---བསམ་བཞིན་མ་ཡིན་པའི་སྙན་ངག་གི་སྣང་སྟོབས་དེས་ད་གཟོད་སྣང་ལ་མ་ངེས་པའི་གཉུག་གཤིས་ཀྱི་མཛེས་པ་སྔོགས་འདོན་བྱ་ཐུབ་ཀྱིན་ཡོད།
བསམ་བློ་འཁོར་ཤེས་པའི་མི་སུ་དང་གང་ཞིག་ཡིན་རུང་། གཉུག་མར་གནས་པའི་འདུ་ཤེས་ཀྱི་འགོ་རྩོམ་ས་དེ་མིའི་རིགས་ཀྱི་ཤེས་པ་བསགས་པའི་བླང་དོར་ལྟར་གནོད་འཚེ་དང་འགལ་བར་གྲུབ་པའི་སེམས་བྱུང་དེའི་རྨང་འདང་བ་ཅན་ཞིག་རེད་པས། འཚེ་མེད་ཞི་བ་ནི་ནམ་དུའང་ཤེས་རབ་དང་ཁ་འབྲེལ་ཐབས་མེད་པའི་ལངས་ཕྱོགས་ཤིག་ཏུ་བཤད་ན་འོས། ཡིན་ན་ཡང་དངོས་པོའི་མཛད་གཤིས་ལ་མཐའ་མེད་པ་དེས་མི་ཡི་བསམ་བློའི་ཁ་ཕྱོགས་དེ་ཡང་མཐའ་མེད་པ་ཞིག་ཏུ་གཏང་གིན་ཡོད་ལ། རབ་ཏུ་འདྲེས་འཛིང་ཆེ་བའི་ཁོར་ཡུག་གི་ཕྱི་རྐྱེན་དེས་ཁྱོན་རྒྱ་ཆུང་བའི་མི་ཡི་བསམ་བློར་ཚོད་འཛིན་ཡང་ཐེབས་ཀྱིན་ཡོད་པ་རེད། སྣང་ཚུལ་འདི་ཡི་དབང་གིས་འཛམ་གླིང་དུ་སྒྱུ་རྩལ་པ་དང་ཚན་རིག་པ་ཞེས་ཁྱབ་ཆེ་བའི་ཚོ་ཁག་གཉིས་དགར་ནས་ཡོད་ལ། རེ་རེའི་ལངས་ཕྱོགས་དེ་ཡང་སེམས་དང་དངོས་པོའི་གཤིས་ཉིད་ལྟར་རིག་མི་མཐུན་པ་ཞིག་ཏུ་བསྟན་ནས་ཡོད་པ་རེད། དབྱེ་ཚུལ་འདི་གཉིས་མིའི་རིགས་ཀྱི་དགོས་མཁོ་ལྟར་བཤད་ན་ཤིན་ཏུ་འདྲ་ས་ཡོད་ནའང་། ནང་རྐྱེན་གྱི་དམིགས་པ་བཙུགས་པ་ཡིན་ན་ཚན་རིག་དེ་ལྟོས་བཅས་ཀྱི་ཁུངས་སུ་བཙུད་ནས་ཡོད་ལ། སྒྱུ་རྩལ་དེ་ལྟོས་མེད་ཀྱི་བབས་སུ་འགྲེང་ཡོད་བསམ་གི དེ་བས་སྐྱབས་སུ་འགྲོ་བའི་མིའི་རིགས་ཁུངས་དེ་ཕྱི་དངོས་པོའི་གཤིས་ཉིད་དང་ཉེ་བར་གཅར་རྒྱུ་དགའ་བས་ཁ་ཐོག་མིག་ཐོག་གི་བྱ་བྱེད་ལ་དགའ་ཞིང་། སྔ་མ་དག་གིས་“གཏན་ཚིགས་གཞི་གྲུབ”ཏུ་ཁས་བླངས་ཚར་བའི་ཤེས་པ་དག་ལ་བསྐྱར་དུ་གདེངས་འཇོག་བྱས་པ་ཙམ་གྱིས་རང་གི་ཤེས་པ་ལ་ཡིད་ཚིམ་ནས་ཡོད་པ་རེད། ཡིན་ན་ཡང་འཇིག་རྟེན་དུ་གཞི་གྲུབ་ཏུ་གནས་པའི་དངོས་པོའི་གཤིས་ལུགས་གནས་པ་ཁས་མི་ལེན་མཁན་གྱི་མིའི་རིགས་ཁུངས་ཤིག་གནས་པ་དེ་དག་གིས་ནམ་དུའང་རང་གི་ཚེ་སྲོག་དང་བཅས་པའི་ཡོད་ཚད་ཅིག་ལ་དོགས་པ་འཛིན་ཅིང་། རང་ཉིད་ཅན་མ་ཡིན་པའི་བློས་བསླངས་ཤིག་གིས་རང་ཉིད་ཅན་གྱི་སེམས་བྱུང་དེ་ལ་བསམ་བློ་གཏོང་གིན་ཡོད་པ་རེད། ཚུལ་དེ་བཞིན་སྙན་ངག་འབྲི་མཁན་དག་ལ་མཚོན་ན་དེས་ནི་གཞན་བརྒྱུད་ཀྱི་ཤེས་རབ་ཅིག་ངོ་སྤྲོད་པའམ་ཡང་ན་སུ་གང་ཞིག་གི་ལམ་སྣ་འདྲེན་འདོད་པ་དེ་ཙམ་ཞིག་ནི་མ་ཡིན་པར་མཐར་མཐུག་གི་སྙེགས་ས་ཞིག་ལ་དམིགས་ཡོད་ཅིང་། མིའི་བསམ་ཚོད་དུ་ཚད་འཛིན་དུ་མེད་པའི་འདུ་ཤེས་འོག་མའི་བརྡ་སྤྲོད་ཐབས་དེས་ད་གཟོད་སྣང་ལ་མ་ངེས་པའི་ཤེས་པའམ་དམིགས་ས་དེར་ལག་འཇུ་བྱ་བསམ་གྱིན་ཡོད། འགྲེལ་རྒྱག་དཀའ་བའི་སེམས་བྱུང་དེ་མདོར་དྲིལ་ནས་བཤད་ན་སྟོང་ཉིད་ཀྱི་དོན་དང་འདྲ་ལ། རང་རེ་བ་དག་ལོབས་ཤོས་ཆེ་བའི་དཔེ་བརྗོད་དུ་སངས་རྒྱས་ཀྱི་ས་ལམ་དེར་སྙེགས་པ་དེ་དང་འདྲ་ཡི་བསམ་བྱུང་ངོ། །
2010ལོའི་སྤྱི་ཟླ་དགུ་བའི་ཚེས་གཉིས་ཉིན་ནན་ཅིན་ཉེན་རྟོག་པ་སུམ་བརྒྱ་ཉི་ཤུས་གློ་བུར་དུ་གྲོང་ཁྱེར་གྱི་སྨད་འཚོང་ཁང་སོ་གཉིས་ཀྱི་ནང་དུ་ཞིབ་གཤེར་བྱས་ཏེ་ཁྲིམས་འགལ་མི་སྣ་བརྒྱ་དང་དོན་བརྒྱད་འཛིན་བཟུང་བྱས་པ་མ་ཟད། ནན་ཅིན་ལྔ་གཅིག་ལམ་འགྲམ་གྱི་སྐྲ་བཞར་ཁང་ངམ་སྐྲ་བཞར་ཁང་དང་འདྲ་བ་དག་ཏུ་མོ་ལོ་བཅོ་བརྒྱད་དུའང་མ་བུད་པའི༼བུ་མོ་ཆུང་ཆུང་༽ཚོས་ལམ་གྱི་གཡས་གཡོན་དུ་མགྲོན་པོ་འདྲ་མིན་སྣེ་ལེན་བྱེད་བཞིན་པ་ཤེས་རྟོགས་བྱུང་ཡོད།
http://news.163.com/photoview/00AP0001/10701.html#p=6FIH347D00AP0001
འབྱུང་བཞིའི་འཇིགས་པ་གཅིག་ཙམ་མ་ཡིན་ད་ལོ་མང་པོ་བྱུང་འདུག་ཅིང་། །
འཕྲིན་གྱི་ཐན་སྐད་ཐེངས་གཅིག་མ་ཡིན་ད་ལོ་གཉིས་གསུམ་གྲགས་འདུག་པས །
ས་ཡོམ་དང་ནི་ཆུ་ལོག་ལ་སོགས་ད་ལོ་སྐྱོ་བའི་འཇིགས་པ་མང་། །
འཇིགས་པ་འཐུག་པོའི་མུན་ངག་འོག་ཏུ་མྱ་ངན་མཆོད་མེ་ཡང་ཡང་སྒྲོན། །
ན་ཆུང་བྱིས་པས་རྩེད་ཆས་མ་ཁྱེར་ཆུ་ལ་བྱིང་བའི་གསར་འགྱུར་འདུག །
ན་གཞོན་ཕོ་མོའི་བརྩེ་བ་མ་གྲོལ་འཐོར་ཆག་སོང་བའི་གཏམ་རྒྱུད་འདུག །
རྒན་རྒོན་དུ་མའི་བརྩེ་སེམས་མ་ཆད་ཕྱི་མར་བསྙེགས་པའི་ལོ་རྒྱུས་འདུག །
འབྲུག་ཆུ་རྫོང་ན་ཉན་མི་ཕོད་པའི་སྐད་ཆ་གསར་བ་མང་པོ་འདུག །
སྟོད་ཀྱི་གཞི་བདག་ཁྲོས་སོང་ཟེར་ན་ཡུལ་ལུང་དེ་ཡིས་ཅི་ཞིག་ཉེས། །
གན་གྱི་ལབ་ཙེ་མནོས་སོང་ཟེར་ན་འབྲུག་ཆུ་གྲོང་གིས་ཅི་ཞིག་བྱས། །
མི་སེར་དཀྱུས་མས་རང་ཁ་གསོས་པའི་དྲང་བདེན་འཚོ་བའི་གྲུ་ཟུར་ན། །
འགལ་རྐྱེན་འདི་འདྲ་གློ་བུར་བྱུང་དོན་སྙིང་ནག་ཞེ་ངན་སུ་ཞིག་ཁྲོས། །
ཁ་སང་ཕ་བུ་མ་གསུམ་འཛོམས་སྟེ་བདེ་སྐྱིད་དྲོལ་ཁོལ་ཡོད་ན་ཡང་། །
དེ་རིང་ཤི་གསོན་སོ་སོར་ཕྱེས་སྟེ་གཏན་གྱི་གྱེས་བྲལ་བྱུང་སོང་ངོ་། །
འབྲུག་ཆུ་སྔོན་མོ་ད་དུང་བཞུར་སྟེ་རྒྱ་མཚོར་འབབ་བཞིན་ཡོད་ན་ཡང་། །
མིག་ཆུའི་ཐིག་པ་ཁྲག་དང་འདྲེས་སྟེ་དེ་རིང་གསར་དུ་བྲུག་འདུག་གོ། །
འབྱུང་བཞིའི་འཇིགས་པ་ཐོལ་གྱིས་སླེབས་ཚེ་ཆོས་པས་རྫུ་འཕྲུལ་གང་ན་ཡོད། །
འབྱུང་བཞིའི་གནོད་པ་ཐོད་དུ་ལྷུང་ཚེ་ཚན་རྩལ་རིག་པས་ཅི་ཞིག་ཐུབ། །
བསམ་ཞིང་བསམས་ན་འགྲོ་བ་མི་འདི་ཇི་འདྲའི་ཉམ་ཆུང་ཡིན་པ་ལ། །
བལྟས་ཤིང་བལྟས་ན་འགྲོ་བ་མི་འདི་ཇི་འདྲའི་ནུས་མེད་ཡིན་པ་ལ། །
རི་ལ་སོང་བའི་བུ་རྒྱུད་གཅེས་པོས་ཕ་མར་བཅངས་བའི་འདང་བརྩེ་ཡོད། །
ཁྱིམ་གྱི་ཨ་མའི་འཛུམ་མདངས་ཀློང་ན་བུ་ལ་འཁོར་བའི་འཁྲེང་ཞེན་ཡོད། །
བརྩེ་བརྩེ་དུང་དུང་སྲིད་པའི་རྒྱན་ཆ་འབྲུག་ཆུའི་གྲོང་ན་འཁྱིལ་ཡོད་མོད། །
ཞེ་ནག་ཆུ་ཡི་འཇིགས་པ་ཞིག་གིས་གློ་བུར་གཏིང་ཞབས་བསྒྱུར་སོང་ངོ་། །
སྟོད་ན་ལུས་པའི་སྟག་ཤར་བུ་ཡི་བརྩེ་སེམས་གཞན་ལ་བཅོལ་ཡོད་ཅིང་། །
སྨད་ན་འཁོར་བའི་སྨན་ཆུང་བུ་མོའི་ལང་ཚོ་གཞན་ལ་ཕུལ་ཡོད་མོད། །
དེ་རིང་མིག་ཁ་ཕྱེ་ཙམ་ཐུབ་དུས་འཇིག་རྟེན་གོ་ལྡོག་འགྱུར་སོང་ཞིང་། །
ཁ་སང་བཤད་པའི་སྙིང་གཏམ་དྭངས་མ་འདམ་འབག་ནག་པོས་བརྫད་ཚར་རོ། །
བྱིན་རླབས་ཆེན་པོ་དགུང་དང་མཉམ་རུང་འཇིགས་པ་ལྡོག་མེད་ཡིན་པ་འདྲ། །
བློ་རིག་རྣོན་པོ་མདུང་རྩེ་འདྲ་རུང་གོད་ཆག་བཅོས་མེད་ཡིན་པ་འདྲ། །
བློ་ཕུགས་སེམས་རྩ་ལྷོད་ལ་མ་ཤོར་མགོ་བོ་ཡར་ལ་བཀྱག་དགོས་སོ། །
སང་ཉིན་ཁྱིམ་ལ་ཞིབ་འདང་རྒྱག་དགོས་ཨ་མདོ་ཕྱོགས་ཀྱི་འབྲུག་ཆུ་བ། །
བརྩེ་བ་མང་པོ་འཐོར་ཞིག་སོང་རུང་ད་དུང་སེམས་ཀྱི་འདུན་པ་ཡོད། །
རེ་བ་མང་པོ་གཏོར་རློག་ཤོར་རུང་ད་དུང་ཡིད་ཀྱི་གཏད་སོ་ཡོད། །
ཁང་ཁྱིམ་དྲོན་མོ་འཇིགས་པས་བརླགས་རུང་ད་དུང་བུ་རབས་ཚ་རྒྱུད་ཡོད། །
མིག་ཆུ་མོད་པོ་ཆུ་ལ་འདྲེས་རུང་ད་དུང་མ་འོང་མདུན་ལམ་ཡོད། །
འཇིགས་པའི་འོབས་སུ་ཚེ་སྲོག་ཤོར་བ་བདེ་བར་བཞུད་པའི་སྨོན་ལམ་དང་། །
འཇིགས་པའི་ཀློང་ནས་རྨས་སྐྱོན་ཕོག་པ་ནད་ལས་གྲོལ་བའི་ཁ་གཡང་བཅས། །
བཞག་སྲས་མིང་གིས་ཁ་སེམས་གཏིང་ནས་མཆོད་མེ་རྐང་གཅིག་བསྒྲོན་ཡོད་ལ། །
སྐྱོ་བའི་མིག་ཆུ་ལག་པས་འཕྱི་བཞིན་སྡུག་སྨྲེ་ཐེངས་གཅིག་བཏོན་ཡོད་དོ། །
◎ ༡༩ ◎
ནམ་མཁའི་དབྱིངས་དང་སྤྲིན་པའི་གསེབ་དུ་ཡན་པའི་གཟུགས་རེག་བྲལ་བའི་ལྷ་ཚོགས་ནི་ང་ཚོར་ངེས་པར་མཁོ་སྟེ རང་གི་དབུ་ཁྲིད་དང་གྲོགས་པོས་ཀྱང་བསླུས་འགྲོ་བའི་ཚེ་ན་ཁྱོད་ཀྱིས་ལྷ་ཚོགས་ཀྱེ བདག་ལ་སྐྱོ་རོགས་མཛོད་ཅིག བདག་ལ་མགོན་སྐྱོབ་མཛོད་ཅིག བདག་ཐུགས་འོག་ནས་མི་འདོར་བར་ཞུ་ཞེས་སྡུག་སྨྲེ་འདོན་ངེས འོན་ཏེ་ལྷའི་རིགས་སུ་གྱུར་བ་དག་ལ་བསྟུན་མཁས་བྱེད་མི་ཐུབ་ཅིང་ནམ་གྱི་ཚེ་ན་ཡང་ཁོང་ཁྲོ་བསྐྱེད་ཀྱིན་པ་ཡང་འགྲོ་སྟངས་རིགས་ཤིག་རེད
◎ ༢༠ ◎
སྨད་འཚོང་མ་དག་ལ་དཀའ་དྲིན་ཤིན་ཏུ་ནས་ཆེའོ མཇེ་ངན་བརླ་བར་ནས་འཕག་པའི་ཉིན་མཚན་དག་ལ་ཁྱོད་ཡོད་པས་གཞི་ནས་ལུས་སེམས་གཉིས་ཀར་དལ་ཆགས་པ་ཡིན ཆུང་མ་གམ་དུ་མེད་དུས་དང་དགའ་རོགས་བཙལ་ན་མི་རྙེད་པའི་དུས་སུ་ཁྱེད་ཅག་དྲན་གྱིན་ཡོད ནུ་མ་དང་འཕོང་ཚོས རྐེད་པ་དང་སྙ་མ་སོགས་ལུས་ཡོངས་ཀྱི་ཆ་ཤས་ཡང་ཤས་རེ་རེ་ངས་བརྗེད་ཀྱིན་མེད དངུལ་ལོར་གྱིས་ས་གཞི་གཡོ་བར་བྱེད་ཅིང་མཚོ་མོ་འཁྱོམས་པར་བྱེད་པའི་དུས་འདི་ལྟ་བུ་ཞིག་ལ་ཁྱོད་ཚོར་ཁག་མེད ངོ་མ་ཁག་མེད
◎ ༢༡ ◎
གཞན་གྱི་ཡུལ་ནས་རང་གི་ཁྱིམ་དུ་རྐང་ཆུང་ས་རུ་དལ་གྱིས་སྤོས་ཤིང་ལག་ཟུང་མདུན་དུ་ག་ལེར་བསྲིངས་ནས སྨྲ་བརྗོད་རེ་རེ་ཡང་གསལ་ལ་མི་གསལ་བར་རྣ་སྒོར་འདྲེན་པའི་མནའ་མ་རྣམས་ནི་དོན་དུ་ཁྱོད་ཀྱི་ཁྱིམ་རྒྱུད་ནོར་བུ་འཚོང་ཐབས་ལ་འབད་མཁན་གྱི་ཁྲམ་པ་ཡ་མེད་ཅིག་རེད
◎ ༢༢ ◎
ཁྱོད་ཚོས་སོམས་དང ལོ་ལོན་ལ་རྒྱབ་འཕྲུག་པ་དང་བུད་མེད་ལ་ལོངས་སྤྱོད་པ་གཉིས་ཀྱི་ཨ་ལན་ལ་ཡང་སྙིང་ཁྱད་པར་ག་རེ་ཡོད བདེ་སྐྱིད་ནི་མཐོ་ས་མཐོ་ས་ཞིག་ན་མེད་ལ་དམའ་ས་དམའ་ས་ཞིག་ན་ཡང་མེད་དུས་གཏོས་ཆེ་བའི་སྡུག་བསྔལ་གྱི་བོངས་ཚད་ག་འདྲ་ཡིན འཆི་བདག་ལས་འཇིགས་ས་ཞེད་ས་ཞིག་གང་ལ་ཡང་བཙལ་དུ་མེད་མོད་མཐའ་མེད་པའི་འཚོ་བའི་ཀློང་ཡངས་སུ་དེ་ཡང་བརྗེད་འགྲོ་བའི་སྟོབས་ཤུགས་ཤིག་སུ་ལ་ཡོད
◎ ༢༣ ◎
སྲོག་ཆགས་གླིང་གར་བཅུག་པའི་སྟག་གཟིག་དོམ་དྲེད་ཀྱིས་མིག་ཆུ་འཛར་གྱིན་ཁྱོད་ཚོར་རང་དབང་ཡོད་པ་ལ་ཞེས་ལྟད་མོ་ལྟ་མཁན་ཚོར་བརྗོད་སྲིད་ཀྱང རང་དབང་གི་འཚོ་བའི་ནང་དུ་སུ་ཡང་རང་དགར་བསྡད་མྱོང་བའི་གཏམ་རྒྱུད་ཅིག་ཁྱོད་ལ་བཤད་རྒྱུ་ཡོད་མི་སྲིད
◎ ༢༤ ◎
ངའི་ཨ་ཕ་ནི་ཤིང་བཟོ་ཞིག་ཡིན ཁོ་མ་ཤི་སྔོན་དུ་ས་སྒང་འདིའི་ནགས་ཚལ་ཡོད་དོ་ཅོག་བཅད་ནས་ཁྱིམ་ཚང་ཞིག་ལ་མཁོ་དངོས་ཀྱི་ཅ་ལག་རྫོགས་མེད་ཅིག་ལས་བསམ་པའི་ཕུགས་འདུན་དེ་ཁྲིམས་འགལ་ཡིན་འདུག་མོད རྗེས་སུ་ནགས་ཚལ་མང་བོ་བྲེགས་ནས་འཛུགས་སྐྲུན་རྒྱ་ཆེར་བྱས་པས་རི་དྭགས་དང་གཅན་གཟན་མང་ཚད་ཅིག་གཅེར་བུར་ལུས་ཀྱང་ངའི་ཨ་ཕར་དེ་ཚོའི་ལྟོ་རྒྱབ་ཀྱི་ཆེད་དུ་སེམས་ཁུར་བྱེད་དགོས་པའི་འགན་འཁྲི་ཅི་ཡང་མེད་དོ
◎ ༢༥ ◎
རྒས་ཁོག་ཚོ་འཆི་རན་ཁ་རང་གི་བུ་བུ་མོ་རྣམས་ལ་ང་འཆི་རུ་མ་འཇུག་ཟེར་ནས་མིག་ཆུ་མང་ཙམ་འདོན་འདོད་ཀྱང་བུ་ཕྲུག་ཚོས་ཁྱིམ་གཞིས་དྲོན་མོ་ཞིག་བཟུང་སྟེ་རང་གི་གཅེས་ཕྲུག་ལ་ཁྱོད་འཁྱག་གི་མ་འཇུག བཟའ་ཟླ་ལ་ཁྱོད་ཚེགས་ཀི་མ་འཇུག་ཁྱོད་གཉིས་བདག་གི་གམ་དུ་ཡོད་པས་གཟོད་ནས་བདག་ལ་རེ་བ་དང་འཛུམ་མདངས་ལྷག་མ་ཞིག་གིས་སེམས་ཁམས་བརྟས་ཡོད་ཅེས་བཤད་ཀྱིན་འདུག རྒས་ཁོག་དེ་འཆི་ཁའི་མིག་ལམ་དུ་ཡང་གཅེས་ཕྲུག་གི་རྒྱབ་གཟུགས་མངོན་ཡོད་སྲིད་ཨང
◎ ༢༦ ◎
རྒྱལ་སྟོན་དུས་ཆེན་དང་གྲོགས་པོ་ཚོའི་གཉེན་སྟོན་བསྟུད་མར་བྱས་རྗེས་ཨ་ཧོ་ངས་ད་དུང་རང་གི་ཆུང་མའི་ཁོག་ཏུ་བྱིས་པ་གཅིག་ཀྱང་བསྡུ་ཐུབ་མེད་སྙམ་ནས་སེམས་ཁུར་བྱེད་མཁན་དེ་ང་མིན རྒྱལ་སྟོན་དུས་ཆེན་ནི་གཞན་གྱི་དོན་དག་རེད གྲོགས་པོ་ཚོའི་གཉེན་སྟོན་ཡང་ང་ལ་འབྲེལ་བ་ཅི་ཞིག་ཡོད
◎ ༢༧ ◎
མ་འོངས་པའི་དོན་བྱ་དག་གིས་ནི་ཁྱོད་ལ་ཁབ་ཀྱིས་གཙགས་པ་དང་མདུང་གིས་བསྣུན་པ་ལྟ་བུའི་ཚོར་བ་བསྐྱེད་པ་དེས་ཁྱོད་མི་ནུས་མེད་ཅིག་ཡིན་པ་ཐག་གིས་བཅད་ཡོད དེ་ཡང་གོ་བདེར་བཤད་ན་ཉམས་ཞན འཁོས་ཆུང གུ་དོག སྡར་མ་ཞིག་རེད་ཅེས་པ་དེའོ
◎ ༢༨ ◎
སྔོན་ཆད་བྱིས་པ་ཚོ་སློབ་གྲྭར་མ་བསྐྱལ་ཚེ་རང་ཚང་གི་ནོར་ཁྱུ་ལས་གཡག་རྒོད་འབྲོང་འདྲ་འདྲ་གཉིས་རེའི་ཆད་པ་ཕོག་ཀྱང་འབྲོག་པ་ཚོ་དགའ་ཐག་ཆོད་འདུག་ནའང་ད་ལྟ་སློབ་ལོ་མ་རན་པའི་བྱིས་པ་ཚོ་སློབ་གྲྭར་གཏོང་ཆེད་གཡག་གསུམ་རེའམ་མཛོ་མོ་གཉིས་རེ་སྟེར་དགོས་ཀྱང་སེར་སྣ་མེད་པའི་ཞིང་འབྲོག་གི་རྒན་རྒོན་ཚོ་རང་གི་གཅེས་ཕྲུག་གི་ཆེད་དུ་ཤི་ཡང་མིག་བཙུམ་རྒྱུ་མིན་པ་འདྲ
◎ ༢༩ ◎
ད་ཆའི་བོད་ཀྱི་སློབ་གསོ་ནི་སྨིན་ཟིན་པའི་ཀུ་ཤུ་དམར་རྡོག་རྡོག་དེ་བྱིས་བློ་དང་ལང་ཚོ་མ་སྨིན་པའི་ན་ཆུང་ལོ་ལྔ་དྲུག་ཅན་དག་གི་ཁ་རུ་བརྫངས་ཚེ་མིད་ཐག་ལ་སྐྱོན་འབྱུང་རྒྱུ་ལས་གཞན་གཞུག་ཕྱོགས་སེའུ་སྐྱེ་བའི་གེགས་སུ་མི་འགྱུར་གྲང
◎ ༣༠ ◎
ནང་བ་སངས་རྒྱས་པའི་ཆོས་ཀྱི་དགོངས་གཞི་ནི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྒྱུ་དེ་ཡིན་ཞིང་གོ་འཕང་དེ་བརྙེས་པའི་ཚེ་ན་སེམས་ཀྱི་བདེ་སྐྱིད་བརྗོད་པའི་མཐའ་མི་མངོན་པ་ཞིག་ཡོད་ཚོད་རེད དེ་ཡང་ཐོག་མར་ཆོས་ཀྱི་དགོངས་དོན་ལ་ངེས་ཤེས་ཨེན་ཙམ་ཨེན་ཙམ་འདྲོངས་རྗེས་དེ་ལ་དགའ་ཞེན་དང་དང་དོད་འཕེལ་ཡོང་རྒྱུ་ཞིག་ཡིན་རབས་འདུག འཁོར་བའི་ཐོག་མཐའ་བར་གསུམ་ནི་སྡུག་བསྔལ་དང་མ་བྲལ་བ་ཞིག་ཡིན་པས་བདེ་བ་འདོད་ཀྱང་སྡུག་བསྔལ་མི་འདོད་པའི་ས་ཆེན་པོའི་ཐོག་གི་སྐྱེ་བོ་ཀུན་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་ལྕེབས་སེམས་གཏན་ནས་ཡོད་མི་སྲིད ཡིན་ནའི་གནག་ཕྱུགས་ཀྱི་རྗེས་སུ་རྐང་རྗེན་དུ་འགྲོ་བའི་བྱིས་པ་དང་ཁྱིམ་ཐབ་མ་ཟིན་པའི་མི་ཕོ ཁྱོ་གས་གཅར་རྡུང་ལ་བཟོད་མ་ནུས་པའི་གཞོན་ནུ་མ་བཅས་ལ་བསམ་ཚུལ་དང་རྒྱུ་རྐྱེན་ག་རེ་ཡོད་དམ(ཁྱིམ་པ་བ་ཞིག་གི་ངོས་ནས)
◎ ༣༡ ◎
ཁྲིམས་ལུགས་དང་གོམས་གཤིས་ཀྱིས་བསྟན་པའི་ལས་སུ་མི་རུང་བའི་སྤྱོད་སྟངས་རེ་འགའ་མི་མང་གི་མི་རིག་སའི་གནས་ནས་ལྐོག་ལྐོག་སུད་སུད་ཀྱིས་སྒྲུབ་རྒྱུར་ང་ཚོ་སུ་ཡིན་ཡང་དགའ་བོ་ཡོད་ཀ དེ་བས་བོད་ལ་བུད་མེད་ཚོའི་རྐུབ་བལྡག་རྒྱུ་དང་མཇེ་ནུན་རྒྱུ རྒྱ་གར་བ་ཚོས་མི་མང་འདུ་ས་ནས་གླང་ཤ་དམར་ཆིལ་ཆིལ་བཟའ་རྒྱུ་དེ་གོམས་གཤིས་ལས་འགལ་བར་བརྩི་བ སྐྲ་སེར་ཚོས་དུས་ཚོད་ལ་བརྩི་བཀུར་མི་བྱེད་པའི་མི་ཚོར་དམའ་འབེབས་མ་བྱས་ན་བཟང་ངོ
◎ ༣༢ ◎
སྤྱི་འབངས་ཀྱིས་དམངས་གཙོའི་ཁེ་དབང་དོན་གཉེར་བྱས་པ་བླ་ལྷག་གིས་ཐུ་བ་དེ་དུས་བདེ་ཞོད་འཇགས་ཀྱི་དུས་རབས་ཤིག་ལ་སྔོན་བསུ་བྱེད་རྩིས་རེད་མོད ཡིག་རྨོངས་ཀྱིས་གནམ་ས་བཀང་བའི་མི་དམངས་ལ་ཕམ་ཁ་བརྒྱ་དང་དཔྱོད་ཤེས་ཀྱི་འཇུག་པ་ཡངས་པའི་མི་རིགས་ལ་རྒྱལ་ཁ་སྟོང་ཡོད
◎ ༣༣ ◎
ཆུང་མས་རང་ཉིད་ལོགས་སུ་བཞག་སྟེ་མི་གཞན་ལ་དགའ་བོ་བསྒྲིག་རྒྱུ་ཡིན་ཚེ་ཁྱོ་ག་མིག་ནང་དུ་མ་བཞག་པའི་མི་ཚད་དེ་ལས་ལྷག་པའི་ཁྲེལ་མེད་དང་བརྙས་བཅོས་བྱེད་ཚུལ་ཞིག་གང་ན་ཡོད ད་དུང་བྱང་ཁོག་སྟོད་ཀྱི་གློ་སྙིང་མཆིན་གསུམ་པོའི་གོ་ས་བརྗེ་བ་ལྟ་བུའི་ན་ཟུག་ཆེ་བ་ནི་བཤད་མི་དགོས་པའི་གནས་སུ་འཁུམས་ཡོད འོན་ཏེ་ཁྱོ་གར་སྟབས་འགྲིག་ནས་བུད་མེད་རེ་སྤྱོད་རྒྱུ་བྱུང་ན་ཁོ་བོའི་ཁེ་ཕན་ཡིན་པ་ལས་རྒྱབ་འགལ་གྱི་གྲས་སུ་མི་འཇོག་པ་འདི་བོད་ཀྱི་བཅོས་སུ་མེད་པའི་རྒྱུན་འབྱམས་ཀྱི་གོམས་གཤིས་ཤིག་རེད གོམས་གཤིས་དེ་བསྒྱུར་ཐུབ་པར་བུད་མེད་ཐུན་མོང་གིས་ཤུགས་བརྒྱབ་ན་འགྲིག་པ་ལ
◎ ༣༤ ◎
བུད་མེད་ཚོ་གནས་ལ་འགྲོ་ཁ་སྡུག་མདོག་ཅིག་སྟོན་ཁུལ་བྱེད་ཀྱང་དོན་དུ་ཕ་མ་གསོ་བའི་འགན་འཁྲི་ལས་ཐར་བས་ཀི་ཞིག་བཏབ་སྟེ་ལྷ་རྒྱལ་ལོ་ཞེས་ལག་གཡུག་བྱེད་ཀྱིན་སོང་ན་ཅིས་མི་ཆོག
◎ ༣༥ ◎
གྲ་བ་སྒར་ནས་ལོག་པ་དང་བུ་མོ་གནས་ནས་ལོག་པ་གཉིས་ཁྱོན་ནས་མི་འདྲ་སྟེ གྲ་བ་ལོག་དུས་གདོང་ལ་སྡུག་ཅིག་དང་བུ་མོ་ལོག་དུས་མིག་ནང་དུ་ཞེ་འཁོན་ཞིག་བཟུང་ནས་ཡོང་གི ལོ་འགའ་ཤས་སྔོན་ནས་ངེད་གྲོང་བརྡལ་ལ་དགོན་པ་ཞིག་ཡོད་པའི་ནང་གི་གྲ་བ་ཚོ་ལོག་མགོ་བརྩམས་ཤིང་ལོག་རྗེས་གེགས་དང་ལས་ལ་ཁག་བཀལ་ཏེ་བུད་མེད་དེར་ཐུག་རྗེས་ཡོད་ཚད་རང་དབང་ལ་མ་ཡོང་ཚུལ་དང་ཅི་བྱས་ཧ་མ་གོ་རབས་སོགས་བཤད་ནས་ངུ་ཤུམ་བྱེད་མཁན་མང་གི་ཟེར
◎ ༣༦ ◎
དཔལ་མགོན་གྱིས་པི་ཝང་བཟུང་ནས་བདུང་ལེན་བླངས་ཏེ་མང་ཚོགས་ཀྱིས་ཐལ་མོ་ཤུགས་ཀྱིས་བརྡབས་རྗེས་ལྷ་ས་བས་དཔལ་མགོན་བཟུང་ནས་སྐར་མ་དང་མོ་ཙི་སློང་བའི་ལས་ལ་ཞུགས་སོང ད་ལྟ་དཔལ་མགོན་གྱིས་དཔལ་མགོན་བཟུང་སྟེ་བདུང་ལེན་སྒྱུ་རྩལ་གྱིས་སྤྱི་བའི་ཚོགས་པ་ཞིག་ལ་ཞབས་ཞུ་བསྒྲུབ་འདོད་ན་ཡང་ངས་ནི་ཁེ་ཆུང་གི་ལས་དེར་འབྲས་བུ་དང་ཡལ་ག་ཐོགས་པའི་སྟོན་ཁ་ཞིག་མི་འབྱུང་སྙམ་བྱུང
(མུ་འགོད)
— ཡུལ་ཤུལ་ས་འགུལ་ཆེན་མོ་ལ་མྱ་ངན་ཞུ་བ།
ཉི་འོད་གསལ་མོ་ཞིག་ས་ངོས་སུ་འཕྲོས་ལ་ཉེ་ཞིང༌།བཟོ་བཀོད་རྣམ་པར་མཛེས་པའི་ཁང་བརྩེགས་དག་ན་རྩེད་དགོད་དང༌།བཞད་གཏམ་ལ་གཡེང་བའི་ཁྱིམ་ཚང་དག་གིས་ཞིམ་མངར་གྱི་ནང་ཇ་བཀོལ།བཟོ་ཚོང་གི་ལས་ལ་བྲེལ་བའི་མི་དག་ཀྱང་ཉིན་གང་བོའི་བྱ་བའི་འཆར་གཞིའི་མགོ་བརྩམ་ཞིང་བྲེལ་ཟིང་གིས་ཁེང༌།རིན་གོང་མཐོ་ཞིང་མཐོ་ཞིང་མཛེས་བཀྲག་འབར་བའི་རླངས་འཁོར་དག་ཀྱང་ལམ་སྲང་དག་ན་ཚུར་ཚུར་འདུ།སྤྱི་གཉེར་ཁང་ག་གེ་མོ་ཞིག་ན་གན་རྒྱ་འཇོག་གིན་ཡོད་ལ། ལས་ཁུང་ག་གེ་མོ་ན་འཚོགས་འདུ་ཞིག་གི་མགོ་རྩོམ་གྱིན་ཡོད། ཤེས་རིག་གི་ཟུང་ཁྲག་གཏམ་ཞིང༌།ཕུག་བསམ་གྱི་སྒྲོ་རྩལ་རྒྱས་བཞིན་པའི་སློབ་མ་མང་པོ་ཞིག་གིས་ཞོགས་རྩལ་སྦྱང་ཞིང༌། མང་པོ་ཞིག་གིས་ཞོགས་ཟས་བཟའ་བར་བྲེལ། དབང་ཤུགས་དང་འདོད་ཧམ་གྱིས་གང་བའི་ཆེན་པོ་དག་ཀྱང་མི་ཁོམ་པའི་ལས་ལ་ཐུག་ཅིང༌། མི་འཇིག་པའི་འཆར་གཞིར་འདུར། འཆད་ཉན་གྱི་འདུ་བ་རྒྱས་པའི་ཆོས་གླིང་དག་ན། འཆད་པའི་གསུངས་དབྱངས་མཁའ་ལ་འཕྱོ་ཞིང༌། རྩོད་པའི་ངར་སྐད་ལྷང་ལྷང་བྱེད། ནད་གདོན་གྱིས་ཉེན་པའི་ནད་པ་དག་ཀྱང་ལ་ལ་ཕྱིར་འགྲོ་བཞིན་འདུག་ལ།ལ་ལ་སང་ཉིན་དང་གནང་ཉིན་ལ་སྨན་ཁང་ནས་འབུད་རྒྱུ་ཡིན་ཞིང༌། ལ་ལ་འདང་དང་ཁ་སང་ལ་གསར་དུ་འབྱོར་བ་ཡིན། བརྩེ་དུང་གིས་དར་སྐུད་གཅིག་གིས་སྦྲེལ་བའི་ན་གཞོན་ཕོ་མོ་འགའ་ཞིག་དེ་རིང་གཉེན་སྟོན་བྱེད་རྒྱུ་དང༌།འགའ་ཞིག་སང་གནང་གི་མཉམ་འཛོམས་ལ་བྲེལ།གཞན་ལུས་ཁྱི་ལྟར་བཀོལ་མཁན་དང༌།གཞན་རྗེས་སུ་ཁྱི་བཞིན་འབྲངས་མཁན་དག་ཐེ་བའི་མི་བླུད་དག་ཐེ་བའི་མི་ཀུན་བྲེལ་འཚུབ་འཚུབ། འུར་ཟིང་ཟིང་ངང(ས་འགུལ་སྔོན་གྱི་སྣང་བརྙན་འདི་བློས་བླངས་བྱས་པ་ཡིན་པས་གཞི་འཛིན་ས་སོགས་མེད)རང་རང་གི་དམིགས་འབེན་ཞིག་ལ་མི་རེག་པར་འདུར་ཞིང་རྒྱུག་གིན་འདུགགློ་བུར་དུ། ཡོམ་ཡོམ། ཤིག་ཤིག འདར་འདར། ལྡིར་ལྡིར། འུར་སྒྲ་ལྡིར་རེ། ཐལ་འཚུབ་ཉི་ལེ། རྡུལ་འཚུབ་ཁྲིགས་སེ།ཡུད་ཙམ་ནས་འཇམ་ཐེང་ངེ། སྐྱོ་སེང་ངེ། སྐྱ་ཐེང་ངེ། སྟོང་ཧལ་ལེ།དེ་ལྟར་ཚད་རིམ 7·1ཅན(ཁོང་ཚོས་ཟེར་བ་ལྟར་ན)གྱི་གཡོ་འཁྱོམ་ཞིག་དང་བསྡོང་ནས་ལས་ཀའི་འཚམ་བཅད།འཆར་གཞིའི་འཕྲོ་རླག ཚེ་སྲོག་གི་མཇུག་བསྡུས་སོང༌།སྐད་ཅིག་ཙམ་གྱི་ཡུན་ལ་ལོ་ངོ་བརྒྱ་ཙམ་གྱི་རིང་གི་འགྲོ་གྲོན་དང༌།བཟོ་བཀོད།འཚོ་གནས་སོགས་ཡོད་ཚད་ནས་ཡོད་ཚད་ངོས་མི་ཟིན་པའི་ཚད་དུ་སྐྱལ། འདི་ནི་རླབས་ཆེ་བའི་རང་བྱུང་ཁམས་ཀྱི་སྟོབས་ཤུགས་ཡིན་ལ། འགྲན་ཟླ་བྲལ་བའི་རྒོལ་འཇོམ་ཞིག་ཀྱང་རེད།ཀྱེ་མ། འདི་ལྟར་ཟས་ཀྱི་ཟ་འཕྲོ། གོས་ཀྱི་གྱོན་འཕྲོ། བྱ་བའི་ལས་འཕྲོ། འཆར་གཞིའི་བཞག་འཕྲོ།རིག་པའི་སྦྱང་འཕྲོ།བརྩེ་བའི་རོལ་འཕྲོ།གཏམ་གྱི་བཤད་འཕྲོ་སོགས་ཡོད་ཚད་འཕྲོ་ཅན་དུ་བྱས་ཏེ་གྲངས་ཀྱིས་མི་ཟིན་ཞིང་ལས་རིགས་མི་གཅིག་པའི་མི་མང་པོ་ཞིག་དུས་ཡུན་གཅིག་གི་སྟེང་ནས་རང་དབང་མེད་པར་འཇིག་རྟེན་འདི་དང་བྲལ་སོང༌། ཤུལ་དུ་ལུས་པའི་རྒྱང་རིང་གི་ཕ་མ་དང་གཉེན་ཉེས་སྒུག་ཡོད་ལ། ཉེ་འགྲམ་གྱི་གྲོགས་པོ་དང་གྲོགས་མོས་བཙལ་གྱིན་ཡོད། གཞན་ཡང་ལྡེམ་མྱུར་གྱི་ལུས་པོ་ཆག མཛེས་སྡུག་གི་བཞིན་རེས་ལད། དྭངས་གསལ་གྱི་མིག་འབྲས་ལྷུང༌། གསལ་དག་གི་སྨྲ་བརྗོད་བཀག མྱུར་ཞིབ་ཀྱི་བློ་རིག་འཁྲུལ་ནས་མི་མིན་རོ་མིན་དང༌།ཤི་མིན་གསོན་མིན་དུ་མནར་གཅོད་མྱོང་བཞིན་པའི་སྐྱེ་བོའང་བགྲང་ལས་འདས།
ཡུད་ཙམ་ནས་གོང་གིས་བཀའ་ཕབ་ཅིང༌།འོག་གིས་ལག་ལེན་བྲེལ་ནས་མྱུར་སྐྱོབ་དང་གེགས་སེལ་བྱེད་ཀྱིན་ཡོད་ལ།དེ་ལས་ཀྱང་རིགས་ཞེན་དང་བརྩེ་བས་ཕྱུག་པའི་ཚོགས་སྡེ་གང་མང་གིས་མྱ་ངན་ཞུ་བ་དང་རོགས་དངུལ་བསྡུ་བ། རོགས་སྐྱོར་བཀོད་སྒྲིག་བྱེད་པ། ཉེན་ཁ་ལ་མི་འཛེམས་པར་ཡུལ་དངོས་སུ་སོང་ནས་མྱུར་སྐྱོབས་ལ་འབད་པ་སོགས་ནུས་ཤུགས་ཡོད་ཚད་ཕྱུང་བ་ནི་ཆེས་མཁོ་གལ་ཆེ་ཞིང་གནད་དུ་ཁེལ་བ་ཞིག་ཡིན་མོད། འདས་ཟིན་པའི་ཤི་བོ་དང་བརྡིབ་ཟིན་པའི་གྱོང་གུད་དག་ནི་སུས་ཀྱང་བསབ་ཐབས་མེད་པ་ཞིག་རེད་ལ། གཞན་ད་དུང་གནའ་མིའི་དཔེར། རྟ་ལུང་ལ་མུན་རུབ་ན། ཁྱི་ལུང་ལ་ཉི་མ་ཤར་ཞེས་པ་ལྟར་ད་ཐེངས་ཀྱི་ཡ་ང་ཞིང་ཡིད་སྐྱོ་བའི་གནད་དོན་འདི་ལས་ཁུང་རེ་འགའ་དང༌།མི་སྣ་རེ་ཟུང་ལ་མཚོན་ན།གོ་ས་འཕར་བ་དང༌།སྙན་གྲགས་རྒྱས་པ།བསམ་དོན་འགྲུབ་པ་དང་འཆར་གཞི་མངོན་འགྱུར་ཡོང་བ་ལ་གོ་སྐབས་ཤིག་དང༌།ཁྱད་པར་ཁོང་ཅག་གི་དངུལ་ཁུག་དང་བང་མཛོད་ཀྱི་སྟོང་ཆ་སྐོང་བའི་གོ་སྐབས་ཆེས་ལེགས་ཤོས་སུ་གྱུར་མེད་པའི་ངེས་པ་མི་འདུག་(འདིའི་སྐོར་གྱི་བསམ་ཚུལ་ཅུང་ཟད་ཅིག་ཟུར་དུ་འབྲི་འདོད་ཡོད)པས་འདི་ནི་ཆེས་སྙིང་ན་ཞིང་ཡི་མུག་པའི་སྐྱོ་གར་ཞིག་དང༌།ཕྱོགས་ཡོངས་ཀྱིས་དོ་སྣང་དགོས་པའི་གནད་དོན་ཞིག་ཏུ་སེམས་ལ།མི་ལུས་བླང་ཞིང་མི་ཟས་ཟ་མཁན་གྱི་བསམ་ཤེས་ཤིག་ཡིན་ཕྱིན་བྱེད་ཕོད་པ་ཞིག་དང་བྱེད་རུང་བ་ཞིག་ཀྱང་རེད་དམ།
མི་རིགས་ཀྱི་ལ་རྒྱ།རང་རིགས་ཀྱི་བདེ་སྡུག་ལ་དཔུང་བ་མཉམ་གཤིབ་དང་རྡོག་རྩ་གཅིག་དྲིལ་དགོས་པར་སྨྲ་བའི་སྡེ་ཚོགས་དག་དང༌།ཤ་རུས་གཅིག་ལས་ཆད་ཅིང་ཟུང་ཁྲག་རིགས་གཅིག་ཡིན་པའི་མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམ་པ།ལྷག་པར་འགྲོ་བ་སེམས་ཅན་གྱི་དོན་དུ་ཤ་བཅད་ཅིང་ཁྲག་འབྱིན་པར་སྨྲ་ཞིང་སྤོབ་པའི་དགེ་འདུན་པའི་སྡེ་རྣམས་ཀྱིས་ཁ་གཡར་ས་དང༌།ཁག་བཀྲི་ས་ཞིག་མི་བཙལ་བར་བྲེལ་མྱུར་ཆེན་པོའི་ངང་ནས་ས་འགུལ་རྒུད་སྐྱོབས་ཀྱི་ལས་འགུལ་འདི་ལ་ཞུགས་པ་ནི་ངེས་པར་འོས་ལ།ཕྱོགས་མང་པོ་ནས་བསམ་ན་དོན་སྙིང་ཧ་ཅང་ཆེ་བར་མཐོང་བས་རེ་གསོལ་དང་འབོད་སྐུལ་ཞུ་བ་ཡིན།
འོ་ན་འདི་ལྟ་བུའི་རང་བྱུང་གི་འཇིག་པ་ཆེན་པོ་འདི་ཅིའི་ཕྱིར་དུ་འོང་བ་ཡིན་ཟེར་ན། དེ་ནི་རང་བྱུང་ཁམས་ལ་སྙིང་རྗེ་མེད་པར་མིའི་རིགས་ལ་བསམ་གནག་བྱེད་པ་མ་ཡིན་པར། སྤྱིར་འཛམ་བུ་གླིང་དང་བྱེ་བྲག་རང་རེ་དག་གིས་དུས་རབས་ཉི་ཤུ་བའི་སྐེད་ནས་བཟུང་སྟེ་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་གནས་ལུགས་ལ་བསམ་ཤེས་དང་བརྩི་འཇོག་མ་བྱས་པར་ཆོག་ཤེས་དང་གཞན་ཕན་རྒྱབ་ཏུ་འཕང་ཞིང༌།རང་འདོད་ཧམ་སེམས་ངན་ལང་དུ་བཏང་ནས་བག་མེད་རྒྱས་སྤྲོས་དང༌།འབྱོར་ཕྱུག་རིམ་བརྒལ་གྱི་ཕྱིར་དུ་ཕྱི་སྣོད་ཀྱི་འཇིག་རྟེན་ས་ཆུ་ཤིང་གསུམ།གཏེར་ཁ་ཉིང་བཅུད་རྣམས་གང་འདོད་དུ་གཏོར་བརླག་དང་བཅོམ་བཤིག་གཏང་བ་དང༌།ནང་བཅུད་ཀྱི་སེམས་ཅན་བགྲངས་ལས་འདས་པའི་ཚེ་སྲོག་བཅད་ཅིང་གནས་ནས་བཀྲད་པའི་སྟོབས་ཀྱིས་ས་ཡི་བཅུད་ཉམས།སྐྱེ་འགྲོའི་དཔལ་ཉམས་ནས་མཐར་རང་བྱས་རང་ལ་སྨིན་པ་ཞིག་ཡིན།
ཀྱེ་ཀྱེ་ས་སྒང་འདིའི་སྟེང་དུ་ད་དུང་འཚོ་ཞིང་གནས་ལ་བྲེལ་བའི་སྐྱེ་འགྲོ་རྣམས། འདི་ནི་ཉེན་འཚབ་ཆུང་ཤོས་དང་སྔོན་བརྡ་ཙམ་ཡིན་སྲིད་པས་ད་ནས་རང་བྱུང་ཁམས་ལ་སྙིང་རྗེ་མེད་ཅེས་འཐབ་བརྩོད་བྱེད་རྒྱུ་མ་ཡིན་པར།རང་དང་རང་གི་བུ་རབས་ཚ་རྒྱུད་ཀྱི་མགོ་ལ་ཆག་འཇིག་དང་སྡུག་འདི་འདྲ་ཡོང་དུ་འཇུག་མ་བསམ་ན་རང་རང་གི་ས་ནས་ཚོད་ཅིག་བཟུང་ན་མ་རེད་དམ་ཞེས་གསལ་འདེབས་དང༌།གལ་ཏེ་ཁྱེད་ཅག་ལ་དཔལ་འབྱོར་གྱི་ཡོང་འབབ་མཐོན་པོ་ཞིག་དང༌། གནས་སྐབས་ཀྱི་བདེ་བའི་ཚ་རླབས་ཤིག་འཕྱུར་ཐུབ་ཕྱིན་འཆི་བར་སེམས་ཁྲལ་མི་ཆེ་ནའང་ངེད་ཅག་གི་འཚོ་གནས་དང་ལངས་ཕྱོགས། ཐུན་མོང་གི་མ་འོངས་པ་སོགས་ལ་བརྩི་འཇོག་དང་འདང་ཞིག་རྒྱབ་ན་མ་རེད་དམ་ཞེས་སྐུལ་མ་ཡང་བྱེད་པ་ཡིན།
མཇུག་མཐར་ས་འགུལ་འདིའི་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་སྲོག་ལྡན་དག་ལ་མྱ་ངན་དང༌། ཤུལ་ལུས་གསོན་ཐུབ་མཁན་དག་ལ་གདུང་སེམས་ཀྱིས་སེམས་གསོ་ཞུ་བ་ཡིན་ལ།བཤད་དུས་ཡོད་ཀྱང་ལས་དུས་མེད་པའི་ལབ་རྐྱལ་ང་རང་གེགས་སྐྱོབ་ཁྲོད་དུ་ཞུགས་ཐུབ་པ་ཕར་ཞོགཕྱོགས་དེར་འགྲོ་ཡང་མ་ཐུབ་པར་གནོང་འགྱོད་ངང་སེམས་གཏིང་ནས་གཟོད་གསོལ་དང་མཐོལ་བཤགས་ཞུ་བ་ཡིན།
ལྕགས་སྟག་ཟླ3ཚེས 3 གྱི(ཕྱི་ཟླ 4 ཚེས 17)ནམ་སྟོད་ལ་ཡུལ་དཀར་མཛེས་ཀྱི་ཉེ་འགྲམ་དུ།
བོད་ཟླ3ཚེས22ཅུང་ཟད་རེ་བཅོས།
ནམ་མཁའ། འབྲུག་ཆུ། ས་གཞི།
ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།
ས་ཡོམ། འབྲུག་ཆུ། ཆུ་ལོག
ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།
སྐྲ་ལོ། འབྲུག་ཆུ། མིག་ཆུ།
ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།
སྐྱོ་གདུང་། འབྲུག་ཆུ། སྨྲེ་སྔགས།
ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།
རང་བྱུང་། འབྲུག་ཆུ། ལྷ་ཚོགས།
ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།
གནོད་ཐེབས། འབྲུག་ཆུ། རོགས་སྐྱོར།
ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།
མྱ་ངན། འབྲུག་ཆུ། བསྔོ་སྨོན།
ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།
◎ ༡ ◎
དེ་རིང་ཁ་བ་ཆེན་པོ་བབས་སོང གླང་ཆེན་གྱི་བོངས་ཚད་ལྟ་བུའི་ཁ་བ་དང་འབྲོང་རྒོད་ཀྱི་ལྗིད་ཚད་ལྟ་བུའི་ཁ་བ་བབས་ཏེ་རྫོང་མཁར་ཁ་བ་དང་སྨག་ནག་གིས་ཡོངས་སུ་མནན་སོང རྐང་བ་ཕྱི་རུ་བསྲིངས་ཚེ་གྲང་ལྷགས་བཟོད་དུ་མེད་པ་མྱོང་དགོས་ཤིང་ལག་པ་དལ་བུར་རུམ་ནས་བླངས་ཏེ་ས་ངོས་སུ་རེག་ཙམ་བྱས་དུས ཁྲག་དང་རྣག་གིས་སྦགས་པའི་མཛུབ་མོ་དག་དམྱལ་བའི་ཕྲེང་གི་ལས་མཁན་འཇིགས་ཡེར་བ་དག་མིན་ནམ་སྙམ་བྱུང
◎ ༢ ◎
ཕྱི་རོལ་གྱི་རྟ་ཕོའི་འཚེར་སྐད་དང་སྦྲ་ནག་གི་གསེང་ནས་མཐོང་བའི་ནམ་མཁའ སྒོ་ཁྱིའི་ལྕགས་ཐག་གི་ཁྲོག་སྒྲས་སྐད་ཅིག་ཉིད་ལ་ཡུལ་ཁམས་གཞན་ཞིག་གི་སྣང་བརྙན་ཡིད་ལ་ངང་གིས་ཤར་འོང་ཞིང ངས་ནི་དེ་དག་འཇིགས་སུ་རུང་བའི་ཐན་ལྟས་ཤིག་རེད་བསམ་རྒྱུ་མི་འདུག ཡུལ་མི་ཚོས་འུར་མི་རྒྱག་རོགས དེ་ལས་ཀྱང་བུས་པ་ཆུང་ཆུང་དག་ལ་ངུ་ངག་འདོན་དུ་མ་འཇུག་རོགས་གནང
◎ ༣ ◎
ཨ་ཕ་སོང་རྗེས་ཨ་མ་ཁེར་རྐྱང་དུ་འདུག་དགོས་ཟེར་ན་ང་ལ་དགོད་རྒྱུ་ཞིག་ལས་མི་ཡོང ཨ་མས་ངུ་དངངས་ཨེན་ཙམ་བྱས་པ་དེ་ཨ་ཕར་འདང་བརྩེའི་ཁ་དོག་སྟོན་ཚུལ་ཞིག་ཏུ་ངེས་ཀྱང སྒོ་ཁྱིའི་ཨག་རིང་གིས་ང་རང་རྨི་ལམ་ལས་ཕྱིར་དྲངས་པའི་ཚེ་ན རང་གི་ལ་བར་མ་ཐུམ་པའི་ཨ་མ་གྲང་འདར་ཆེན་པོ་རྒྱག་གིན་འདུག ཨ་ཕས་མཚན་མོ་དེར་ལག་སྙོབ་ཇི་ལྟར་བྱས་ཀྱང་རང་གི་དཀར་ཡོལ་ལས་རྙེད་མ་སོང
◎ ༤ ◎
འདས་པའི་དུས་སུ་ཡབ་ཆེན་ན་ཕོ་ལོན་གྱིས་སྐྱ་དམག་འབུམ་གཅིག་ཁྲིད་དེ་ཁ་གཏད་ཀྱི་དགྲ་བོའི་དམག་མི་མང་བོ་གསོན་དུར་བྱས་པས ད་ལྟ་འདྲེ་རུ་གྱུར་ཏེ་མུན་པའི་ཁྲོད་ནས་ཆོ་ངེ་ཇི་འདྲ་བཏོན་ཀྱང་དམངས་ཡོངས་ཞེད་ཀྱིན་མི་འདུག གནའ་གཏམ་དེར་ཞེད་ཀྱིན་མི་འདུག
◎ ༥ ◎
སྐྱེས་པ་ཚོ་ཤར་ལྷོ་ནུབ་བྱང་གང་དུ་སོང་ཡང་བུད་མེད་ཚོས་ཁྱིམ་སྲུང་ནས་བསྡད་ཚེ་དེ་ལས་གཟི་བརྗིད་ལྡན་པའི་བྱ་བཞག་ཅིག་གང་ལ་ཡང་འཚོལ་དུ་མེད་དོ
◎ ༦ ◎
མདའ་གཞུ་བཟུང་ནས་རྔོན་བྱེད་མི་ཆོག་པའི་དུས་སུ་རུམ་དུ་ལྕགས་སྐོར་བསྡུས་པའི་མི་རེ་གཉིས་ལ་རང་ཤུགས་ཀྱིས་ཆད་པ་ནན་མོ་ཕོག་འགྲོ་བ་ཆོས་ཉིད་དུ་ཁས་བླངས་ཚར་རྗེས ཁྱོད་ལ་ཡང་དག་མ་དག་གི་འགྲེལ་བཤད་གསལ་བོ་ཞིག་བསྐྱོན་ས་གང་ན་ཡོད ཁ་ཕར་འཁོར་ཏེ་འཆིང་མཐིལ་དུ་བཏང་བའི་གཅིན་པ་སེར་བོ་ཡིན་ཚེ་ཨེམ་རྗེ་ལགས་ཀྱིས་ཁྱོད་ལ་ཚ་ཐུར་འཇོག་བྱེད་ཀྱི་ཤེལ་ཕྲ་དེ་ལག་ཏུ་གཏོད་ངེས
◎ ༧ ◎
རུས་པའི་གསེང་དུ་རྩྭ་སྐྱེས་པའི་མ་སྐྱེས་ཨ་མ་ཤི་ལོག་གིས་ཐོན་ཏེ་ལྷ་སའི་བར་སྐོར་དང་པོ་ཏ་ལའི་ཐང་ཆེན་དུ་ཚངས་དབྱངས་རྒྱ་མཚོའི་མིང་ནས་འབོད་ཞོར་འདྲེ་ལོག་རྒྱག་གིན་འདུག ནས་ཆང་རྫ་རྒན་རེ་ཐོགས་པའི་ཨ་མ་ལགས་དག་གིས་མོ་ལ་འདང་བརྩེ་ཧ་ལས་པ་ཡོད་ཙང ད་དུང་ཚངས་རྒྱམ་གཏོང་གིན་མི་འདུག སྤྲིན་པ་ཁ་སེར་གཏིང་ནག སད་དང་སེར་བའི་གཞི་མ་་་ ་་་ཞེས་འཁྱར་འཁྱོར་གྱིས་གླུ་བླངས་སོང
◎ ༨ ◎
མངའ་རིས་ས་ཁུལ་དུ་གངས་འཁྱག་གིས་གཅུན་པའི་སེམས་ཅན་སྙིང་རྗེ་བ་དག་རང་ས་གནས་ཀྱི་བཤས་རར་བཅུག་པའི་ཕྱུགས་ཟོག་ལས་མང་བའི་དོན་དེ་གོང་རིམ་དུ་སྙན་གསེང་ཞུས་ཚེ་དེ་མ་ཐག་སྐུ་མཁྱེན་ཚོས་བྱམས་པའི་ཕྱག་ཟུང་བསྲིང་ངེས་རེད ཞོར་དུ་ངའི་སྒོ་ནས་རྐུན་པོས་དེད་སོང་བའི་འབྲི་དང་མཛོ་མོ་དག་ལ་བརྩད་གཅོད་བྱེད་ངེས་སམ ཁྱིམ་མཚེས་ཟླ་བ་ཚང་ལ་ཡང་དབུལ་སྐྱོབ་ཀྱི་ཕྱེ་འབྲས་སྟེར་རམ
◎ ༩ ◎
གོམ་པ་འགའ་ཕྱི་རུ་བཀྱེད་དེ་ཕ་ཡུལ་ལ་རྒྱང་ལྟ་བྱེད་དུས་རི་བོ་མཐོན་པོ་དང་ཆུ་བོ་དྭངས་མོ་མཐོང་ཐུབ་ལ་དེས་ནི་རང་དབང་མེད་པར་སྤྲོ་བ་ལྷག་མ་རེ་བསྐྱེལ་ཡོང་ཞིང་ཕྱི་ཡུལ་གྱི་མཁའ་དབུགས་དེ་ཡང་ཞིམ་ཤ་ཆེས་ཆེར་ལྡན་པའི་སྣང་བ་ཞིག་བདོག་ཡོང ཕ་ཡུལ་དུ་ཐོན་རྗེས་མགོ་བོ་མཐོ་རུ་བཏེགས་ནས་ཇི་ལྟར་མཛེས་པ་དེ་དག་འཚོལ་བར་བྲེལ་ཡང་སྐྱུག་མེར་བའི་སྐྱུར་དྲི་ཞིག་དང་སྣ་རུ་སུན་པའི་རུལ་དྲི་ཞིག་ལས་ཅི་ཡང་མྱོང་ཐུབ་མ་སོང
◎ ༡༠ ◎
མགོ་རེག་ཚོས་སྒོང་རུལ་གཉིས་བརླ་བར་དུ་བསྡམས་ཏེ་མཚན་གང་བོར་ཇི་ལྟར་སྒུག་ཀྱང་ངལ་བ་འབྲས་མེད་རེད་ཡ་ཞེས་པའི་ཤུགས་རིང་དེའི་ནང་ན་དངོས་འབྲེལ་རྔུལ་ཆུ་དང་འཛུམ་མདངས ད་དུང་ཁོང་དགོད་ཅིག་ཀྱང་ཉར་ཡོད་པར་ཐེ་ཚོམ་མི་འདུག ཡིན་ཡང་ང་ཚོའི་གནའ་མི་དག་གི་དད་སྟོབས་དང་ཡིད་ཆེས་ནི་ངོ་མ་ཧ་ལས་དགོས་པ་ཞིག་རེད་འདུག
◎ ༡༡ ◎
རི་བོ་ཧི་མ་ལའི་ལྟག་རྒྱབ་ནི་སངས་རྒྱས་རློན་པ་དག་གི་ཕ་གཞིས་དྲོན་མོ་ཡིན་ན དེ་ནས་མཆེད་ཡོང་བའི་སྒྲ་ཅི་ཡང་སྐྱོན་ཟད་པའི་སངས་རྒྱས་དག་གིས་རང་ཅག་ལ་བསྟན་པའི་གདམས་ངག་ནོར་མེད་འཕྱུག་མེད་པ་དེ་ཡིན་སྲིད ཁྲིམས་ལུགས་ལ་དང་དོད་ཆེར་མེད་པའི་མི་རིགས་འདི་མཇུག་ཏུ་ས་ཡི་གོ་ལ་འདི་བརླག་མཁན་ཐོག་མ་མིན་པའི་ངེས་པ་སུ་ལ་ཡོད དེ་བས་བདག་གི་རིགས་སུ་གྱུར་བ་དག་གིས་ནི་དུས་ངེས་མེད་དུ་རོ་ལངས་(རྒྱན་པགས་སྦྱོར་རྒྱུའི་ལས་)འདི་འཛམ་པོའི་གླིང་ལ་མྱུར་དུ་བསྐྱར་གསོ་ཡོང་བར་སྨོན་ཞེས་ཁ་གཡང་འབོད་ཀྱིན་ཡོད
◎ ༡༢ ◎
རང་ཅག་གི་ད་ལྟའི་སྤྱི་ཚོགས་ནི་ཉ་མོས་རྔ་མོང་དང རྔ་མོང་གིས་ནོར་ལ་བསླབ་བྱ་འདོམས་པའི་དུས་ཤིག་རེད་བསམ་གྱིན་འདུག དེ་བཞིན་དུ་རྔ་མོང་ཆུ་ནང་དང་ནོར་བྱེ་ཐང ཉ་མོ་སྤང་ཐང་དུ་འཚོ་གནས་བྱེད་པའི་དུས་རིམ་ཡ་ང་བ་ཞིག་ཏུ་གྱུར་འདུག
◎ ༡༣ ◎
འདོགས་ཐག་གིས་དམ་པོར་བཅིངས་པའི་མི་ཞིག་ལ་མཚོན་ན་སྤྲོ་བས་རབ་ཏུ་མྱོས་དུས་ཧབ་ཆ་སྒྲོག་རྒྱུ་དང་ཡིད་སེམས་གདུང་བས་གཟིར་དུས་སྨྲེ་ངག་འདོན་རྒྱུ་ཡང་རང་དབང་ལ་ཡོང་བའི་ལས་ཀ་སླ་མོ་ཞིག་མ་རེད གྲོག་ཚང་བརྡོལ་བ་ལྟ་བུའི་དམག་ཚོགས་ཀྱི་དབུས་སུ་ལུས་ཡོངས་ཁྲག་གིས་བརྫིས་པའི་དཔའ་བོ་ཞིག་གིས་ངར་ངར་རྫིག་རྫིག་གིས་སྐད་འབོད་བྱས་ཤིང་འཕག་འཚག་ཇི་འདྲ་བརྒྱབ་རུང་འདས་པའི་ཡིག་ཚགས་སུ་བསུབ་མི་འོས་པའི་མིང་ཐོ་ཞིག་ལྷག་པ་ལས་ཁོ་རང་སྟེང་ནས་ཕ་རོལ་བའི་དགྲ་སྡེ་གོ་སྐོན་བློ་འགུག་བྱེད་པའི་རེ་བ་ཅི་ཡང་མི་འདུག
◎ ༡༤ ◎
རང་གི་ཁྱོ་ག་གཅིག་པུ་ལས་མི་གཞན་པ་ཞིག་གི་འོག་ནས་འཚོ་བ་རོལ་མ་མྱོང་བའི་བུ་མོ་ཞིག་ཡིན་ཚེ་གསར་བུ་མང་བོས་རེས་མོས་ཀྱིས་སྤྱོད་པ་ནི་མི་རུང་བའམ་མ་བཀུར་བའི་སྤྱོད་སྟངས་ཤིག་ལས་རང་གི་བདེ་སྐྱིད་ཅིག་ཏུ་རློམ་ཐབས་མེད་ངེས དེ་ལས་ཀྱང་ངོ་ཚ་དང་བརྫུ་བག་གིས་སྦུད་པའི་བུ་མོ་ཞིག་ལ་ཚད་བརྒལ་བའི་འཁྲིག་སྤྱོད་ཀྱི་སྒྱུ་རྩལ་རེ་རེ་ཡང་སྨན་ལས་དུག་ཏུ་སྣང་འགྲོ་བ་བཞིན་རང་སྣང་ལ་གང་འཚམས་གང་སྤྱོད་བྱེད་པ་ནི་མི་ཞིག་ས་སྒང་འདིར་འཚོ་པའི་དོན་སྙིང་རན་ཤོས་རེད་ཨང
◎ ༡༥ ◎
ཨོང་བ་མེ་རུ་སྒོང་སྟེ་དེའི་དྲོད་ཁོལ་ལ་རེ་བ་ནི་འོས་ཤིང་རན་པར་སེམས་མོད་རྡོ་སོལ་མེ་རུ་སྒོང་སྟེ་སོལ་རླངས་ཀྱིས་དབུགས་རྩ་འགག་ཚེ་ཕྱི་ཉིན་རོ་ཕྲག་ཏུ་ཁུར་ནས་ངུ་ཤུམ་བྱེད་རྒྱུ་དེ་ཧ་ཅང་ཐབ་ཆགས་ཤིག་ལས་མི་སྣང ཡིན་ནའི་ལྟོགས་པའི་མོད་ལ་ཟས་དང་གྲང་བའི་མོད་ལ་དྲོད་ཀྱང་མཁོ་བ་ཤེས་པར་མཛོད་ཅིག
◎ ༡༦ ◎
མུ་མེད་ལུང་སྟོང་དང་ཁོད་ཡངས་པའི་སྤང་ཐང་ནས་ཀུ་ཅི་དགར་འདེབས་ཐུབ་པའི་སྐྱེ་བོ་དག་གིས་མི་མང་གི་སྔུན་ནས་འུར་རྒྱག་པ་ལས་རང་གི་དྲན་ཚོད་བཤད་མི་སྤོབས་པ་དེ་ཇི་འདྲའི་མཚར་ཨང རང་གི་འཆར་གཞི་དང་དམིགས་བྱ་རང་དང་ཉེ་བའི་ཤག་པོ་ཚོར་བཤད་བཤད་ནས་མི་ཚེ་རྫོགས་འགྲོ་བ་དྲང་ཐིག་ཅིག་གི་མངའ་ཐང་སྲུང་ནས་འཚོ་བའི་ཕུ་ནུ་ཚོའི་སྤྱི་འགྲོས་བཅོས་མེད་དེ་རེད
◎ ༡༧ ◎
མེས་པོ་སྲོང་བཙན་ནི་ལག་པ་ཁྲག་གིས་སྦགས་པའི་ཆོས་པ་ཡང་དག་ཅིག་ཡིན ཕྱེད་གཅེས་ཕྱེད་སྡང་གི་ལྟ་བས་མི་སེམས་བཀུག་པ་ནི་ཁོ་ལ་ལེ་བདའ་ཅི་ཡང་མེད་དེ་འཕྱུག་ངེས་ངེས་ཧ་རེ་ལོང་བའི་(འདི་ནས་གནས་ལུགས་ལ་དཔྱོད་མི་ཤེས་པར་གོ)འབངས་མི་དག་རྦད་དེ་འཕྱུག་འདུག དོན་དུ་སོག་རྒྱལ་ཇིང་གུར་ཡང་ཁོའི་རིགས་སུ་གྱུར་བ་དག་ལ་ཤ་ཚ་ཞིང་སྙིང་ཉེ་ཨང
◎ ༡༨ ◎
མིའི་རིགས་ཀྱིས་ངལ་རྩོལ་ཅི་ཡང་བྱ་མི་དགོས་པར་རང་དགར་སྡོད་དགོས་བྱུང་ཚེ་སྲོག་ཁྲིམས་གཅོད་སྟངས་རིགས་ཤིག་ཡིན་པས དེ་བས་ཆུ་ཚོད་སྐར་ཆ་རེ་རེར་ཡང་ཅི་ཞིག་བསྒྲུབ་ཐུབ་པ་དང་ཅི་ཞིག་བསམ་ཐུབ་པར་ཞུགས་ཚེ་རང་འདུག་མིན་པའི་བདེན་དཔང་རྙེད་ཅིང་མིའི་ནུས་པ་ཡང་རང་ག་བ་ཞིག་མིན་པ་ལྷིང་ལ་འབུད་ངེས་སོ
(མུ་འགོད)
མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བརྡ་ཁྱབ།
མཚོ་སྔོན་པོ་ཟིན་བྲིས་ཀྱིས་ཁ་བ་རི་བོའི་བོད་རིགས་སྤུན་ཟླ་རྣམས་ལ་རང་ཉིད་ཀྱི་བསམ་བློའི་འཆར་སྒོ་ལྷུག་པར་གྲོལ་སའི་སྟེགས་བུ་ཞིག་བསྐྲུན་པ་དང་ཆབས་ཅིག འདི་ནས་དགེ་མཚན་གཉིས་དང་བློ་སྦྱོང་གསུམ་གྱི་བྱ་བྱེད་བརྡ་ཁྱབ་ཀྱི་ཚུལ་དུ་བསྒྲགས་པར་བྱ་སྟེ། འཛམ་གླིང་ཧྲིལ་བོ་ཆ་འཕྲིན་ཅན་དུ་འགྱུར་བའི་རྫོགས་ལྡན་གྱི་དུས་འདིར། བོད་ཀྱི་ཡི་གེའི་ཤན་སྟོབས་དང་ནུས་པ་ཆ་ཙམ་མ་ཉམས་པར་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་མཚོ་འཇིངས་སུ་དཔུང་འཇུག་བྱེད་སྒང་ཡིན་ཕྱིན། བོད་ཀྱི་ཡི་གེ་སྦྱང་སྤྱོད་སྤེལ་གསུམ་ལས་སྤྱོད་པ་དང་སྤེལ་བའི་ལས་བགྱི་བ་ལ་དགེ་མཚན་ལྡན་པ་དང་གཅིག དུས་རབས་ཀྱི་མྱུར་འགྲོས་དང་བསྟུན་ནས། དྲ་ཐོག་ཟིན་བྲིས་ནི་མི་བུ་ཀུན་གྱི་ཐོས་བསམ་སྦྱངས་གསུམ་གྱི་མྱོང་སྣང་དང་དྲན་ཐོབ་སོགས་བརྗོད་པའི་ཁྱིམ་གཞི་དྲོན་མོ་ཞིག་ཏུ་གྱུར་ཡོད་གཤིས། ང་ཚོས་ཀྱང་ཕ་ཁྱིམ་གྲུ་བཞི་འདི་རུ་བསམ་བློ་བརྗེ་རེས་དང་། བློ་རིག་གོ་བསྡུར་གྱི་སྙིང་སྟོབས་སྤེལ་བ་ལ་དགེ་མཚན་ལྡན་པ་དང་གཉིས་ཏེ། དགེ་མཚན་འདི་གཉིས་ལ་དམིགས་ནས་ཁྱེད་རང་ཁྱིམ་གཞི་འདིར་འཇུག་དགོས་ལ། ཞུགས་པ་ལ་རྗེས་སུ་ཡི་རང་བྱེད།
ཡིན་ཡང་། མཚོ་སྔོན་པོ་ཟིན་བྲིས་སུ་རྩོམ་ཡིག་དང་དཔྱད་བརྗོད་སྤེལ་མཁན་སུ་དང་གང་ཡིན་ཡང་ཚང་མར་ཁྲིམས་འགལ་ལུགས་འགལ་གྱི་བསམ་བློ་འདོར་བའི་ཆབ་སྲིད་བློ་སྦྱོང་ཡོད་དགོས་པ་དང་གཅིག
འཆལ་གཏམ་ཕུང་དཀྲུགས་ཀྱི་བྱ་སྤྱོད་སྤོང་བའི་བག་ཡོད་བློ་སྦྱོང་ཡོད་དགོས་པ་དང་གཉིས།
མི་གཤིས་ལ་གནོད་པའི་དམོད་མོ་ཁྱད་གསོད་ཀྱི་ལྐོགས་མདའ་སྤྱུགས་པའི་མི་གཞི་བློ་སྦྱོང་ཡོད་དགོས་པ་དང་གསུམ་སྟེ། གལ་ཏེ་བློ་སྦྱོང་འདི་གསུམ་དང་འགལ་བའི་གཏམ་བརྗོད་ཀྱི་རིགས་བྱུང་ཚེ། ང་ཚོ་དོ་དམ་པས་དུས་ཐོག་ཏུ་གཙང་བཤེར་བྱེད་ངེས་ཡིན་པས་དགོངས་འགལ་མེད་པར་འཚལ།
http://t.amdotibet.cn/index.html