ཤིང་གསལ་བའི་ཆུ་ཕྲན་འདི་དག་ཁྱེད་ཀྱི་ཁྲག་རྒྱུན་ཨེ་ཡིན་བསམ།།
རི་བོའི་རྩེ་མོ་སྤྲིན་དང་འདྲེས་པ་ཁྱེད་ཀྱི་སྤོབས་པ་ཨེ་ཡིན་བསམ།།
དེ་རིང་དགུང་གི་ཉི་མ་འདི་ཉིད་ཁྱེད་ཀྱི་ཞལ་རས་ཨེ་ཡིན་བསམ།།
མི་ལོ་བཅོ་བརྒྱད་བཙོན་དུ་བཅུག་པ་ཕ་ས་འདི་ཡི་ཆེད་དུ་ཡིན།།
གཞན་གྱིས་ཁྱེད་ལ་ཞྭ་མོ་གཡོགས་པ་ཕ་ཡུལ་འདི་ཡི་ཆེད་དུ་ཡིན།།
མར་ལེ་རིང་ལུགས་ནན་གྱིས་བསླབས་པ་བོད་པ་ཚང་གི་ཆེད་དུ་ཡིན།།
མི་སེར་རྒྱལ་ཁབ་ངོ་རྒོལ་བྱས་པ་ཕ་ཁྱིམ་འདི་ཡི་ཆེད་དུ་ཡིན།།
ཁྱེད་ཀྱི་གཅེས་པའི་ཕ་ཡུལ་འདི་ཡང་ད་དུང་གཞན་གྱི་དབང་དུ་ཡོད།།
ཁྱེད་ཉིད་དགའ་བའི་འབའ་ཐང་འདི་ཡང་ད་དུང་ཕམ་ཁའི་ཀློང་དུ་ཡོད།།
ཁྱེད་ཀྱི་ཕུ་ནུ་གཉེན་ཉེ་དེ་ཚོར་ད་དུང་བཤུ་གཞོག་གཏོང་མཁན་ཡོད།།
ཁྱེད་ཀྱི་ཕུགས་བསམ་དར་དཀར་འདྲ་བོ་ད་དུང་མ་འགྲུབ་ལྷག་ནས་ཡོད།།
དཔའ་རྒོད་སྟོང་གི་ཟུངས་ཁྲག་བཞུར་ས་ཁྱེད་ཀྱི་ཕ་ཡུལ་འབའ་ཐང་རེད།།
སྨན་ཆུང་བརྒྱ་ཡི་ཤེས་རབ་རྒྱས་ས་ཁྱེད་ཀྱི་ཕ་ཡུལ་འབའ་ཐང་རེད།།
ཕ་ཡུལ་འབའ་ཐང་ཡིད་ལ་དྲན་ནས་ཁྱེད་ཀྱིས་མིག་ཆུ་ཨེ་ཤོར་ཐལ།།
ཕ་ས་འཛིན་འདོད་སེམས་ལ་འཆར་ནས་ཁྱེད་ཀྱིས་འོ་བརྒྱལ་ཨེ་མྱོང་ཐལ།།
མི་རིགས་འདི་ཉིད་སེམས་ལ་ཉར་ནས་ལོ་ཟླའི་འཁོར་སྐར་ག་ཚོད་འགོར།།
བོད་པ་ཚང་གི་བདེ་སྐྱིད་ཆེད་དུ་རྨི་ལམ་རྨིས་ནས་ག་ཚོད་འགོར།།
བོད་འབངས་ཡོངས་ཀྱི་འཚོ་གནས་ཕྱིར་དུ་འདུར་རྒྱུག་བྱས་ནས་ག་ཚོད་འགོར།།
ད་དུང་མ་འགྲུབ་སེམས་འཁུར་དེ་ཡིས་སྡུག་ལ་སྦྱར་ནས་ག་ཚོད་འགོར།།
ཁ་ཐག་རིང་བའི་སྐུ་མགྲོན་ང་ནི་མདོ་སྨད་ཨ་མདོའི་ཕྱོགས་ནས་ཡིན།།
ཁ་མིན་སྙིང་གི་སེམས་གཏམ་འདི་དག་ཁྱེད་ལ་ལེགས་སྐྱེས་ཁྱེར་ནས་ཡོད།།
ཁ་སེམས་མཐུན་པའི་སྤུན་ཟླ་ཁྱེད་ལ་མ་མཇལ་སེམས་པ་སྡུག་ནས་ཡོད།།
ཁ་བའི་ལས་དབང་ཅི་ལྟར་སྡུག་རུང་ང་ཚོའི་འབད་པ་བྱེད་རྩིས་ཡོད།།
ཀ་ཁ་སུམ་རྟགས་དག་གསུམ་ཕལ་ཆེར་ལ་ཐུན་མོང་།།
ཁ་ནས་བཤད་སྟངས་འབྲི་ལུགས་མང་པོ་ལ་ལོབས་འདུག།
ག་མིན་འདི་ཡིན་མེད་པ་སྙན་ངག་དང་འབོལ་རྩོམ།།
ང་ཚོའི་རང་མོས་སྔོན་གྱི་སྲོལ་རྒྱུན་ཞེས་འགལ་འདུག།
ཅ་དག་ཁྱབ་བརྡལ་བྱེད་པའི་འཆར་གཞི་དང་བྲལ་ནས།།
ཆ་གཅིག་གོང་འཕེལ་གཞན་རྣམས་ཉམས་རྒུད་དུ་འགྲོ་བས།།
ཇ་བཤད་ཆང་བཤད་འདྲ་བའི་རྩོམ་རིག་གི་ལམ་སྲོལ།།
ཉ་བཞིན་གཅིག་གྱུར་བགྲོད་པའི་གཞུང་ལམ་ཞིག་ཡོད་དམ།།
ཏྰ་རིན་དཔོན་རྣམས་འདི་ལ་གཟིགས་ཆུང་རང་གནང་བྱུང་།།
ཐ་མལ་བ་རྣམས་འདི་དང་འབྲལ་མེད་དུ་གྱུར་བས།།
ད་ལྟ་བ་རྣམས་རང་མོས་རང་ལུགས་སུ་འཁྱེར་ཞིང་།།
ན་ཚོད་རྒན་རྣམས་བཏང་སྙོམས་རང་མལ་ན་གནས་འདུག།
པ་ཊུ་མཁས་པ་སྔོན་མའི་སྲོལ་རྒྱུན་དང་བསྟུན་ན།།
ཕ་མེས་དགའ་ཡང་ད་ལྟའི་མོས་པ་དང་འགལ་འགྲོ།།
བ་དན་སྐྱོད་འདྲ་དེང་རབས་རང་མོས་དང་བསྟུན་ན།།
མ་གཞི་སྔོན་རབས་གོང་མའི་གཞུང་ལུགས་དང་མི་མཐུན།།
ཙན་དན་སྔོན་ནས་ཡོད་པ་ད་ལྟ་ཡང་ད་ལྟ་ཡང་མཁོ་ཞིང་།།
ཚ་སེལ་ཡོན་ཏན་ལྡན་ན་གོང་འཕེལ་དུ་གཏོང་རིགས།།
ཛ་ཏི་ད་ལོར་བཏབ་པ་སང་ལོར་ཡང་ཕན་པས།།
ཝ་ལེར་རླུང་ནད་སེལ་ན་ད་ལོར་ཡང་འདེབས་ལྟར།།
ཞ་སྨྱུགས་ལྕགས་སྨྱུགས་འཛིན་མཛད་རྒན་གཞོན་རྣམས་བགྲོས་ནས།།
ཟྭ་ལ་ལྡེ་མིག་ལྟ་བུའི་ཐབས་ཤེས་ཤིག་བཙལ་ཏེ།།་
འ་ཅག་བོད་ཀྱི་རྩོམ་རིག་ས་སྟེང་གི་རིན་ཆེན་།།
ཡ་མེད་འདི་ལ་གནའ་དེང་ཟུང་འབྲེལ་ཞིག་ཨེ་མཁོ།
ར་བ་གངས་རིས་བསྐོར་ཀྱང་རིག་གནས་དང་བྲལ་ཚེ།།
ལ་ལུང་ཁ་བས་གྲང་ངར་ལྡང་བ་ལས་ཅི་ཞིག།།
ཤ་རྒྱས་ཁྲག་དར་ཕྱུག་ཀྱང་རིག་གནས་དང་བྲལ་ཚེ།།
ས་སྟེང་ཁ་རྒྱབ་ཙམ་གྱིས་འཚོ་བ་ལས་མི་འདུག།།
ཧ་ཅང་གཏིང་ཟབ་འཇིག་རྟེན་བདེ་སྐྱིད་ཀྱི་རྩ་བ།།
ཨ་ཁུ་དགེ་རྒན་སློབ་མའི་རྩོམ་རིག་གི་ཕྱག་ལས།།
ཨ་ཧོ་ད་ལྟ་གནའ་དེང་གཉིས་འགལ་དུ་གྱུར་ན།།
ཧ་ལམ་བར་བརྒལ་དུས་འདིར་ལམ་སྟོན་ཞིག་གནང་རོགས།།
2005.6
ཚངས་དབྱངས་རྒྱ་མཚོ།
མགྲིན་པ་ཀྱོག་ཀྱོག་གིས་འགྲོ་བའི་གྲྭ་བ་དེ
ལྷ་སའི་ཆང་སེར་ལ་སྦངས་པའི་སྦྲང་ཐལ་ཞིག
གཤོག་པའི་འོད་ཟེར་གྱི་སྣེ་གཉིས
ཚིག་གྲུབ་ཀྱི་བར་ལས་ཐོར་ཞིང
རས་ཡོལ་དམར་པོ་ལྟ་བུའི་མགུར་གླུ་དག
བར་སྐོར་གླིང་གི་ལྡེབས་ངོས་སུ་འབྱར་བའི་སྐར་མ་ནག་པོ་འདྲ
སྨུག་འགྱུ་ལྟ་བུའི་ལོ་གཅིག་གི་དུས་ཚོད་གཅིག་ལ
ཤེལ་དམ་ཁ་རུ་སྐྱོམས་པའི་ཉི་འོད་ཀྱི་རྣ་ལོང་ནི
སྐྱིད་ཆུའི་འགྲམ་དུ་གསིལ་བའི་ཏིང་ཤག་གི་སྒྲ་དང
ལྷ་སའི་ཨ་མ་རྒན་མོའི་རྨི་ལམ་གྱི་གངས་རི་དེ
གྲྭ་ཤག་གི་མལ་གོས་སུ་འབྱར་བའི་རྡེའུ་དཀར་ནག་གཉིས
མེ་ལོང་ལྟ་བུའི་ལག་མཐིལ་དུ
དམངས་ཀྱིས་ལྷན་པའི་དོང་ཙེ་གཅིག
སྤེན་མའི་མེ་ཏོག་དང་མཚུངས་པར་བཞད་ཡོད་ཅིང
དོང་ཙེ་དེའི་ཁ་དོག་གི་རོ་ལ་འཁྱིལ་བའི་སྒྲ་དབྱངས
བར་སྣང་ན་བྱོ་བའི་དག་ཞིང་གི་ཐིགས་པ་ཞིག
གྲྭ་བ་དེ རྨི་ལམ་དེ
དུས་རྟག་པར་གསེར་གྱི་ཕབ་རྩི་བྱུགས་པའི་གྲྭ་ཤག་དེ
གཡང་རོང་གི་རྦབ་ལ་ཉིལ་བའི་ལོ་ཟླ་དག་ལ
ཆུང་གྲོགས་ཀྱིས་སྒུལ་གྱིན
བསླབ་ཁྲིམས་ཀྱིས་སྡོམ་གྱིན
སྣེ་གཉིས་ན་ངང་སྒུག་གིས་འདར
པེ་ཅིང་ནས་ཐེན་ཅིན་བར་དུ།
པེ་ཅིང་གི་ཆར་ཐིགས་མེ་རུ་འབར
གནའ་བོའི་ཕོ་བྲང་གི་འགག་སྒོ་རེ་རེ་བསྲེགས
ལྕགས་རིའི་རྡོ་ལེབ་ལ་རྣོ་ངར་འཕྱུར
ཐེན་ཅིན ངལ་གསོ་འཚམ་ས་དེ་ཡིན་ངེས
པེ་ཅིང་ནས་ཐེན་ཅིན་བར
ལམ་གྱི་མེ་ཏོག་གི་དྲི་ངད་འཁྱིལ
གཞུང་ལམ་གྱི་ཐེམ་པ་རེ་རེ
བརྒལ་དགོས་པའི་རླུང་བུའི་ཚ་དྲོད་ཡིན
ཚ་བ་ཆེ་དྲག
རླིག་རྩའང་རློན་པར་བྱེད་པའི་པེ་ཅིང
རྔུལ་ཆུ་འཐོར་སྲིད་པའི་ཐེན་ཅིན་དང་འདྲ་བོ་མི་འདུག
ཐེན་ཅིན སྒྲོལ་མའི་ཐང་ཀ་འཚོང་ས
ཐེན་ཅིན མ་ཎིའི་འགྱུར་ཁུགས་དྭངས་ས
པེ་ཅིང་ལས་རིང་ཙམ་འདུག
༢༠༡༠.༠༧.༣༠.ཉིན་པེ་ཅིང་དུ་བྲིས།
མདང་དགོང་ངས་རྨི་ལམ་ཞིག་རྨིས་བྱུང་ལ།
དེ་ཡང་རྨི་ལམ་རྒྱུན་ལྡན་ཞིག་མ་རེད།
ངེད་ཚང་ལ་རྟ་རྒན་ཞིག་འདུག་ཅིང་།
རྟ་རྒན་དེའི་རྒྱབ་ཡོངས་རྫོགས་རྨ་རེད་འདུག
རྨ་ཁ་དེ་ཡོངས་སུ་རུལ་ནས་དྲི་ངན་ཁ་གི་འདུག
སྐྱག་སྦྲང་སྟོང་ཕྲག་མང་པོས་རྟ་རྒན་གྱི་རྒྱབ་རྨའི་ནང་དུ་ཚང་བཅོས་འདུག
ཁོ་ཚོ་གཅིག་པོ་ཡིན་ན་འགྲིག་སྟེ།
ཁོ་ཚོས་ཚིམ་པ་མེད་པའི་ངང་རང་རང་གི་བུ་རབས་ཚ་རྒྱུད་དག་ཀྱང་གསོ་སྤེལ་བྱེད་བཞིན་འདུག
རྟ་རྒན་གྱི་རྒྱབ་རྨ་ཆེ་ཇེ་དང་ཇེ་འཇིགས་རེད།
ངོས་ལ་ལ་ནས་རུས་པ་ཡང་དཀར་སེང་ངེར་མཐོང་གི་འདུག
ཡིན་ན་ཡང་རྟ་རྒན་དེས་འགུལ་ཙམ་ཡང་མི་བྱེད་པར་ཅི་ཞིག་ལ་བསམ་བློ་གཏོང་བཞིན་འདུག
སྐྱག་སྦྲང་ཚོའི་མི་རབས་རྗེས་མ་དག་ལ་གཤོག་པ་ཐོགས་ནས་ནམ་མཁར་འཕུར་རྩིས་བྱེད་ཅིང་།
མི་རབས་སྔོན་མ་དག་ཡོངས་སུ་རྒས་ནས་རྟ་རྒན་གྱི་རྒྱབ་རྨའི་ནང་དུ་ངལ་གསོ་བྱེད་བཞིན་མཆིས།
ད་ནི་རྟ་རྒན་གྱི་རྒྱབ་ངོས་སུ་ཤ་ལག་མཐིལ་ཙམ་ཡང་མེད་པར་རྩིབས་མ་འབའ་ཞིག་ལུས་འདུག
གལ་སྲིད་ཁྱེད་རང་ལ་འདོད་པ་དང་དུས་ཚོད་ཡོད་ཚེ།
གཟབ་གཟབ་བྱས་ནས་ལྟོས་དང་།
ང་ཚོས་རྟ་རྒན་གྱི་ནང་ཁྲོལ་ཡོངས་སུ་རྫོགས་པ་ཕྱི་ལོགས་ནས་མཐོང་ཐུབ་ཅིང་།
སྤྱང་གྲུང་ལྡན་པའི་སྐྱག་སྦྲང་སྐོར་ཞིག་རྟ་རྒན་གྱི་ཡ་ཆུང་ནང་རོལ་ཏུ་འཕུར་ལྡིང་བྱེད་བཞིན་འདུག
མདང་དགོང་ཁ་བ་བབས་བྱུང་།
དེ་ཡང་ནམ་མཁའི་གཏིང་རུམ་ཞིག་ནས་བབས་བྱུང་།
ད་ནངས་ཞོགས་པར།
རྟ་རྒན་གྱི་རུས་མགོ་པགས་བཏུམས་ཀྱི་བེམ་པོ་དེ་ཁ་བའི་ཁྲོད་དུ་འགྱེལ་འདུག
ཉི་འོད་བན་བུན་ཞིག་གི་ཀློང་ན།
སྐྱག་སྦྲང་འགས་ད་དུང་སྡུག་སྐད་རྒྱག་བཞིན་རྟ་རྒན་གྱི་རྒྱབ་རྨ་གར་ཡོད་འཚོལ་བཞིན་འདུག
ཡིན་ན་ཡང་།
རྟ་རྒན་གྱི་རྣམ་ཤེས་རྟ་རྔ་འདྲ་བོ་དེ།
ད་ལྟ་ཁ་བའི་འདབ་མ་ཞིག་གི་སྟེང་དུ་སྐྱིལ་ཀྲུང་གིས་བསྡད་དེ།
ཁ་བས་མཛེས་པར་བཀླུབས་པའི་རྟ་རྒན་གྱི་བེམ་པོ་དེར་ལྟ་བཞིན་འདུག
ཡིད་སྐྱོ་དགོས་པའམ་གང་ལྟར།
ངེད་ཚང་གི་རྟ་རྒན་གྱི་གཏམ་རྒྱུད་ཡོངས་སུ་མཇུག་བསྡུས་ཟིན།
རྒྱུ་འབྲས་ལ་སྤྲིངས་པའི་འཕྲིན་ཡིག
རྩོམ་རྙིང་ཞིག
དུས་ཀྱི་སྟོན་པ་ལས་འབྲས་རྡོ་རྗེ་འཆང་།།
འཇིག་རྟེན་འདི་ན་སྒང་གཤོང་མང་དུ་མཆིས།།
སྐྱབས་དང་སྐྱོབ་པ་མེད་པའི་གདུལ་བྱ་ལ།།
ཐུགས་རྗེ་སྤྱན་གྱིས་རྒྱང་ནས་ཨེ་གཟིགས་ལགས།།
ང་ཡི་ཨ་མ་ལས་འབྲས་བསྐྱེད་པའི་ཡུམ།།
བུ་ཆུང་ང་ཡང་ལས་འབྲས་སྐྱོང་བའི་ཕ།།
དཔེ་དེབ་འདི་ཡང་ལས་འབྲས་སྟོན་པའི་གཞུང་།།
ཁྱིམ་ཚང་འདི་ནི་ལས་འབྲས་བཞུགས་སའི་གནས།།
ལས་འབྲས་པང་དུ་ཉར་བའི་བསྐལ་བ་ནས།།
སེམས་ཀྱི་གཏད་ས་ཕུགས་ཀྱི་འཇུ་ས་སོགས།།
ཡིད་བཞིན་ནོར་བུའི་ཀ་བ་བརྙེད་ན་འང་།།
ཁ་བའི་གཏམ་རྒྱུད་རྐང་རྗེན་ཡིན་པར་གླེང་།།
ཨ་མའི་པགས་རྩག་ཧྲུལ་བོའི་ཚེ་སྲོག་ཉིད།།
ལས་འབྲས་བལ་སྐད་ཕྲ་མོས་བཙེམས་བཙེམས་ཏེ།།
དགུན་གྱི་གྲང་རེག་རྣོན་པོའི་སོ་ཁ་ནས།།
སྐྱིད་པོའི་ཉམས་ཤིག་འོང་བར་ཡིད་རེ་འཆའ།།
ང་ཡིས་ལས་འབྲས་ཤིང་རྟ་དེད་དེད་ཀྱང་།།
སྔ་མ་མ་ཐོབ་ཕྱི་མ་མ་རེག་པས།།
དགོན་པའི་གཙུག་ལག་ཁང་དང་སྡེ་འདབས་ཀྱི།།
སྲང་ལམ་ཀུན་ནས་མཐེབ་མོ་ཡུན་རིང་ཀེར།།
ས་ཐོབ་སེམས་དཔའ་དགའ་བའི་ཆོས་འཁོར་ལ།།
ལས་འབྲས་ཁྱོད་ལས་ལྷག་ཅིག་མེད་དོ་ཟེར།།
སྤྲུལ་སྐུས་དངུལ་ལོ་འཚོལ་བའི་ལྕགས་ཀྱུ་ལ།།
ལས་འབྲས་ཁྱོད་ཀྱི་རྣོ་ངར་སྲ་འོ་ཟེར།།
རང་ལ་ཐོག་ལྟར་ཚ་བའི་ལས་འབྲས་ཁྱོད།།
དགྲ་ལས་གཉེན་ལྟར་བྱམས་པའི་ལས་འབྲས་ཁྱོད།།
སེམས་དང་བསམ་པས་བསགས་ཚུལ་ཁྱོད་ཡིན་ཟེར།།
རྒྱུ་དང་ནོམ་པ་སྐྲུན་མཁན་ཁྱོད་ཡིན་ཟེར།།
ང་ལ་སྡུག་གི་ལས་འབྲས་རིང་ཡང་རིང་།།
གཞན་ལ་སྐྱིད་ཀྱི་ལས་འབྲས་རིང་ཡང་རིང་།།
སྐྱིད་སྡུག་གཉིས་ཀྱི་ལས་འབྲས་རིང་མོ་འདིས།།
གནོན་གྱིན་གནོན་གྱིན་སྨེ་ངག་ཐེངས་མང་ཤོར།།
རྨ་རྒྱལ་སྦོམ་རས་ལས་འབྲས་ལྕགས་རི་བསྐོར།།
ཁྲི་ཤོར་རྒྱལ་མོས་ལས་འབྲས་ཀློང་དུ་བསྐྱིལ།།
ང་ཡི་སྣོད་བཅུད་ལས་འབྲས་ཁྱོད་ལ་འཐམས།།
ས་འགུལ་རྒྱུག་དུས་ལས་ཁྱོད་མི་སྐྲག་གམ།།
ང་ནི་ཨ་མའི་པང་དུ་གཉོར་ཙམ་ནས།།
མ་ཎི་འཁོར་ལོ་འཁོར་བའི་འགྲོས་ལ་བལྟས།།
ལས་འབྲས་དྲིལ་ཆུང་གསིལ་བའི་སྒྲ་ལ་ཉན།།
ལག་པའི་མཛུབ་མོ་ལས་འབྲས་བརྩི་ཕྱིར་བཀུག།
ལྷ་ཁང་ནང་གི་མཆོད་མེ་སེར་བོ་ཡིས།།
ལས་འབྲས་བདེན་པའི་དཔུང་ཡིག་སྒྲོག་གིན་འོང་།།
གསེར་གྱི་གཡེར་ཁ་རླུང་གིས་བསྐྱོད་ཙམ་ནས།།
ལས་འབྲས་འཇིག་རྟེན་ཁྱོན་ལ་ཚེ་སྲོག་སྦྱིན།།
ང་ཡི་ཨ་ཕ་ནགས་ཀྱི་སྤྲེལ་རྒན་གྱིས།།
ཡར་ཀླུང་ཕུག་ནས་ལས་འབྲས་ཞིང་ཞིག་རྨོས།།
སྤྲེལ་ཕྲུག་ཀུན་གྱིས་ཟོ་ཞེས་མིང་ཞིག་བཏགས།།
བུ་ཚ་རྣམས་ཀྱིས་ལས་འབྲས་ཟས་སུ་ཟ།།
ང་ཡི་ཨ་མ་བྲག་གི་སྲིན་མོ་དེས།།
གོང་བོའི་རི་ནས་ལས་འབྲས་གླུ་ཞིག་གྱེར།།
ཡར་ཀླུང་གཙང་བོར་ལས་འབྲས་མཆོད་ཅིག་འཕངས།།
བུ་ཚ་རྣམས་ཀྱིས་ལས་འབྲས་སྐོམ་དུ་བཏུང་།།
གཤེན་རབ་སྟོན་པས་ལས་འབྲས་ཁྱིམ་འདིར་གསུངས།།
སྲོང་བཙན་སྒམ་པོས་ལས་འབྲས་ཁྱིམ་འདིར་བསུས།།
དགེ་ཆོས་སྨྱོན་པ་ཁྱིམ་འདིར་ལས་ཀྱི་མནར།།
ཁྱིམ་འདི་གཡས་འཁོར་གཡོན་བསྐོར་ལས་ཀྱིས་བྱས།།
ལས་འབྲས་རི་མོ་ས་དང་རྡོ་ལ་བརྐོས།།
ས་དང་རྡོ་ཡིས་ལས་འབྲས་བཟང་བོར་གླེང་།།
ལས་འབྲས་ཁུར་བོ་མི་ཡི་ཕྲག་ཏུ་བཀལ།།
མི་ཡིས་ལས་འབྲས་ཁུར་འདི་ལྕི་འོ་ཟེར།།
དེ་ལྟའི་ལས་འབྲས་ཤུགས་ཀྱིས་ཁུར་བའི་ཚེ།།
གོས་ནི་ཧྲུལ་ཞིང་ཟས་ནི་སྐྱ་བ་ཡི།།
མེད་མེད་མུག་མུག་གཏམ་གྱི་ཁ་ལོ་བས།།
ལས་འབྲས་རྒྱལ་བོའི་དྲུང་དུ་འཕྲིན་འདི་འཕུལ།
༡༩༩༩ ལོར་བྲིས།
གཏེར་ཁ
བོད་ཡིག
དམའ་ཤོམ་ཤོམ ཡང་སང་སང
ང་ཚོ་རྗེས་སུ་ལུས་ཡོད
ང་ཚོ་བག་ལ་ཞ་ཡོད
ད་དུང་གླུ་ཚིག་འབྲི་རྒྱུ
ཆང་བཏུང་རྒྱུ
དབང་སྐུར་ཏེ
བྲོ་ལྡིང་ནས་བསྡོད