( སྔར་གངས་ལྗོངས་གླེང་སྟེགས་སུ་དྲ་གྲོགས་རྩམ་ཟན་ཟེར་བ་ཞིག་གིས་བོད་རིགས་ནི་ལྟ་སྒོམ་སྤྱོད་གསུམ་གང་ཐད་ནས་གཞན་དང་མི་མཚུངས་པར་ཡག་རབ་རྒྱན་རབ་ཀྱི་གཏམ་མང་དུ་བཤད་པར་རང་གི་དྲན་ཚུལ་ཐོལ་བྱུང་དུ་བྲིས་པ་ཞིག་མཆིས་པ་ཐད་ཀར་དྲངས་པའོ )
བོད་མི་ཡ་རབས་ཡིན་ལུགས་བརྗོད་པའི་གཏམ།།
དང་པོ་ཐོས་དུས་ཡིད་ཀྱི་དགའ་བ་རྒྱས།།
དེ་ནས་བོད་མི་སྙིང་རྗེ་ཆེ་ལུགས་ཀྱི།།
སྙན་པའི་གཏམ་ལའང་དུངས་པའི་བདེན་ཁ་ཤོར།།
ཡིན་ཡང་བདེ་བའི་མལ་ལ་གནས་བཅོས་ཏེ།།
བདེན་པ་དོན་གྱི་འབྲས་བུ་འཚོལ་བའི་དུས།།
རང་སེམས་དྲི་མ་མེད་པའི་ནམ་མཁའ་རུ།།
ཁ་སྣ་གཅུས་པའི་རྒན་པོ་བདག་མེད་ཅིག།
གྱོལ་བཞིན་འོང་སྟེ་ང་ལ་འདི་སྐད་ཟེར།།
ཉེ་བའི་མི་དང་རུ་སྡེའི་ཕོ་མོ་ཡིས།།
ང་ལ་མཛེ་བོ་ཟེར་ནས་སྡིགས་སོ་ཟེར།།
མི་གཙང་གྲིབ་ཅན་ཟེར་ནས་གཡོལ་ལོ་ཟེར།།
གློ་བུར་ཐུག་ན་ཕྱི་ཕྱིར་འབྲོའོ་ཟེར།།
དེ་ནས་མོ་ལོ་སོ་གསུམ་ཡོལ་ཙམ་གྱི།།
ལང་ཚོ་རྒྱས་པའི་རུས་རྐང་མ་ཡལ་བ།།
གནག་སྣུམ་སྐྲ་ལོ་ཅུང་ཟད་འཛིང་བ་ཞིག།
ཁོ་བོའི་གམ་དུ་ཙོག་ནས་འདི་སྐད་གླེང་།།
མ་ངའི་སྙིང་གྲོགས་དུང་གི་སོ་སྒོ་ཅན།།
གཤིན་རྗེའི་འཕྲང་རིང་འགྲིམས་པའི་རྟིང་མ་ལ།།
ང་ནི་མི་གཙང་ཡུགས་མོ་ལས་ངན་ཏེ།།
ཀུན་གྱི་འཛེམ་བྱ་འགོང་བོ་ལག་གཟེད་ཡིན།།
ཉིན་གྱི་འཕྱས་དང་མཚན་གྱི་བརྙས་དམོད་ཀྱིས།།
འཇིག་རྟེན་སྣང་བར་ཨ་ཐང་ཆད་དེ་ཐལ།།
གོང་གི་མཁས་གཏམ་འོག་གི་སྡང་སྡིགས་དེས།།
ད་ནི་འཚོ་བའི་སེམས་ཀྱང་ཉམས་སོ་ཟེར།།
དེ་རྗེས་རླུང་འཚུབ་རྡུལ་དང་འགྲོགས་པ་ཡི།།
ངར་སྐད་མཐོངས་སུ་མཆེད་པའི་ཧྲག་བར་ནས།།
ཉམ་ཐག་ངུ་སྐད་ལྷང་ངེར་འབྱིན་པ་ཡི།།
བྱིས་པའི་ངག་གིས་བདག་ཡིད་དངངས་པར་བྱས།།
འཇབ་བུའི་སྟབས་ཀྱིས་བཙལ་ཅིང་བསྙེགས་པ་ལས།།
ལོ་ཆུང་ཁ་ཤ་ཙག་གིས་གས་པ་ཡི།།
མི་སྡུག་གཟུགས་བརྙན་ལྷང་ངེར་མངོན་པ་དེས།།
ང་ཡི་ཨ་ཕ་ཁྱེད་ཀྱིས་ཨེ་རིག་ཟེར།།
རྩྭ་སའི་གཡུལ་ལ་ཆས་ནས་མ་ལོག་ཟེར།།
ཅིས་ཀྱང་ཨ་ཕ་རྙེད་ཐབས་བྱེད་དགོས་ཟེར།།
རྒན་རྒོན་རེ་བའི་ཉི་མ་ནུབ་འགྲོ་ཟེར།།
མ་དང་སྲིང་མོས་ཡུལ་ན་སྒུག་ཡོད་ཟེར།།
བྱིས་པའི་འབོད་སྒྲ་རྣ་ལས་མ་ཡལ་གོང་།།
གོས་དཀར་ལྕང་ལོ་འཆིང་བའི་དཔོན་རྒན་ཞིག།
ཞེ་སྡང་དབུགས་རྒོད་སྙིང་ལ་བརྩེགས་བཞིན་དུ།།
གཟར་མོའི་ལ་རིང་བརྒྱབ་ནས་མདུན་དུ་སླེབས།།
ཁྱེད་ལ་ཅི་བྱུང་གང་ན་དྲིས་པའི་ཚེ།།
ཁོ་བོ་བོན་གྱི་ཁྱིམ་སྔགས་ཡིན་ནོ་ཟེར།།
གན་ཚོས་ང་ལ་ངན་དམོད་བྱས་སོ་ཟེར།།
ང་རང་མུ་སྟེགས་པ་རུ་རྩིའོ་ཟེར།།
ལམ་ནས་ཐུག་ན་ཁ་སྣ་བསུམ་མོ་ཟེར།།
རྒྱབ་ལ་ཡོལ་ན་མཆིལ་མ་འདེབས་སོ་ཟེར།།
དེ་ནས་མུན་པའི་གྲིབ་སོ་སྐོན་པའི་དུས།།
སྡེ་བའི་སྲང་ན་གོམ་པ་འཁྱོར་བ་ཡི།།
སྟག་ཤར་དཔུང་བ་གྱེན་ལ་བཏེགས་པ་འགའི།།
ཕན་ཚུན་རྡེག་ཅིང་འཁོན་པའི་འུར་སྒྲ་ཡིས།།
ཁྱིམ་གྱི་རྒན་རྒོན་བདེ་བའི་མལ་ནས་ཕྱུངས།།
ད་རུང་ཁོང་ཉིད་དཔའ་བོའི་ཕུལ་ལོ་ཟེར།།
མ་བསད་མ་གཏུབ་ཁོ་རང་བུ་མིན་ཟེར།།
དེ་ལས་ཅུང་ཟད་ཡོལ་བའི་ཁང་ཆུང་ན།།
ཤོ་སྦགས་རྒྱན་གྱིས་སྨྱོས་པའི་བུ་རྒོད་ཚོས།།
ཕ་ཁྱིམ་ནོར་བུའི་ངོ་སོ་སྨད་བཞིན་དུ།།
ཡ་ཕུགས་སྟོང་བའི་རོལ་རྩེད་བཅུད་དུ་སྒོམ།།
ཡིན་ཡང་སྐྱ་རེངས་དང་པོའི་འགྲམ་ངོགས་ན།།
གོར་གྱོང་བྲོ་གར་བཟུང་བའི་ཁྱིམ་བདག་མས།།
བོང་བུ་དེད་ནས་བུད་ཤིང་འཐུ་བའི་ཉམས།།
སྐྱ་མོ་ལམ་གྱི་ཟློས་གར་ཟད་པོ་ཉིད།།
མི་འདྲ་མི་གཅིག་སྣང་བརྙན་སོ་སོ་བ།།
དྲན་པའི་གཞུང་ནས་ཡང་ཡང་འཁྱུག་པའི་མོད།།
བོད་མི་ཡ་རབས་སྙིང་རྗེ་ཆེ་ལུགས་དང་།།
སེམས་ཅན་མ་རུ་སྒོམ་པའི་བཤད་རྒྱུན་ལ།།
ཉན་ན་སྙན་ཡང་བདེན་པ་གཅེར་བུའི་ངོར།།
མོས་པའི་མགོ་ལྕོག་ལྡེམ་པ་དཀའ་བར་མཐོང་།།
རང་སེམས་རང་གིས་བཅོས་ན་དགའ་ཀྲོག་ཀྲོག།
རང་མགོ་རང་གིས་གཡོགས་འདི་ཨ་ཙ་མ།།
ཕྲག་དོག་མདུང་ཁ་རང་ལ་བསྐོར་བ་དང་།།
ཕྱི་ཡི་དགྲ་བོ་ནང་དུ་འགུག་མཁས་པ།།
གྲུབ་མཐའི་ཆགས་སྡང་ངར་མའི་མཚོན་ཆ་ཅན།།
ཐུ་བྷོད་མི་རིགས་བསྐལ་བརྒྱར་བརྟན་གྱུར་ཅིག།
2008-12-27 22:14:00
ལུང་ཤར་བའི་ལོ་རྒྱུས།
ལུང་ཤར་ནི་ཟུང་ཆུང་ཤེས་རབ་གྲགས་པའི་མི་རྒྱུད་ཡིན་པ་དང་། ལུང་ཤར་གྱི་འཛིན་ཁོངས་ཤར་ཕྱོགས་ཟུར་ཆུང་པའི་བཞུགས་ཡུལ་རྙིང་པ་དེར་དེང་སང་ཟུར་ལུང་ཞེས་གྲགས། དེར་བརྟེན་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་ས་གནས་སྲིད་གཞུང་གི་དཔོན་རིགས་ནང་ཞུགས། མི་རྒྱུད་རིམ་པ་ནས་སྲིད་གཞུང་གི་ཞབས་སྡོད་ཞུས། ལུང་ཤར་ནི་གཞིས་རྩེ་ཀྲོན་ཆུས་བཞད་མཐོང་སྨོན་རྫོང་ཁོངས་རྟ་ནག་ཁུལ་གྱི་སྒེར་པའི་གྲས་ཤིག་རེད། ངའི་མེས་པོ་སྲིད་གཞུང་གི་དྲུང་འཁོར་ལུང་ཤར་ལྷུན་གྲུབ་རྡོ་རྗེ་དང་། རྨོའོ་བདེ་ཆེན་པད་མོ་གཉིས་ཀྱི་བུར་བོད་ལྕགས་སྦྲུལ་༼༡༨༨༡༽ལོར་ཕ་དམ་པ་དེ་འཁྲུངས་ཤིང་། མཚན་ལ་རྡོ་རྗེ་ཚེ་རྒྱལ་ཞེས་བཏགས།
ཁོང་དགུང་ལོ་བརྒྱད་ཙམ་ལ་སླེབས་དུས་ཡབ་གཤེགས་འདུག་ཀྱང་། ཡུམ་ནས་གཅེས་པར་བསྐྱངས་ཏེ་འཚར་ལོངས་བྱུང་ཞིང་། ཤེས་ཡོན་རིག་གནས་སློབ་སྦྱོང་ཐད་ལའང་ཡུམ་གྱིས་ཐུགས་འཁུར་གནང་སྟེ་དགེ་རྒན་མང་པོ་བསྟེན་སྟབས་སྦྱང་འབྲས་ཧ་ཅང་ཡག་པོ་བྱུང་འདུག དེར་བརྟེན་ཁོང་གིས་ཡུམ་ལ་ཐོག་མཐའ་བར་གསུམ་དུ་གུས་བརྩེ་ཧ་ཅང་ཆེན་པོ་གནང་གི་འདུག ངའི་ཕ་ནི་བོད་ལུགས་གསོ་བ་རིག་པ་སྦྱང་རྒྱུར་དགའ་པོ་ཡོད་སྟབས་དགེ་རྒན་བསྟེན་བཏུགས་ཀྱིས་སྨན་དཔྱད་བྱེད་སྒོ་སློབ་སྦྱོང་ཧུར་བརྩོན་གནང་རྐྱེན་ལག་རྩལ་ཡག་ཙམ་ཤེས་ཐུབ་པ་བྱུང་། རྗེས་སུ་ང་ཚོ་ལོ་ན་སོན་དུས་ཀྱང་པྭ་ལགས་ནས་ལས་ཞོར་ནད་པར་རྩ་ཆུ་བརྟག་དཔྱད་དང་། བོད་ལུགས་ཀྱི་སྨན་སྟེར་བ་སོགས་གནང་གི་འདུག དེ་བཞིན་ཁོང་དགུང་ལོ་ཆུང་དུས་ནས་གཞས་དང་ཞབས་བྲོ་ལའང་ཧ་ཅང་དགའ་པོ་ཡོད་སྟབས་རྒྱུན་དུ་ཧའོ་ཅིན་དང་ཡང་ཅིན་གཏོང་གནང་བ་མ་ཟད། སྐབས་འགར་ལྷ་སར་ཡོད་པའི་རོལ་ཆ་གཏོང་མི་རྣམས་བསྡུ་རུབ་གནང་སྟེ་མཉམ་གཏོང་སྤྲོ་སྐྱིད་ཡང་ཡང་གནང་གི་འདུག དེའི་ནང་རོལ་ཆ་གཏོང་རོགས་སུ་ཡོང་མཁན་གཙོ་བོ་སྦ་ཡི་ཝ་ལི་༼ཧུད་རིགས༽དང་། དལ་ཞོལ་ལི༼རྒྱ་རིགས༽ འ་མན་རི། རྣམ་རྒྱལ། ནང་མའི་གཞས་གཏོང་མཁན་ཡེ་ཚ༼ཧུད་རིགས༽སྟོད་གཞས་གཏོང་མཁན་ཕུར་བུ་སྒྲོལ་མ་དང་། བསོད་ནམས་སྐྱིད་འཛོམས། དབྱང་སྐྱིད་ཟེར་བ་བཅས་སྐད་གྲགས་ཡོད་པ་བུ་མོ་གསུམ་སོགས་ཡོད།
དགུངགྲངས་ཉི་ཤུ་སྐོར་ལ་ཕེབས་དུས་རྟ་ནག་སྒེར་ལྷས་ཁུད་པའི་བུ་མོ་མདུན་ཐབས་སུ་བཞེས་པ་དེ་ལ་ཕྲུ་གུ་ཆ་པ་རུ་ཟུར་དབང་ཆེན་གཡུ་ལྷ་དང་། སྒྲོལ་མ་ཕུག་པད་མ་གཉིས་བཙས། དེ་ནས་སྲིད་རྙིང་གི་དྲུང་འཁོར་ཞུ་བར་ལྷ་སར་ཕེབས་ཏེ་དཔོན་རིགས་ཁོངས་ཞུགས། ཁོང་ཡིག་རྩིས་ཡག་ཙམ་ཡོད་སྟབས་མི་རིང་བར་རྩིས་ཁང་ལས་ཁུངས་ཀྱི་རྩིས་པར་བསྐོ་བཞག་བྱས་འདུག རྩིས་པའི་ལས་འགན་ལོ་བཅུ་ཙམ་གནང་རིང་ལས་ཀར་ཧུར་བརྩོན་ཆེ་ཞིང་། འཇོན་ཐང་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག་གཤིས། རྩིས་པ་ལུང་ཤར་ཞེས་མིང་གྲགས་ཐོག་མར་ཐོན། པྭ་ལགས་ཀྱི་སྐུ་ཟླ་དེ་ཉིད་ལུང་ཤར་གཞིས་དུ་སྟོན་བསྡུའི་ཕྱག་ལས་གནང་བར་ཕེབས་སྐབས་ཤིག་ལ་སྟབས་མ་ལེགས་པར་གཞིས་སུ་སྐུ་གཤེགས།
དེ་ནས་ལོ་གསུམ་ཙམ་སོང་བའི་རྗེས་སུ་ངའི་ཨ་མ་བསྟན་འཛིན་སྒྲོལ་དཀར་ལགས་དང་གཉེན་སྒྲིག་གནང་། ཕྲུ་གུ་ང་ཚོ་བུ་ལྔ་དང་། བུ་མོ་གཅིག་བྱུང་།
༡༩༡༡ལོར་ཏྭ་ལའི་བླ་མ་སྐུ་ཕྲེང་༡༣པ་ཧིན་རྡུར་ཕེབས་བཞུགས་རིང་ཕྱི་རྒྱལ་གྱི་གནས་ཚུལ་མང་ཙམ་ཞིག་མཁྱེན་རྟོགས་བྱུང་རྐྱེན་བོད་ལྗོངས་ཡར་རྒྱས་འགྲོ་བར་རིག་གསར་འཕེལ་རྒྱས་གཏོང་དགོས་པ་དེ་དགོངས་པར་འཁོར་ནས་སྤྱི་ལོ་༡༩༡༣ལོར་སྐུ་དྲག་གི་བུ་ཕྲུག་ཁོངས་ནས་ན་གཞོན་ཁ་ཤས་འདེམས་སྒྲུག་གནང་སྟེ་ཁོ་ཚོ་དབྱིན་ཡུལ་དུ་སློབ་གྲྭར་སྐྱེལ་བར་འགྲོ་མཁན་གྱི་འགོ་གཙོ་ངའི་པྭ་ལགས་ལ་རིམ་བཞིའི་གོ་གནས་དང་སྦྲགས་ལས་འགན་གནང་། བུ་ཕྲུག་ཁོངས་སྨོན་གྲོང་མཁྱེན་རབ་ཀུན་བཟང་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེ། སྐྱིད་སྦུག་པ་དབང་འདུས་ནོར་བུ། སྒོག་མཁར་བ་བསོད་ནམས་མགོན་པོ་བཅས་གཏོང་གནང་མཛད་པ་ཁོང་ཚོ་དང་མཉམ་དུ་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་དུ་ཕེབས། དབྱིན་གཞུང་ནས་སྣེ་ཤན་རྒུལ་ཊ་ས་ཧེབ་དང་། སྐད་སྒྱུར་ལེགས་ལྡན་ས་ཧེབ་༼བོད་རིགས༽གཉིས་བཙུགས་ཏེ་སྣེ་ལེན་བྱས་འདུག བོད་ས་གནས་སྲིད་གཞུང་གིས་བསྐུར་བའི་ཡི་གེ་དང་ལག་རྟགས་སོགས་སྤྲད་ཅིང་། ཕྲུ་གུ་བཞི་ཨིང་ལན་རག་སྦིའི་ཞེས་པའི་སློབ་གྲྭར་བཅུག རྗེས་སུ་ཕྲུ་གུ་རྣམས་ལ་ཆེད་ལས་ཡོན་ཏན་རེ་རེ་བསླབས་པ་ནི། སྨོན་གྲོང་མཁྱེན་རབ་ཀུན་བཟང་ལ་ས་གཏེར་འཚོལ་འདོན་སྐོར་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེར་གློག་གི་ལས་ཀ སྐྱིད་སྦུག་པ་དབང་འདུས་ནོར་བུ་ཏར་གཏོང་དང་ས་ཐིག་ལེན་རྒྱུའི་ལས་ཀ སྒོག་མཁར་བ་བསོད་ནམས་མགོན་པོར་དམག་དོན་ལས་ཀ་བཅས་སློབ་སྦྱོང་བྱས་ཏེ་ཚང་མ་སློབ་ཐོན་གྱིས་བོད་ལ་ཕྱིར་ལོག་ཡོང་བ་རེད། སྐབས་དེར་ངའི་པྭ་ལགས་དང་ཨ་མ་ལགས་གཉིས་ནས་ཀྱང་དབྱིན་ཇིའི་སྐད་ཡིག་ཕྲན་བུ་བསླབས་ཤིང་། ཕ་རན་སི། ཨི་ཀྲར་ལི་སོགས་ལ་བལྟ་བསྐོར་དུའང་ཕེབས་འདུག་པ་བཅས་བརྒྱུད་ངའི་པྭ་ལགས་ལ་ཕྱི་རྒྱལ་གྱི་བྱེད་སྟངས་ཐད་ནས་ཤུགས་རྐྱེན་ཆེ་ཙམ་ཐེབས་ཏེ་བོད་ཀྱི་ལམ་ལུགས་རྙིང་པ་དེར་ཕྲན་བུའི་བཅོས་སྒྱུར་མ་བྱས་ཚེ་ཉེན་ཁ་ཡོད་པའི་བསམ་བློ་འཁོར་ཡོད་ཚོད་འདུག གང་ཡིན་ཞེ་ན། རྗེས་སུ་པྭ་ལགས་ནས་དུས་ཚོད་བྱུང་རིམ་བཞིན་དབྱིན་ཡིག་གི་ལོ་རྒྱུས་དེབ་ལ་རྟག་པར་བལྟ་ཀློག་གནང་བ་དང་། ང་ཚོ་ནང་མི་འཛོམས་ཏེ་སྡོད་སྐབས་པྭ་ལགས་ཀྱིས་དེ་སྔོན་ཕ་རན་སིར་དུས་འགྱུར་གྱིས་ཕ་རན་སིའི་རྒྱལ་པོ་གཏོར་བ་དང་། ཨི་ཀྲར་ལིའི་རྒྱལ་པོ་གཏོར་བའི་ལོ་རྒྱུས་སྐོར་སྒྲུང་གཏམ་ལྟ་བུར་གསུང་གི་འདུག པྭ་ལགས་བོད་ལ་ཕྱིར་ལོག་གནང་རྗེས་ཏྭ་ལའི་བླ་མས་དམིགས་བསལ་གཟིགས་སྐྱོང་གནང་སྟེ་རྩིས་དཔོན་གྱི་གོ་གནས་གནང་། དེ་དུས་བོད་དམག་སྒྲིག་གཞི་རྒྱ་སྐྱེད་བྱེད་སྒང་ཡིན་རུང་། དམག་ཕོག་ལྡེང་གི་མེད་སྟབས་འབྲུ་རིགས་འཕར་མ་བསྡུ་རྒྱུའི་འཆར་གཞི་བཟོས་ཏེ་འབབ་ཞིབ་ལས་ཁུངས་ཞེས་པ་གསར་བཙུགས་ཐོག་དོ་དམ་དྲུང་ཡིག་ཆེན་མོ་བློ་བཟང་བསྟན་སྐྱོང་དང་། ངའི་ཕ་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གཉིས་ལ་བསྐོ་བཞག་གནང་རྒྱུར་ཏྭ་ལའི་བླ་མས་ཆོག་མཆན་གནང་། དེར་བརྟེན་འབབ་ཞིབ་འགེལ་ཡུལ་སྡེ་དཔོན་མི་དྲག་དང་། ཡབ་གཞིས་ཁག སྒེར་པ། ཆོས་གཞིས་བཅས་ལ་ས་ཞིང་སྦུག་བཟོས་འཕར་མ་ཡོད་རིགས་དང་། བཀའ་གཞིས། མདའ་གཞིས། སྒེར་པ་ཞབས་སྡོད་མ་ཞུས་པའི་ཕ་གཞིས་སོགས་ལ་ཞིབ་འཕར་འབྲུ་རིགས་འཕར་འགེལ་བྱས་ཏེ་མི་ཚང་ཆེ་རིགས་ལ་འབྲུ་ཁལ་སྟོང་ཕྲག་བཞི་ལྔ་དང་། དེ་འོག་ལ་ཁལ་བརྒྱ་ཕྲག་ཁ་ཤས་འགེལ་དཀྲི་བྱས་སྟབས་ས་གནས་སྲིད་རྙིང་ལ་འབྲུ་རིགས་ཧ་ཅང་ཕོན་འབོར་ཆེན་པོ་བྱུང་སྟེ་རྗེས་སུ་ཏྭ་ལའི་བླ་མའི་སྐུ་ཚེའི་སྨད་ཆར་སླེབས་དུས་འབྲུ་ཁང་རྙིང་པ་ཕལ་ཆེར་ཁེངས་ཏེ་ས་གནས་ཁ་ཤས་ལ་བཀར་ཁང་ནང་འབྲུ་འཇུག་ཡུལ་མེད་པ་ལྟ་བུ་བྱུང་བ་རེད། ཡིན་ནའང་ཏྭ་ལའི་བླ་མ་བཅུ་གསུམ་པ་སྐུ་གཤེགས་རྗེས་བཀའ་ཤག་ནས་ཞིབ་འཕར་འབྲུ་རིགས་ལོ་ཤས་ཆག་ཡང་བཏང་བ་དང་། ལྷག་པར་མི་དྲག་ཁ་ཤས་ལ་གཞུང་འབྲུ་སྐྱེད་མེད་སྔ་གཡར་དང་། གསོལ་རས་སོགས་མང་པོ་སྤྲད་རྐྱེན་གཞུང་གི་འབྲུ་རིགས་ལ་དོ་ཕོག་ཆེ་ཙམ་བྱུང་སྟབས་སྐབས་དེར་མང་ཚོགས་ནས་ཟུར་ཟ་ཞིག་ཀྱང་བྱས་ཡོད་པ་སྟེ། བཀའ་ཤག་གི་ཕྲ་མའི་ཐོད་དུ་དེ་སྔ་ཆིང་གོང་མས་གནང་བའི་པྭན་ཞིག་ཡོད་པ་དེའི་ཐོག་བོད་ཡིག་དབུ་ཅན་ཕྱི་ནང་བསྟན་སྲིད་ཡོངས་ལ་བསོད་ནམས་ཀྱི་དགེ་ཚོགས་ལྷག་པར་སྤེལ་བ་ཞེས་འཁོད་ཡོད་པ་དེ་ལ་བལྟས་ནས་བཀའ་ཤག་གི་ཕྲ་མའི་འོག་ཏུ་ཡི་གེ་ཞིག་སྦྱར་བའི་ནང་ཕྱི་ནང་སྐྱེ་འགྲོ་ཡོངས་ལ་འབྲུ་དངུལ་གྱི་སྟོན་མོ་ལྷག་པར་སྤེལ་བ་ཞེས་བྲིས་ཡོད་པ་རེད། སྐབས་དེར་འབྲུ་རིགས་འབབ་བཟོ་བྱེད་ཡུལ་སྡེ་དཔོན་མི་དྲག་ཆེ་གྲས་ཁག་ལ་འབབ་འཁྲི་ཆེན་པོ་བྱུང་སྟབས་མཐོ་རིམ་མི་སྣ་ཁག་གཅིག་ནས་ངའི་ཕ་རྩིས་དཔོན་ལུང་ཤར་ལ་མ་དགའ་བའི་གླེང་ཕྱོགས་ཆེན་པོ་བྱུང་འདུག་ཀྱང་དེའི་དུས་ཏྭ་ལའི་བླ་མའི་གཟིགས་བསྐྱངས་ཆེན་པོ་ཡོད་སྟབས་རྒྱབ་རྩ་བཟང་བས་སུས་ཀྱང་གནོད་འཚེ་གཏོང་ཐུབ་མི་འདུག འོན་ཀྱང་དེའི་རྐྱེན་པས་རྗེས་སུ་ལུང་ཤར་ལ་གཤམ་གསལ་ལྟར་ཆག་སྒོ་ཚབས་ཆེན་པོ་འཕྲད་པ་རེད།
པྭ་ལགས་ནས་ང་རང་ལ་རྒྱུན་དུ་སློབ་གསོ་གནང་དོན། ཡོན་ཏན་ཡིག་རྩིས་ཡག་པོ་སྦྱོང་བརྡར་བྱེད་དགོས།
ད་ལྟ་ནས་སྡེ་པ་གཞུང་གི་ཞབས་འདེགས་ཞུ་རྒྱུར་ཆོད་སེམས་འཆང་དགོས་གསུངས་པ་མ་ཟད། ང་རང་ཞབས་སྡོད་ཞུས་པའི་ཉིན་མོར་མཆོད་མཇལ་ལ་འགྲོ་ཁར་པྭ་ལགས་ནས་གསུངས་དོན། དེ་རིང་ནས་བཟུང་དཀོན་མཆོག་ལ་སྨོན་ལམ་རྒྱག་སྐབས་སྡེ་པ་གཞུང་གི་ཞབས་འདེགས་ཡག་པོ་སྒྲུབ་པ་ཤོག་ཅེས་སྨོན་ལམ་འདེབས་དགོས་གསུང་གི་འདུག ད་དུང་གསུངས་དོན། ཁྱོད་རང་ཤོ་སྦག་རྒྱག་པ་དང་། བག་མེད་ཀྱིས་ཆང་འཐུང་བ། ཐ་མག་འཐེན་པ་སོགས་བྱས་ན་འགྲིག་གི་མ་རེད། ཡིན་ནའང་ཁྱེད་རང་དགའ་རྩེད་བྱེད་ཡག་ཅིག་དགོས་སྟབས་སྒྲ་སྙན་སློབ་སྦྱོང་བྱས་ཏེ་གཞས་དང་ཞབས་བྲོར་དགའ་པོ་བྱས་ན་རང་ཉིད་སེམས་པ་སྐྱིད་པོ་ཡོད་པ་དང་མི་ཡང་དགའ་པོ་ཡོང་གི་རེད། སྒྲ་སྙན་སློབ་མཁན་དགེ་རྒན་ལ་གླ་ཆ་ངས་སྤྲད་ཆོག་ཅེས་གསུང་པ་ལྟར་སྒྲ་སྙན་བསླབས་ཏེ་སྐབས་དེར་ང་རང་ཡང་སྒྲ་སྙན་གཏོང་རྒྱུར་དགའ་པོ་ཡོད་པ་ཞིག་ཆགས་སོང་།
པྭ་ལགས་རྩིས་དཔོན་དང་འབབ་ཞིབ་དོ་དམ་ཡིན་མུས་ཐོག་ཏྭ་ལའི་བླ་མས་དམག་སྤྱིའི་འཚོ་འཛིན་ཞེས་དམག་སྤྱི་ཁང་གི་ལས་འགན་ཡང་གནང་བ་རེད། སྐབས་དེར་རྩིས་དཔོན་ལུང་ཤར་ཞེས་སྙན་གྲགས་ཆེ་སྒང་གི་དུས་སྐབས་ཤིག་ཡིན་ལ་ཏྭ་ལའི་བླ་མའི་ཐུགས་བློས་འགེལ་ཡུལ་ཞིག་ཀྱང་ཡིན་སྟབས་ནང་དོན་གྱི་ཕྱག་བྲིས་གལ་ཆེའི་རིགས་ཞབས་ཞུ་གནང་བ་དང་། ཏྭ་ལའི་བླ་མས་ཀྱང་གཟིགས་སྐྱོང་གི་རྣམ་པས་ཐུགས་རྗེ་ཆེན་པོའི་སྐུ་བརྙན་གསེར་གྱི་དབུ་རྒྱན་སྙན་རྒྱན་ཡོད་པ་རྩ་ཆེན་ཞིག་གསོལ་རས་གནང་སྟེ་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བའི་ཐུགས་སྨོན་གནང་གི་ཡིན་ཞེས་སོགས་དབུགས་དབྱུང་སྩལ་བའི་སྐལ་བ་བཟང་པོ་ཞིག་བྱུང་རུང་། དེ་རྗེས་སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་ལགས་དང་ཁོང་གཉིས་ཤུགས་ཆེ་མཉམ་ཡིན་སྟབས་སྤྱན་བསལ་ནང་ཁུལ་མཐུན་པོ་མ་བྱུང་བས་བརྙད་འཚོལ་ཆེད་ཏྭ་ལའི་བླ་མར་གླེང་ཕྱོགས་མང་པོ་ཞུ་གི་ཡོད་འདུག དཔེར་ན་ཕ་ལུང་ཤར་རོལ་ཆ་གཏོང་རྒྱུར་དགའ་པོ་ཡོད་སྟབས་ཟླ་རེ་བཞིན་ཉིན་གཉིས་ཙམ་རིང་རོལ་ཆ་གཏོང་རོགས་ཚོ་དང་མཉམ་དུ་འཛོམས་ཏེ་ཉིན་གུང་ཙམ་ནས་གཞས་དང་ཞབས་བྲོ་བརྒྱབ་སྟེ་སྡོད་ཀྱི་ཡོད་ལུགས་སོགས་སྙན་ཕྲ་ཞུས་སྟབས་གཞུང་དོན་ལས་ཀར་དོ་འཁུར་མ་བྱས་པ་ལྟ་བུའི་དགོངས་ཕྱོགས་བྱུང་ཏེ་དམག་སྤྱིའི་ལས་འཁུར་ཕྱིར་འཐེན་དང་རྩིས་དཔོན་རང་འཇགས་སུ་འཇོག་པ་གནང་། ཡིན་ནའང་ནང་དོན་གལ་ཆེའི་ཕྱག་བྲིས་ཞབས་ཞུ་སོགས་སྔར་བཞིན་གནང་བ་མ་ཟད་ལས་དོན་སྐོར་གྱི་བཀའ་སམ་ཡང་ཆིབས་གཡོག་གདོང་རྟག་ཏུ་ཕེབས་ཀྱི་འདུག
དེ་ནས་རྩིས་དཔོན་དང་འབབ་ཞིབ་ཕྱག་ལས་སྔར་བཞིན་གནང་མུས་ཀྱང་ཆུ་བྱ་ལོ་སྟོད་ནས་ཞབས་འབམ་ལྟ་བུའི་བསྙུན་མནར་གྱིས་ཟླ་བ་ཁ་ཤས་ལུས་སོང་། དེ་ནས་དྲག་སྐྱེད་ཅུང་ཟད་བྱུང་དུས་པྭ་ལགས་ནས་ད་ཆ་ང་ལོ་ལྔ་བཅུ་ལྷག་ཙམ་སླེབས་པ་དང་རྐང་པར་ནད་གཞི་ཡང་ཡོད་སྟབས་ལས་ཞབས་ཆབས་ཅིག་དགོངས་པ་ཞུས་ནས་བསྡད་ན་ཡག་པ་འདུག དེ་ཡང་རྒྱལ་བ་རིན་པོ་ཆེར་ནང་མའི་སྙན་གསེང་ཞུ་རྒྱུ་དེ་ཁྱེད་རང་ནས་སྤྱན་བསལ་ངོ་ཤེས་ཞིག་རྒྱུད་ཞུ་དགོས་གསུངས་བྱུང་། དེར་བརྟེན་ང་རང་སྐུ་སྲུང་རུ་དཔོན་བྱེད་སྐབས་སྤྱན་བསལ་ཨང་ཀི་གཉིས་པའི་གྲས་བསོད་ནམས་ནོར་བུ་དང་བདེ་ཆེན་དབྱིངས་གསལ་གཉིས་ཧ་ཅང་ཉེ་པོ་ཡོད་སྟབས་ཟླ་བ་བཅུ་པའི་ཚེས་ཤར་ལ་ངས་ཁོང་གཉིས་སར་མཎྜལ་རྟེན་དོད་དངུལ་ཊམ་དཀར་སྲང་ལྔ་དང་ཁ་བཏགས་ནང་མཛོད་གཅིག་འཁྱེར་ཏེ་པྭ་ལགས་དགོངས་ཞུའི་སྐོར་རྒྱལ་བ་རིན་པོ་ཆེར་སྙན་གསེང་ཞུ་རོགས་ཞེས་ལབ་པ་ཡིན། ཁོང་གཉིས་ནས་བརྗོད་དོན། དེ་རེས་དགོངས་པ་རྩ་བ་ནས་ཞུ་ཐལ་མ་བྱེད། རྒྱལ་བ་རིན་པོ་ཆེ་ནས་གཟིགས་བསྐྱངས་ཆེན་པོ་འདུག ད་ཕྱིན་རྒྱལ་བ་རིན་པོ་ཆེ་ཕྱག་ལས་ཕྲན་བུའི་ཉུང་དུ་འགྲོ་ཆེད་ཁྱེད་རང་གི་པྭ་ལགས་དང་མགྲོན་གཉེར་ཆེན་མོ་ལྐོག་པོ་བ་གཉིས་ལ་སྲིད་བློན་བསྐོ་བཞག་གནང་རྩིས་འདུག་པ་དང་། ཕྱོགས་གཅིག་ནས་གནམ་ལོ་གསར་རྒྱུའི་སྨོན་ལམ་ཆེན་མོར་བསོད་ནམས་ནོར་བུ་གྲྭ་པ་བྱས་ཏེ་སྤྱན་བསལ་གཙོ་གྲས་གནང་རྒྱུ་གཏན་འཁེལ་སོང་ཟེར་བྱུང་། ང་རང་ཡང་དགའ་ཐག་ཆོད་ནས་ནང་དུ་ལོག་ཕྱིན་ཏེ་གནས་ཚུལ་པྭ་ལགས་ལ་ཞུས་པ་ཡིན།
དེ་ནས་མི་རིང་བར་བོད་ཟླ་ད༡༠པའི་ཚེས་༣༠དགོང་མོ་ཏྭ་ལའི་བླ་མ་བློ་བུར་དུ་སྐུ་གཤེགས་སྟབས་ཕ་རྩིས་དཔོན་ལུང་ཤར་ནི་སྡུག་བསྔལ་མི་བཟོད་པ་ལྟ་བུ་གནང་གི་འདུག དེ་རྗེས་ཏྭ་ལའི་བླ་མ་སྐུ་གཤེགས་པའི་སྐོར་སྐུ་བཅར་རྣམས་ལ་གནས་ཚུལ་ཇི་ཡིན་བོད་ལྗོངས་ཚོགས་འདུ་ནས་ཞིབ་དཔྱོད་བྱས་སོང་། སྐབས་དེའི་ཨེམ་རྗེ་བྱམས་པ་ཟེར་བ་ནས་ཞུ་གསལ། ང་ལ་གསོལ་སྨན་འབུལ་བའི་རང་དབང་མ་བྱུང་། གནས་ཆུང་ཆོས་སྐྱོང་ནས་ལུང་བསྟན་བརྒྱབ་སྟེ་འཆམ་འཇོམས་དཔའ་བོ་བཅུ་བཞི་འབུལ་དགོས་ཟེར་སོང་བར་ཀུན་འཕེལ་ལགས་ནས་སྨན་པ་ག་པར་ཡོད་གསུང་གི་འདུག དེ་ལན་ངས་སྨན་དེ་ཕུལ་ན་རྩ་བ་ནས་འགྲིག་གི་མ་རེད་ལབ་པར་ཆོས་སྐྱོང་ནས་སྨན་ཁུག་ངའི་ལུས་རྟེན་གྱི་གཡོག་པོར་ཡོད་པ་དེ་ལེན་དགོས་ལབ་སོང་བར་ཀུན་འཕེལ་ལགས་ནས་སྨན་ཁུག་ཡར་བཞེས་ཏེ་ཆོས་སྐྱོང་དང་མཉམ་དུ་སྨན་ཕུལ་སོང་། དེས་རྐྱེན་བསྙུན་གཞི་ཇེ་སྡུག་ཏུ་སོང་ལུགས་བརྗོད་པར་ཚོགས་འདུས་ལམ་སེང་ཀུན་འཕེལ་ལགས་འཛིན་བཟུང་བྱས་སོང་། དེ་བཞིན་གནས་ཆུང་ཆོས་རྗེ་དང་ཨེམ་རྗེ་བྱམས་པ་སོགས་ལེ་ཐོག་རྣམས་དོ་དམ་བྱས་ཏེ་ཞུ་བ་ལེན་སྐབས་ཀུན་འཕེལ་ལགས་ནས་ཞུས་ན། ཐོག་མར་ཟླ་བ་༡༠ཚེས་༢༢ཉིན་གནས་ཆུང་དུ་བསྐྱོད་དེ་ལྷ་གསོལ་དང་སྦྲགས་ཆོས་སྐྱོང་ཡར་ཕེབས་རྒྱུའི་གདན་ཞུ་བྱས་ལུགས་དང་གསོལ་སྨན་ནི་ཆོས་སྐྱོང་གིས་གསུང་པ་ལྟར་ཕུལ་བ་ཡིན་ཞུས་ཤིང་། ཆོས་རྗེར་འདྲི་རྩད་བྱས་པར་གསོལ་སྨན་འབུལ་སྐབས་ཁོ་པར་ལྷ་ཕེབས་ཏེ་ཤོད་ཡག་མེད་ཚུལ་དང་། ཆོས་རྗེའི་གཡོག་པོ་ནས་ཟེར་ན་ཆོས་རྗེས་ནོར་བུ་གླིང་ཁར་འགྲོ་ཁར་སྨན་ཁུག་འཁྱེར་ཤོག་གསུང་པ་ལྟར་ངས་ཁྱེར་ཡོང་ལུགས་ཞུས་པ་རེད། དོན་དུ་གསོལ་སྨན་ཨེམ་རྗེའི་ངག་དང་མ་མཐུན་པ་ཞིག་ཨུ་ཚུགས་ཀྱིས་འཕུལ་བ་ར་འཕྲོད་བྱུང་བར་བརྟེན་ཀུན་འཕེལ་ལགས་ཀོང་པོ་རྩེ་སྒང་རྫོང་དུ་རྒྱང་འབུད་དང་། གནས་ཆུང་ཆོས་རྗེ་འབྲས་བློ་གླིང་གྲྭ་ཚང་ལ་རྩིས་སྤྲད། ཨེམ་རྗེ་བྱམས་པར་སྨན་སྐོར་འགལ་ཉེས་ཆེར་མེད་རུང་སྐབས་དེར་རང་འཁྲིའི་ལས་འགན་ཇི་བཞིན་འཁུར་ཐུབ་མི་འདུག་ཅེས་རྒྱ་ཚྭ་རྫོང་དུ་རྒྱང་འབུད་བཅས་ཀྱི་ཉེས་ཆད་བཏང་སོང་། ཕ་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་དེ་སྔོན་ཨིང་ལན་དུ་ཕེབས་སྐབས་ཕྱི་རྒྱལ་ལམ་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྟབས་ས་གནས་སྲིད་གཞུང་གི་ལམ་ལུགས་ལ་ཕྲན་བུ་སྒྱུར་བཅོས་བྱེད་རྩིས་ཀྱིས་སྐྱིད་ཕྱོགས་ཀུན་མཐུན་༼ལུང་ཤར་ལས་འགུལ་ཡང་ཟེར༽ཞེས་པའི་ཚོགས་པ་ཞིག་སྒྲིག་འཛུགས་བྱས་པར་དེ་ལམ་སེང་རྒྱ་ཆེར་ཕྱིན་ཏེ་དཔོན་རིགས་མི་གྲངས་བརྒྱ་སྐོར་དང་། འབྲས་སྤུངས་སོགས་སྡེ་པ། སེ་ར་བྱམས་སྨོན་སྡེ་པ། དགའ་ལྡན་གྱི་མཐུས་མི་ཀོང་པོ་འཕྲིན་ལས་རྒྱ་མཚོ་སོགས་རིམ་པས་འཛུལ་བ་དང་། སྒྲིག་འཛུགས་དེའི་ནང་ཞུགས་སྐབས་སྤྱི་སྒྲིག་གན་རྒྱའི་གཤམ་དུ་སོ་སོའི་མིང་ཐོ་ས་ཡིག་རེ་རྒྱག་དགོས་པར་ས་ཡིག་དང་པོ་པྭ་ཕ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་མིང་བཀོད་པ་དང་། དེའི་འོག་གཅེན་པོ་ཆ་པ་རུ་ཟུར་དང་ང་རང་གིས་ས་ཡིག་བརྒྱབ་པ་ཡིན། གོང་གསལ་དཔོན་རིགས་བརྒྱ་སྐོར་དང་དེ་འབྲས་དགེ་གསུམ་གྱི་འཐུས་མིས་ཀྱང་ས་ཡིག་བརྒྱབ་ཡོད་པ་རེད། སྒྲིག་འཛུགས་ནང་གསང་བའི་གྲོས་བསྡུར་རིམ་པར་བྱས་པའི་གཙོ་བོའི་དགོས་དོན་ནི་དང་ཐོག་བཀའ་ཤག་ནང་གི་བཀའ་བློན་རྣམས་ལོ་འཁོར་བཞི་རེར་གཏན་འཁེལ་ཐེངས་རེ་བྱ་རྒྱུ་དང་། དེ་ཡང་མི་འགྲོ་སུ་འོས་ཚོགས་འདུས་དེམས་ཤོག་འཕེན་རྒྱུ་ཞིག་དགོས་ཚུལ་སོགས་སྲིད་གཞུང་ལ་ཞུ་ཐོ་དང་སྦྲགས་ཞུ་རྒྱུར་གཏན་འཁེལ་གྱིས་བཀའ་ཤག་བརྒྱུད་ཞུ་ཐོ་སྤྲད་པ་རེད། སྐབས་དེར་ཚོགས་པ་དེའི་ཁོངས་ཡོད་རིམ་བཞི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ནི་ཕ་ལུང་ཤར་གྱི་ནང་མའི་བློས་འགེལ་གྲོགས་པོ་གཙོ་བོ་ཞིག་རེད། དེར་བརྟེན་ཕ་ལུང་ཤར་ནས་གྲོས་གཞི་སོགས་གོ་བསྡུར་གནང་བར་ཁོང་གིས་ཚོགས་འདུའི་གྲོས་དོན་ཧ་གོ་སྟབས་ཁོང་སྒེར་གྱི་ཁེ་ཕན་ལ་བསམ་བློ་བཏང་བའམ་གང་ལྟར་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གིས་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་སར་ཕྱིན་ཏེ་སྒྲིག་འཛུགས་ཀྱི་གནས་ཚུལ་ཚང་མ་བཤད་པས་མ་ཚད་ད་དུང་བཀའ་བློན་ཚོ་གསོད་རྩིས་ཡོད་ཚུལ་ཁ་སྣོན་བརྒྱབ་ཏེ་བཤད་སྟབས་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་ཞེད་སྣང་དང་དངངས་ཚབས་ཧ་ཅང་ཆེན་པོ་བྱུང་སྟེ་ལམ་སེང་རྒྱལ་ཚབ་རྭ་སྒྲེང་གི་སྐུ་མདུན་དུ་ཕྱིན་ནས་ལས་འགུལ་འདིའི་བྱེད་གཏེ་གཙོ་བོ་རྩིས་དཔོན་ལུང་ཤར་འཛིན་བཟུང་བྱེད་དགོས་ཞུ་སྐབས། རྭ་སྒྲེང་རྒྱལ་ཚབ་དང་ཕ་རྩིས་དཔོན་ལུང་ཤར་གཉིས་དེ་སྔོན་ནས་འབྲེལ་བ་ཡག་ཙམ་ཡོད་པས་ཕྲན་བུ་ཀ་ཀོར་གནང་ཡང་བཀའ་བློན་ཁྲི་སྨོན་པ་ནོར་བུ་དབང་རྒྱལ་ནས་མཐའ་བཀག་ཨུ་ཚུགས་ཞུས་རྐྱེན་རྒྱལ་ཚབ་རིན་པོ་ཆེ་ཡང་ཕྱག་ལས་ཐུགས་འགན་བཞེས་ནས་ཟླ་བ་གཉིས་ཙམ་ལས་མ་སོང་བས་ཐུགས་རྒྱུས་དང་ནུས་པ་ཆེར་མེད་པ་བཅས་ལ་བརྟེན་ཞལ་བཞེས་མ་གནང་མཐུ་མེད་བྱུང་འདུག དེ་འཕྲལ་བཀའ་བློན་ཁྲི་སྨོན་པ་འབྲས་སྤུངས་དགོན་དུ་བྲོས་ཕྱིན་པ་རེད། ཤོད་གཟིམ་འགག་ནས་ཕ་རྩིས་དཔོན་ལུང་ཤར་སར་བང་ཆེན་ཞིག་བཏང་སྟེ་ཚོགས་འདུ་གལ་ཆེན་ཞིག་ཡོད་པས་མགྱོགས་པོ་ཕེབས་རོགས་ལབ་པར། ཕ་རྩིས་དཔོན་ལུང་ཤར་གྱི་བསམ་པར་འཆར་ཅན་གྱི་ཚོགས་འདུ་ཡིན་ཤག་བྱས་ཏེ་སྣང་མེད་ངང་འགྲོ་སྐབས་ཤོད་གཟིམ་འགག་ནས་བཀའ་བསྒྱུར་བཏང་དོན་དུ་ཁོང་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་ལུགས་བཤད་དེ་ཟུར་དུ་བཞག་ཐོག འགོ་བྱེད་རྣམས་བཙོན་ཁང་གྲ་སྒྲིག་བྱེད་པར་འགྲོ་སྐབས་པྭ་ལགས་སར་སྲུང་བྱ་གཉིས་ཙམ་ལས་མེད་པའི་བར་གསེང་ཞིག་བྱུང་དུས་ངའི་པྭ་ལགས་ཀྱི་དགོངས་པར་གཡོག་བློ་ལྡན་གྱི་ཨམ་ཕྲག་ནང་མེ་མདའ་བསྐུར་ཡོད་པ་དེ་དྲན་གསོས་ཏེ་གཡོག་པོའི་ས་ནས་མེ་མདའ་ལེན་རྩིས་ཀྱིས་རྒྱུགས་ཕྱིན་པ་རེད། རྩེ་ལྟག་སྒོ་རྒྱབ་ཏུ་སླེབས་གྲབས་ཡོད་དུས་གཡོག་བློ་ལྡན་གྱིས་ཀྱང་སྦྱིན་བདག་རྒྱུགས་ཡོང་གི་ཡོད་པ་མཐོང་སྟེ་སྐུ་ངོ་མེ་མདའ་འདིར་ཡོད་ཅེས་ལག་པ་བརྐྱངས་ཏེ་མེ་མདའ་སྤྲོད་པར་ཡོང་འཕྲལ་མཐའ་བསྐོར་དུ་ཡོད་པའི་གད་པ་ཁང་གཉེར་མང་པོས་གཡོག་བློ་ལྡན་ལ་ལག་རུབ་བརྒྱབ་སྟེ་མེ་མདའ་འཕྲོག་ནས་ཁོ་པ་བཟུང་འཁྲིད་བྱས་པ་རེད། ཕ་ལུང་ཤར་ཡང་མེ་མདའ་ལག་སོན་མ་བྱུང་བར་ཅི་བྱ་གཏོལ་བྲལ་དུ་ལུས་མུར་དེ་འཕྲལ་ཤོད་གཟིམ་འགག་སོགས་མི་མང་པོ་ཡོང་ནས་བཟུང་འཁྲིད་ཀྱིས་རྩེ་ཤར་ཆེན་ལྕོག་ཏུ་བཙོན་འཇུག་བྱས། གསང་གྲོས་སྐྱོན་འདོན་ར་སྤྲོད་བྱེད་མཁན་ཞིག་དགོས་སྟབས་རིམ་བཞི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ཡང་བཙོན་འཇུག་ཡིན་ཁུལ་བྱས། དེ་བཞིན་ལུང་ཤར་དོན་རྐྱེན་ནང་མཉམ་ཡོད་བྱེད་གཏེའི་གྲས་ལྕང་ཅན་གུང་ཟུར་བསོད་ནམས་རྒྱལ་པོ་དང་། བཤེར་དཔང་རྒྱལ་ནང་པ། ཕྱག་དཔེ་དོ་དམ་རྩེ་དྲུང་ལས་ཚན་ཐུབ་བསྟན་དགེ་ལྡན། རྩེ་དྲུང་ལས་ཚན༼མིང་འདོགས་ལ་ཐ་ཁ་ལི་ཟེར་བ༽། ཤོད་དྲུང་སྨན་རི་བ། ཤོད་དྲུང་བྲག་མཐོན་པ། ཤོད་དྲུང་ཡུལ་ལྷ་བ་བསྟན་པ་ཚེ་དབང་། སྐུ་སྲུང་རུ་དཔོན་ཆ་པ་དབང་ཆེན་གཡུ་ལྷ། ང་རང་བཅས་འཛིན་བཟུང་བྱས་བྱུང་། ཞིབ་དཔྱོད་པ་ནི་མཁན་དྲུང་མཁྱེན་རབ་དབང་ཕྱུག་དང་། དམག་སྤྱི་སྣང་དཀར་དབང་ཕྱུག་མཐར་ཕྱིན། ལྷ་གཉེར་བདེ་མཁར་བ་ཚེ་དབང་རབ་བརྟན༼ཀླུ་ཁང་པ༽། རྩེ་དྲུང་བསྟན་པ་འཇམ་དབྱངས་བཅས་ལ་བསྐོ་བཞག་བྱས་ཏེ་ཞིབ་བཤེར་སྐབས་ཀ་ཤོད་ཆོས་རྒྱལ་ཉི་མས་སྒྲིག་འཛུགས་དེའི་ནང་གི་གནས་ཚུལ་ཚང་མ་བཤད་པས་མ་ཚད་ད་དུང་བཀའ་བློན་རྣམས་གསོད་རྩིས་ཡོད་ཚུལ་ཁ་སྣོན་བརྒྱབ་སྟེ་བཤད་པ་རེད། ཕ་ལུང་ཤར་ནས་ཞུ་དོན། གསར་བཅོས་ནང་བཀའ་ཤག་གི་བཀའ་བློན་རྣམས་འདེམས་ཤོག་འཕེན་དགོས་པ་ཞིག་མ་བྱུང་ཐབས་མེད་སྐོར་ཡོད་པ་ལས་གསོད་རྒྱུའི་གྲ་སྒྲིག་ནི་མེད་ཅེས་ལབ་རུང་ཞིབ་དཔྱོད་པས་ཀྱང་མགོ་ཕྱོགས་དཔུང་ཉེ་ལྷ་བུས་ཉན་ཤེས་རྩ་བ་ནས་མ་བྱས་སྟབས་མཐའ་དོན་ཕ་ལུང་ཤར་ནས། ངས་ཞུས་པར་བདག་སྤྲོད་མ་གནང་ན་ད་ནི་ཁྱོད་ཚོས་ག་རེ་གནང་ན་ཡང་གནང་རོགས་གནང་། ང་ནི་སྐད་ཆ་ཚིག་གཅིག་ཤོད་ཀྱི་མིན་ཞེས་བརྗོད་དེ་ཁོ་ཚོས་སྐད་ཆ་ཇི་ལྟར་དྲིས་ཀྱང་ལན་མ་བརྒྱབ་པ་རེད། དེ་ནས་ཞིབ་དཔྱོད་པ་ཚོས་འཆར་གཞི་བཟོས་ཏེ་ཉེས་ཆད་དུ་མིག་འབྲས་གཉིས་ཀ་འདོན་རྒྱུ་བཀོད་ནས་ཕུལ་བར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་ནས་གསུངས་དོན། ང་ནི་བླ་མ་ཡིན་པས་འདིར་ལག་རྟགས་བརྒྱབ་ན་མི་འགྲིག ཁྱེད་ཚོས་གཟིགས་རོགས་གནང་གསུངས་པར། སྲིད་བློན་གླང་མདུན་ནས་ཐུགས་ཁག་མི་འདུག་ང་ཚོས་ཞུས་ཆོག་ཅེས་བཤད་ནས་དེ་འཕྲལ་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་དང་། བཀའ་བླ་དགེ་འདུན་ཆོས་དར། བཀའ་བློན་གནང་བྱུང་བ། སྣེ་མགྲོན་ཕུན་རབ་པ་བཅས་དང་ནང་གྲོས་ཀྱིས་རུ་སུ་དམར་པོའི་ལས་ལུགས་བྱས་པ་རེད་ཅེས་སྲིད་བློན་གླང་མདུན་ཀུན་དགའ་དབང་ཕྱུག་ནས་ལག་རྟགས་བཀོད་དེ་སྤྱན་གཉིས་བཏོན་ནས་ཚེ་བཙོན་དུ་ཐག་གཅོད་བྱས། ལེ་ཐོགས་བྱིངས་རྣམས་རྒྱང་འབུད་དུ་བཏང་སོང་། གཅེན་པོ་ཆ་པ་རུ་ཟུར་དང་ང་རང་གཉིས་ཐོག་མའི་ས་ཡིག་རྒྱག་མཁན་རེད་འདུག་ཅེས་ལག་པ་རེ་རེ་གཅོད་རྒྱུ་འཁོད་པར་ང་གཉིས་ཀྱི་ལག་པ་གཅོད་རྩིས་བྱེད་སྐབས་ཕ་བོང་ཁའི་བླ་མ་རིན་པོ་ཆེ་དང་། སེར་བྱེས་མཁན་པོ་ཐུབ་བསྟན་སྙིང་པོ་རྣམ་གཉིས་ནས་བཀའ་བློན་ཁྲི་སྨོན་ལ་ཞུ་སྐུལ་རོགས་རམ་ཤུགས་ཆེན་གནང་སྟབས་བཀའ་བློན་ཁྲི་སྨོན་ནས་ལག་པ་གཅོད་མ་དགོས་པ་བྱས་ཆོག་ཅེས་ཁས་ལེན་ཞུས་འདུག་པ་ལྟར་ང་གཉིས་ལས་ཞབས་ཆབས་གཅིག་གནས་དབྱུང་ཐོག་སླད་ལུང་ཤར་མི་རྒྱུད་ནས་ས་གནས་སྲིད་གཞུང་གི་དཔོན་རིགས་བྱས་མི་ཆོག་པའི་ཉེས་ཆད་བཏང་བྱུང་།
པྭ་ལགས་བཙོན་ཁང་ནང་བཞུགས་དུས་གསོལ་ཆས་སོགས་རང་ཁྱིམ་ནས་ཉིན་ལྟར་འབུལ་སྐབས་གསོལ་སྨན
དང་ཐུགས་མཁོ་ཙག་རྩིག་དགོས་རིགས་སྤྱན་ཤོར་རུང་ཚོད་བྲིས་གནང་བའི་ཕྱག་བྲིས་ཐུང་ཐུང་རེ་བསྐུར་གནང་གི་འདུག ཐེངས་གཅིག་ཕྱག་བྲིས་ནང་ཞོལ་ལས་ཁུངས་ཀྱི་བཙོན་ཁང་ཤོད་དེ་ས་ཕུག་ཡིན་སྟབས་འབུ་སྡིག་པ་ཙ་མང་པོ་ཡོད་གཤིས། དེ་སྲུང་བྱེད་ཉལ་གུར་ཞིག་བསྐུར་དགོས་གསུངས་པ་ལྟར་ཕུལ་བས་གནོད་འབུ་འགོག་ཐུབ་པ་བྱུང་འདུག རྫ་རོང་ཕུའི་བླ་མ་སྐུ་གོང་མ་དེ་པྭ་ལགས་ཀྱི་ཆོས་ཞུ་སའི་བླ་མ་ཡིན་གཤིས་ཁོང་ལ་འབུལ་རྒྱུའི་ཞུ་ཡིག་ཞིག་ཨེམ་རྗེ་ཐུབ་བསྟན་ལགས་ཟེར་བར་འབྲི་རོགས་གསུངས་ཏེ་པྭ་ལགས་ནས་སྤོས་བྲིས་གནང་བ་དེའི་ནང་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་རྩོམ་ཡིག་ཚིགས་བཅད་མ་ཞིག་འདུག་པ་སྐབས་དེར་ང་རང་ནས་མཐོང་བྱུང་ཡང་། ལོ་མང་སོང་སྟབས་ཚིག་དོན་བྱིངས་ཕལ་ཆེར་བརྗེད་རུང་ད་ལྟ་བློ་ལ་ངེས་པ་ཚིག་ཁ་ཤས་གཤམ་གསལ།
སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ།
བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད།
དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།
རྩུབ་མོའི་ཚིག་བཅད་མིག་གཉིས་ས་ལ་དབྱུངས།
ཆུ་ལྦུར་མིག་གཉིས་ས་ལ་དབྱུངས་ན་ཡང་།
ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི།
མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ།
བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར།
བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང་།
འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི།
གཞན་གྱིས་བཙོན་ཁང་མུན་པ་གཏིང་རིང་ཟེར།
རང་སྣང་འོད་གསལ་ཀློངས་ཡངས་ཕུག་པ་ནས།
སྙོམས་ལས་འདུ་གསུམ་བཀའ་འབངས་ལུང་ཤར་བ།
རྡོ་རྗེ་ཚེ་རྒྱལ་ཞེས་པའི་ཕྱག་བཅས་ཕུལ།
ཞེས་སོགས་འཁོད་འདུག
དེ་རྗེས་ང་རང་སླར་ཡང་ཞབས་སྡོད་ཞུ་ཐུབ་པ་མ་ཟད་བཀའ་ཤག་ནང་བཀའ་མགྲོན་ཡང་བྱེད་ཐུབ་གཤིས། བཀའ་བློན་རྣམས་དང་འབྲེལ་ཟབ་ཆེ་ཙམ་བྱུང་སྟབས་པྭ་ལགས་གློད་དཀྲོལ་ཡོང་ཐབས་སྐོར་བཀའ་ཤག་བརྒྱུད་སྙན་ཞུ་ཕུལ་ཐོག་རྭ་སྒྲེང་རིན་པོ་ཆེའི་སྐུ་མདུན་དུ་ངོ་བཅར་བདེ་སྡུག་ཞུས་པར་རྭ་སྒྲེང་རིན་པོ་ཆེ་ནས་གསུངས་དོན་ལུང་ཤར་འཛིན་བཟུང་བྱེད་སྐབས་ང་རང་ནས་འགོག་ཐབས་བྱས་རུང་བཀའ་བློན་ཁྲི་སྨོན་དང་གླང་མདུན་སོགས་ནས་མ་ཉན་སྟབས་བྱ་ཐབས་ཟད་སོང་། དེ་སྐབས་ངའི་བསམ་བློའི་ནང་ལུང་ཤར་ལ་གསང་བརྡ་ཞིག་གཏོང་རྒྱུ་བྱུང་ན་སྙམ་ཡང་ང་རང་ནི་ཕྱི་ལ་འགྲོ་ཐབས་མེད་པ་དང་མི་གཞན་ནི་དེ་བས་གཏོང་བློས་མི་བཟོད་པས་ཐབས་སྡུག་ཤིག་ཆགས་སོང་ཞེས་གསུངས་བྱུང་བ་མ་ཟད། གློད་དཀྲོལ་དོན་སྨིན་ཀྱང་གནང་རྐྱེན་པྭ་ལགས་ནང་དུ་ཕྱིར་ལོགས་ཕེབས་ཐུབ་པ་བྱུང་། དེ་སྐབས་ང་ཚོས་འཚམ་འདྲི་ཞུས་ཏེ་སྤྱན་འབྲས་གཉིས་འདོན་སྐབས་སྐུ་ངལ་ཆེན་པོ་བྱུང་མེད་དམ་ཞུས་པར། མིག་འབྲས་གཉིས་འདོན་སྐབས་ཐོག་མར་གླང་ཆེན་སྨྱོན་པ་ཟེར་བའི་སྨན་ཞིག་སྟེར་བྱུང་བ་དང་། དེ་ནས་ཡ་ཁུང་གཡས་གཡོན་དུ་གཡག་གི་ཨ་ཆུག་རེ་རེ་བཞག་སྟེ་མགོ་བོ་ཐག་པས་དམ་པོ་བསྡམས་ནས་བཙིར་ཐོག མིག་འབྲས་གཉིས་ཕྱིར་ཐོན་གྲབས་བྱེད་དུས་གྲི་བརྒྱབ་སྟེ་བཀོག་སོང་། ད་དུང་ཁྱོད་ཀྱི་བུ་གཉིས་ཀྱང་དེ་བཞིན་བཟོ་གི་ཡིན་ཟེར། རྗེས་སུ་བུ་གཉིས་ལ་སྐྱོན་ཆག་མེད་པ་གོ་ཐོས་བྱུང་བ་མ་ཟད། དེ་རིང་དངོས་སུ་ཐུག་པ་ནི་ཧ་ཅང་དགའ་པོ་བྱུང་། རང་རེར་གནས་ཚུལ་དེ་ལྟ་བུ་བྱུང་བ་ནི་ང་རང་ནས་ལས་འགུལ་དེར་ཐབས་ཤེས་ཟབ་ནན་ཞིག་མ་བྱུང་བའི་སྐྱོན་ཆ་ཡིན་པ་ལས་གཞན་ལ་འཁང་ར་བྱེད་རྒྱུ་མེད། དགྲ་བོར་སྡང་སེམས་འཁོན་འཛིན་ནི་དེ་བས་ཀྱང་བྱེད་རྒྱུུ་ཡོད་པ་མ་རེད། དེ་ནི་ཕན་ཐོགས་མེད་པ་ཞིག་ཡིན། ང་རང་བཙོན་ལ་ལོ་བཞི་ཙམ་སྡོད་རིང་ཉིན་མཚན་མེད་པར་མ་ཎི་བསྒྲངས་ཏེ་མ་ཎི་དུང་ཕྱུར་གཅིག་ལོངས་སོང་། དེ་ཡང་རྐྱེན་ངན་གྲོགས་ཤར་ཞིག་རེད་གསུང་གི་འདུག
སྐབས་དེར་སྤྱི་ཚོགས་ཀྱི་གླེང་ཕྱོགས་ནང་མཐོ་རིམ་མི་སྣ་ཁག་གཅིག་ནས་དེ་སྔོན་ཞིབ་འཕར་འབྲུ་རིགས་བཀལ་བར་འཁོན་འཛིན་གྱི་སྙིང་ཚིམ་པའི་རྣམ་འགྱུར་སྟོན་མཁན་ཡང་འདུག དཔོན་རིགས་མང་ཆེ་བ་ནི་བློ་ཕམ་པའི་རྣམ་པ་བྱེད། སྤྱིར་བཏང་མང་ཚོགས་ནི་བསམ་པ་བཟང་བས་མིག་འབྲས་བཀོག་པར་ཧ་ལས་པའི་ཅ་ཅོ་ལྡིར་བ་དང་། སྙིང་རྗེ་ལྟ་བུས་གསོལ་ཆས་སོགས་འབུལ་མཁན་ཡང་ཁ་ཤས་བྱུང་འདུག པྭ་ལགས་ནང་ལ་ཕེབས་དུས་སྐུ་གཟུགས་བདེ་པོ་རང་མེད་སྟབས་ལོ་གཅིག་ཙམ་བཞུགས་རྗེས་བསྙུན་མནར་གྱིས་སྤྱི་ལོ༡༩༤༠སྟེ་ལྕགས་འབྲུག་ལོར་གྲོངས།
ང་རང་ཞབས་སྡོད་ཞུ་ཐུབ་པ་དང་བཀའ་བློན་བྱས་རྗེས་བུ་སྤུན་གཞན་རྣམས་ཀྱང་ཞབས་སྡོད་ཞུ་ཐུབ་པ་སོགས་ཀྱི་སྐོར་རང་ཉིད་ཀྱི་ལོ་རྒྱུས་ནང་ཟུར་དུ་འབྲི་རྒྱུ་ཡིན།
ཆོས་གྲོགས་དྲ་བ་ལས་བཤུས།
རྡོ་འབུམ་དཔེ་འཕྲིན་དྲ་བས་དཔེ་སྐྲུན་ཇུས་འགོད་བྱས་པའི་དེབ་ཅིག
ཨ་མདོའི་གོམས་སྲོལ་ཉུང་བསྡུས། ཚེ་བརྟན་རྒྱལ་གྱིས་བརྩམས།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
www.dobum.org
ཀྱག་ཀྱོག་ཆེ་བའི་མི་ཚེའི་བཞུད་ལམ་ལ་ཕྱིར་དྲན་བྱེད་པ།
བཅུ་གཅིག་པ། མཇུག་སྡོམ།
མི་ཚེ་ནི་ངོ་མ་རྨི་ལམ་ཐེངས་ཤིག་རྨིས་པ་དང་འདྲ་འདུག དེ་རིང་། ངས་རང་ཉིད་ཀྱི་རྨི་ལམ་ལས་ཀྱང་བརྒལ་བའི་གར་སྟེགས་ཤིག་གི་སྟེང་ནས་རྨི་ལམ་གཞན་ཞིག་རྨིས་ཀྱིན། འདས་སོང་གི་ལོ་ཟླ་ལ་ཕྱིར་བལྟ་རེ་བྱེད་དུས། བྱིས་དུས་ཀྱི་འཚོ་བ་ནི་རི་སྐྱེས་མེ་ཏོག་ལྟར་སྐྱེས་ཤིང་བཞད་པ་དང་། སྐབས་རེར་རི་ལུང་གི་ཆར་ཆུ་ཇི་བཞིན་གོ་རིམ་མེད་པའི་ལ་དང་ལུང་བར་བཞུར་འདུག
གང་ལྟར་མི་ཚེ་ནི་རླབས་རྒྱུན་ཞིག་དང་མཚུངས་པས། དེ་ནི་ནམ་ཡང་གཡོ་འཕྱོར་གྱི་རྣམ་པ་ལས་རིང་དུ་གྱེས་མི་ཐུབ་པ་ཞིག་རེད་འདུག མཐའ་དོན་དུ་ཀློག་མཁན་དག་ལ་ཞུ་འདོད་པ་གཅིག་ནི། མི་ཚེ་ནི་ཁྱོད་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་ཤིག་རེད་འདུག གཤམ་གྱི་སྐད་ཆ་འདི་ངའི་མྱོང་བྱང་གཞན་ཞིག་ཡིན།
རང་གིས་བསྒྲུབ་འདོད་པའི་བྱ་བ་ཆེ་ཆུང་གང་ཞིག་ཡིན་རུང་། དེ་ལ་བསམ་གཞིགས་དང་འཆར་འགོད། གྲོས་བསྡུར་དང་གྲྭ་སྒྲིག་གང་ཡང་མེད་པར་ཞུགས་པའི་ཐོག་མའི་དུས་སུ་ལས་དོན་ལེགས་གྲུབ་མ་བྱུང་ན། སེམས་ཤུགས་ཆག་ནས་ལས་དོན་དེ་ཉིད་དོར་མི་རུང་། རྨི་ལམ་མེད་པའི་མི་ཞིག་འཇིག་རྟེན་ན་མེད་རུང་། རྨི་ལམ་དེ་ཉིད་མངོན་དུ་འགྱུར་ཐུབ་མཁན་ནི་ “རྒྱུན་སྐྱོང་” གི་ངང་རྒྱུད་ཡོད་པའི་མི་རྣམས་ལས་གཞན་དག་མིན། དེ་བས། རྒྱུན་སྐྱོང་རྒྱུ་ནི་ལེགས་གྲུབ་ཀྱི་ལྡེ་མིག་ཡིན།
ཐོ་མ་སི་ཨེ་ཌི་སོན་གྱིས་གློག་ཏོག་འདི་ཉིད་ལེགས་གྲུབ་བྱུང་ནས་མཚན་མོའི་སྨག་རུམ་བསལ་བའི་གློག་སྒྲོན་འདི་ཉིད་གསར་བཏོད་བྱེད་པ་ལ་ཚོད་ལྟ་ཚར་སྟོང་ཕྲག་བཅུ་ལྷག་ལ་བྱས་མཐར་གཞི་ནས་ལེགས་གྲུབ་བྱུང་ཞིང་། མིང་དུ་གྲགས་པའི་སྒྱུ་རྩལ་པ་དང་། འཛམ་གླིང་གི་ནོར་གྱི་བང་མཛོད་བདག་ཏུ་གཉེར་བའི་ཚོང་ལས་པ། མདོར་ན། དེ་རིང་ང་ཚོས་ཡིད་སྨོན་བྱེད་སའི་མི་མང་པོ་ཞིག་ནི་རང་ཉིད་ཀྱིས་བསྒྲུབ་འདོད་པའི་བྱ་བ་དེ་ཉིད་ལེགས་གྲུབ་ཡོང་བར་ཕམ་ཁ་བརྒྱ་ཕྲག་དང་དུ་བླངས་བས་ད་གཟོད་རྒྱལ་ཁ་ཐོབ་པ་ཞེ་གཅིག་རེད།
ལས་དོན་གཅིག་གྲུབ་པར་བྱེད་པ་ལ། འཆར་འགོད་བརྒྱ་དང་། གྲོས་བསྡུར་བརྒྱ། ཚོད་ལྟ་བརྒྱ། མདོར་ན་ལམ་ལྷོང་མ་བྱུང་བའི་བར་དུ་ཐབས་ཤེས་སྤྱད་ནས་ལན་གཅིག་ལེགས་གྲུབ་བྱུང་སོང་ན། དོན་དངོས་ཐོག་དེ་ནི་ཁྱེད་རང་ལ་མུ་མཐུད་ནས་རྒྱལ་ཁ་ཐོབ་པའི་ཁག་ཐེག་བྱས་པ་རེད། གང་ཡིན་ཟེར་ན། དེས་ཁྱོད་ལ་འདེང་ཚོད་བསྐྱེད་པ་རེད། འདེང་ཚོད་སྤོབས་པའི་སྲོག་ཤིང་རེད། སྤོབས་པ་ནི་ཁྱེད་རང་ལ་ཡར་ལ་སློང་མཁན་གྱི་སྒལ་ཚིགས་རེད།
འགྱེལ་ས་ནས་ལངས་ཐུབ་དགོས། འགྱེལ་ས་ནས་ལངས་དུས་ལན་གཅིག་ཐང་ལ་འགྱེལ་བ་ནི་ཆེས་རིན་ཐང་ལྡན་པའི་ལེགས་སྐྱེས་ཤིག་ཡིན་པ་ཚོར་ངེས་ལ། ལས་དོན་གཅིག་གི་ཐོག་ལ་བློ་རིག་སྒྲིམ་ནས་ལེགས་གྲུབ་བྱུང་སོང་ན། ཁྱེད་ཀྱིས་རང་ཉིད་ལ་འདེང་ཚོད་དང་རིན་ཐང་རྙེད་ངེས།
དེ་རིང་ནས་བཟུང་ངས་ཕྱིར་དྲན་བྱེད་མཚམས་འཇོག་རྒྱུ་ཡིན། ཟིན་བྲིས་འདི་ཉིད་མུ་མཐུད་དེ་རྒྱུན་སྐྱོང་ཐུབ་ཆེད། དེ་རིང་ནས་བཟུང་ངས་རྣམ་པ་ཚོར་ཟིན་བྲིས་པ་གཞན་སུས་ཀྱང་འབྲི་གིན་མེད་པའི་བརྗོད་བྱ་འབྲི་རྒྱུ་ཡིན། དེ་ནི་གཅིག་བྱས་ན་་་་ ཀླད་པ་དང་གཉིད་ཀྱི་འབྲེལ་བ། ཀླད་པ་དང་འཁྲིག་སྤྱོད་ཀྱི་འབྲེལ་བ། ཀླད་པ་དང་སྐད་ཡིག་གི་འབྲེལ་བ། ཨོ་ད་དུང་དེ་བས་ཀྱང་ཡིད་དུ་འོང་བ་གཞན་ཞིག་སྟེ། འཁྲིག་སྤྱོད་ཀྱི་སྒྱུ་རྩལ་དང་རྒྱུན་ཤེས་མང་པོ་ཞིག་རྩལ་ཏུ་འདོན་ནས་འབྲི་རྒྱུ་ཡིན། འཁྲིག་སྤྱོད་ནི་དོན་དངོས་ཐོག་སྒྱུ་རྩལ་ཞིག་དང་། དེ་ནི་སེམས་ཀྱི་གནས་ལུགས་རྟོགས་ཐབས་ཀྱི་ཤེས་རབ་ཅིག་རེད།
ད་དུང་ང་ཚོས་ཉིན་རེའི་འཚོ་བའི་ཁྲོད་དུ་འཕྲད་དང་འཕྲད་ཀྱིན་པའི་དཀའ་ངལ་སྣ་ཚོགས་པ་ཞིག་སྟེ། སེམས་ཀྱི་འཁྱེར་སོས་མི་ཚེའི་འཚོ་བར་ཤུགས་རྐྱེན་ཇི་ལྟར་སྤྲོད་མིན་སོགས་ཀྱི་ཐད་ལ་ཚན་རིག་རང་བཞིན་གྱི་དཔྱད་ཞིབ་དང་། ཡང་ན་ཚན་རིག་པ་དག་གི་གྲུབ་དོན་གཙོར་བཟུང་གིས་འབྲི་རྒྱུ་ཡིན་པས། རྣམ་པ་ཚོ་མུ་མཐུད་ནས་ཕེབས་པར་དགའ་བསུ་ཞུ།
ཁ་བྲོ། ཚེ་རིང་།
དྲ་ཚིགས་རྩོམ་འབྲི་བའི་གྲྭ་བཙུན་དག་ལ་སྡོམ་པ་རྩ་བ་ནས་མེད།
ཡོ་བྱད་ལ་སོགས་པའི་འཚོ་སྐྱོང་གི་བྱ་བ་ལ་ཁྱིམ་པ་དང་འདྲ་བར་བྱས་ནས་ང་དགེ་སློང་ངོ་ཞེས་མ་སྨྲ་ཞིག དགོན་པ་ན་གནས་ཀྱང་འཇིག་རྟེན་འདིའི་བྱ་བ་ཉམས་པ་དང་ཉམས་སུ་དོགས་པའི་སྡུག་བསྔལ་དང་ལྡན་པར་བྱས་ནས། ང་དགེ་སློང་དགོན་པ་བ་ཞེས་མ་སྨྲ་ཞིག སེམས་ཚེ་འདིའི་འདོད་པ་ལ་འདུན་པ་དང་གནོད་སེམས་ལ་སོགས་པ་དང་མ་བྲལ་བར་བྱས་ནས་ང་དགེ་སློང་དགོན་པ་བ་ཡིན་ཞེས་མ་སྨྲ་ཞིག དགོན་པ་ན་གནས་ཀྱང་འཇིག་རྟེན་པ་དང་འདྲིས་པ་མི་སྤོང་ཞིང་། གང་དང་ལྷན་ཅིག་ཏུ་འདུག་པ་དེ་དག་དང་བྲེ་མོའི་གཏམ་དང་། ཁྱིམ་པའི་གཏམ་ལ་སོགས་པའི་དུས་ཡོལ་བར་བྱེད་ཅིང་། ང་དགེ་སློང་དགོན་པ་བ་ཞེས་མ་སྨྲ་ཞིག རང་ལ་ཕ་རོལ་གྱི་གནོད་པ་ཕྲ་མོ་ལ་ཡང་མི་བཟོད་ཅིང་། གཞན་ལ་ཕན་འདོགས་ཕྲ་མོའང་བྱེད་མི་ནུས་པ་རང་དགེ་སློང་བྱང་ཆུབ་སེམས་དཔའ་ཞེས་མ་སྨྲ་ཞིག གལ་ཏེ་དེ་ལྟར་སྨྲས་ན་འཇིག་རྟེན་ལ་རྫུན་ཆེན་པོ་སྨྲས་པའོ།།
ད་ལྟ་འདི་ལྟའི་རྫུན་ཆེན་པོ་སྨྲ་མཁན་ནི་མཚན་མོའི་སྐར་མ་ལས་མངས་སོ།།དེ་ལྟར་སྲུང་མཁན་ནི་ཉིན་མོའི་སྐར་མ་ལས་ཉུངས་སོ།།
གོང་གི་ཚིག་དུམ་དེ་ཇོ་བོ་ཆེན་པོས་ངུར་སྨྲིག་པའི་སྡེ་ལ་བསྩལ་བའི་ཞལ་གདམས་ཤིག་རེད། འདིས་ངུར་སྨྲིག་པ་ཞིག་ལ་མངའ་འོས་པའི་ཀུན་སྤྱོད་དང་བསམ་བློའི་ཚད་གཞི་མཐོ་ས་ནས་མ་བཟུང་བར། མ་མཐའི་ས་མཚམས་ལ་ཚད་ཅིག་བརྒྱབས་ཡོད། དྲང་མོར་བཤད་ན་ངུར་སྨྲིག་པ་དག་གི་བསམ་བློའི་བཅུད་སྨིན་ས་ནི་ནང་བསྟན་རིག་གནས་འཁོར་དང་བཅས་པ་ཡིན་པས། ནང་བསྟན་རིག་གནས་ཀྱིས་བསྐྱེད་པའི་བདག་འབྲས་ཀྱི་བསམ་བློ་ནི་འདི་ལྟར་ཡིན་ན་འོས་ཏེ། འདོད་པ་ཆུང་དང་ཆོག་ཤེས་པ། གཞན་གྱི་སྐྱོན་མི་འཚོལ་བ། དམན་ས་འཛིན་པ། ཕམ་ཁ་ལེན་པ། ཡུས་ཁ་སྐྱུང་བ། བརྩེ་སེམས་སྐྱེད་པ། གང་ལ་ཡང་ཚོད་རིག་པ དེས་ཤིང་དཀྱེལ་ཆེ་བ་ཞིག་གོ། དེ་ལྟ་ནའང་གདན་ས་རྒྱ་མཚོ་འདྲ་བ་དག་ན་ཐོས་དོན་ལྷུར་ལེན་པའི་ངུར་སྨྲིག་པ་དག་གི་ལུས་ངག་ཡིད་གསུམ་ནི་སྒོ་ཀུན་ནས་རབ་ཏུ་ཤིན་ཏུ་ཀུན་ཏུ་ལེགས་པར་བདག་ལ་ཡིད་ཆེས་ཟབ་ལ། དད་འདུན་ཡང་མོད་མི་དམའ་བའི་ཟོལ་གྱིས་བདོག་ཕྱིར་རྣམ་པ་ཀུན་ཏུ་སྐྱབས་སུ་འཛིན་པ་དང་གཟུང་བ་ཡིན་ནོ།།
ཡིན་ནའང་། སྙན་དངགས་ཀྱང་མིན་ལ། ཐོར་རྩོམ་ཡང་མིན་པ། དགག་རྩོམ་མིན་ལ་སྒྲུབ་རྩོམ་ཡང་མ་ཡིན་པ། དྲ་ཚིགས་ཁག་ཏུ་ངོ་ཚ་འཛེམས་མེད་ཀྱིས་རྩོམ་འཆལ་སྐྱག་སྦྲང་འདྲ་བ་དག་སྤུངས་ནས་ཡོང་བཞིན་པའི་གྲྭ་གཟུགས་དེ་དག་ནི་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་པ་ཞིག་ཕར་ཟད། སྤྱིར་བཏང་གི་ཁྲམ་པ་ཇག་པ་ཞིག་གི་ཀུན་སྤྱོད་ཀྱི་ཚད་གཞི་ནའང་མེད་དེ། ཁོ་ཚོར་སྲེད་པས་གདུངས་ན་ལོག་པར་གཡེམ་སྲིད་ལ། གལ་ལ་ཐུག་ན་མ་བྱིན་ལེན་རི་འདྲ་བ་བྱེད་སྲིད། ད་དུང་མི་ཆོས་བླ་མའི་རྫུན་ཆེན་པོ་དག་ནི་མི་ཡ་རབས་ཤིག་གི་ཀུ་རེ་མ་རུངས་པ་ཤིག་གི་ཚད་དུའང་མི་བརྩི། ཉེ་བའི་ཆར་བཙན་བྱོལ་བོད་ཀྱི་རྩོམ་པ་མོ་ཚེ་རིང་སྐྱིད་ལགས་ཀྱི་མི་གཞི་ལ་དམའ་འབེབས་བཙོག་བཤད། སྡིག་ཐོག་མཚང་འབྲུ། ན་ཟུག་ཚ་ཟུག་རི་འདྲ་བ་ཞིག་ཨེ་ཡོད་སྙམ་བྱེད་ཀྱི་ཚིག་བཙོག་པོ། སྟོན་པའི་འདུལ་སྲུང་གི་ངུར་སྨྲིག་པ་ཞིག་ཕར་ཟད། ཁྱི་ར་བ་ཞིག་གི་ངག་ནས་ཀྱང་ཐོན་དཀའ་འོ་སྙམ་པའི་མི་སེམས་ཚལ་བར་བརླགས་པའི་ཚིག་རྩུབ་པོ་དང་། བཙོག་པོ་དག་ར་ཐོན་ལུག་ཐོན་གྱིས་བསྒྲགས་ཏེ་ཟིན་བྲིས་ཀྱི་སྒོ་ཀུན་ཀྱང་སྐྱག་དྲི་འཐུལ་ལེ་གཏོང་མཁན་དག་ནི་དྲ་ཚིགས་ཀྱི་གྲྭ་བ་རྩོམ་འབྲི་བ་སྡོམ་ཤོར་དག་རེད། སྤྱིར་ན་དྲ་ཚིགས་ཀྱི་གྲྭ་བ་སྡོམ་ཤོར་བ་དག་གིས་ངན་སྨྲས་བགྱིས་པ་ཙམ་གྱིས་ཚེ་རིང་སྐྱིད་ལ་གང་ཡང་གནོད་པའི་སྲིད་པ་མེད་ནའང་། འདིས་ཁྱིམ་པ་ཤེས་ལྡན་པ་དག་གི་གླེང་སྟེགས་གལ་ཆེན་དུ་སོང་བའི་དྲ་བའི་རིག་གནས་དང་། དེས་བསྐྱེད་པའི་དཀྱེལ་ཡངས་བསམ་བློ་དང་། སྒམ་བརླིང་གི་མི་གཤིས་་གས་འཐོར་གཏོང་བའི་སྲིད་པ་ཡོད་དོ།། དེ་བས་བདག་གི་རེ་བ་ཡིན་ན། ཆོས་དོན་ཉམས་སུ་ལེན་པའི་ངུར་སྨྲིག་པ་དག་གིས་ནམ་ཞར་ཁྱིམ་པའི་ལས་རིོགས་ལ་བཅོལ་གཏོགས་མི་མཛད་པའི་རེ་བ་ཡོད་ལ། ཁྱིམ་པ་བ་འཁོར་དང་བཅས་པས་ཀྱང་རང་གི་ལས་སྒོ་ཀུན་འཐུས་ཚང་དུ་བགྱིས་པའི་ཞོར་དུ། ངུར་སྨྲིག་པའི་ཐར་བའི་འཚོལ་སྙེག་ནི་རང་དང་མི་འབྲེལ་བར་བྱ་རྒྱུ་ནི་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུའོ།།
སྤྱིར་སྟོན་པ་ཐུགས་རྗེ་ཅན་གྱི་དགོངས་དོན་གཤའ་མ་རྟོགས་མཁན་གྱི་སྐྱེ་བུ་དམ་པ་རྣམས་ནི་འཇིག་རྟེན་པའི་བྱ་བ་ཉམས་ཀྱིས་དོགས་པའི་སེམས་ཀྱི་རྗེས་སུ་སྐད་ཅིག་ཀྱང་མ་འབྲང་ཞིང་། གདན་ས་རྒྱ་མཚོ་འདྲ་བ་དག་ན་རྟག་ཏུ་རང་སེམས་ལ་བྱ་ར་མཛད་དེ་ཉོན་མོངས་པའི་སྒོ་ཀུན་ནས་སྲུང་ཡོད་པས། འཇིག་རྟེན་ཁྱིམ་པ་བ་དག་གི་ལས་རིགས་ལ་བཅོལ་གཏོགས་མི་མཛད་ཅིང་། ཐུགས་ཆུང་ངུའི་རྣམ་པར་བཞུགས་པས་སྐྱབས་སུ་ཆེ་ལ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་ལྷག་པར་དྲ་བའི་རིག་གནས་ཀྱི་སྒོ་ཀུན་ཏུ་འཕྱན་ནས་འཕྱ་སྨོད་བྱེད་པ། བསྙད་རྐོ་བ། གསེག་འདྲི་བ། བརྔན་བསྒྲངས་པ། རྫུན་བཤད་པ། མགོ་གཡོགས་མགོ་སྐོར་བྱེད་པ་སོགས་མི་ལས་དགུ་ལས་བྱེད་ཅིང་། གལ་སྲིད་བརྐུ་བྱ་ཞིག་བདོག་ཚེ་སྔོན་མ་ནས་མ་བྱིན་པར་ལེན་ཚར་ཡོད་པའི་སྲིད་པ་འདུག་པ་ནི་ནང་རྐུན་ཇག་ཁྲམ་གསུམ་དང་། ཕྱི་དམར་སེར་ངུར་སྨྲིག་ཡིན་པའི་གྲྭ་བ་སྡོམ་ཤོར་དེ་དག་གོ།། དེ་བས་དེ་རིང་བདག་གིས་འདི་ནས་དྲ་ཚིགས་རྩོམ་འབྲི་བའི་གྲྭ་བ་རྣམས་ནི་བསལ་སྲེ་མེད་པར་དབྱེ་བ་མེད་པར་སྡོམ་པ་མེད་ཅེས་ཅེས་ཐ་ཚིག་བསྒྲགས་པ་ཡིན། །
ཐ་ཚིག་བསྒྲགས་དོན་ནི། སླད་ཕྱིན་ཁྱིམ་པ་བའི་ལས་རིགས་ཀུན་ཏུ་འཚང་ཁ་བརྒྱབ་མི་ཡོང་བའི་སླད་དང་། ངུར་སྨྲིག་པ་གཤའ་མ་ཞིག་མ་ཡོང་ནའང་སྤྱིར་བཏང་གི་མི་ཚད་ལྡན་ཞིག་ཡོང་བའི་ཕྱིར་དང་། གལ་སྲིད་སྟོན་པའི་བཅས་པ་དག་སྲུང་བ་དང་བསྲེལ་བའི་རེ་བ་ཅི་ནས་ཀྱང་མེད་སོང་ན། ལུག་མགོ་བཀལ་ནས་ཁྱི་ཤ་མི་བཙོང་བའི་ཆེད་བཅས་སྙིང་ལ་བཅངས་པའི་རེ་བ་དེ་དག་གི་ཆེད་དུ་ཡིན་ནོ།།
གཏེར་ལེན་པས་འོས་སྦྱོར་བྱས།
ལོ་ཤས་སྔོན་ལ་རྩོམ་རིག་གི་འདུ་ཚོགས་ཤིག་གི་སྐབས་སུ་ང་དང་གྲོགས་པོ་སྐྱབས་ཆེན་བདེ་གྲོལ་གཉིས་ཟི་ལིང་གི་མགྲོན་ཁང་ཞིག་ནས་མཉམ་དུ་ཞག་སྡོད་བྱེད་མྱོང་བ་ཡིན། དེ་དུས་ངས་ཟི་ལིང་གི་དཔེ་འཚོང་ཁང་ཞིག་ནས་༢༠༠༦ལོའི་《སྦྲང་ཆར》་དེབ་གཉིས་པ་ཞིག་ཉོས་ནས་ཡོང་སྟེ་དཀར་ཆག་ཙམ་བཀླགས་ཚར་བ་ན། གྲོགས་པོ་སྐྱབས་ཆེན་ལགས་ཀྱིས་ཀྱང་དེབ་དེ་གསར་བ་ཞིག་ཡིན་པ་གཟིགས་ནས་ཕར་ཁྱེར་ཏེ་ཀློག་པར་བྱས་སོང་། ཁོང་གིས་《སྦྲང་ཆར་》དེ་ཀློག་བཞིན་ཡང་དང་བསྐྱར་དུ་བདག་ལ་“ཨ་ཨ། འདི་འདྲའི་དཔེ་མེད་པའི་རྩོམ་ཡག་པོ་ཞིག་”ཟེར། བདག་གིས་ཁོར་“ཁྱོད་རང་དེ་འདྲའི་ཧ་ལས་སུ་འཇུག་པའི་རྩོམ་ལེགས་པོ་ཞིག་སུས་བྲིས་འདུག”ཅེས་དྲིས་པ་ན། ཁོང་གིས་“འཇུ་སྐལ་བཟང་གིས་ད་ཐེངས་སྟོབས་ཀྱིས་བྲིས་འདུག ལྷུག་རྩོམ་ཞིག་རེད། རྩོམ་བྱང་ལ་《སྦྲ་ནག་གི་གྱེས་འབོད》ཅེས་འཁོད་འདུག”ཟེར། རྗེས་སུ་ང་རང་ཟི་ལིང་ནས་ཕྱིར་ལོག་རྗེས་སྐྱབས་ཆེན་གྱི་བསྟོད་ར་དེས་རྐྱེན་བྱས་ཏེ་དོན་དངོས་སུ་འཇུ་སྐལ་བཟང་གིས་ད་ཐེངས་ལྷུག་རྩོམ་ཡག་པོ་གང་འདྲ་ཞིག་བྲིས་ཡོད་དམ་བསམ་ནས་རྩོམ་དེ་ཐོག་མར་བཀླག་འདོད་བྱུང་བ་ཡིན་ལ། ད་དུང་ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་འཇུ་སྐལ་བཟང་གི་རྩོམ་ཡིག་དེ་འདྲའི་མང་བོ་དུས་དེབ་སོགས་ལས་མཐོང་རྒྱུ་མི་འདུག་པས། ཀློག་མཁན་མང་བོས་ཁོང་གིས་རྩོམ་ཡིག་འབྲི་མཚམས་བཞག་པ་མ་ཡིན་ནམ་སྙམ་ནས་དྲ་ལམ་སོགས་སུ་ཁོང་དང་འབྲེལ་བའི་གླེང་བརྗོད་མང་བོ་སྤེལ་གྱིན་འདུག དེ་བས་བདག་གིས་ཀྱང་《སྦྲང་ཆར་》གསར་བ་འདིའི་ནང་ནས་ཐོག་མར་ཁོང་གི་ལྷུག་རྩོམ་དེ་དམིགས་ཀྱིས་བསལ་ནས་ག་ལེར་ཞིབ་ཀློག་བྱས་པ་ཡིན། བཀླགས་ཚར་རྗེས་འདི་ནི་དངོས་གནས་ལྷུག་རྩོམ་ཡག་པོ་ཞིག་ཏུ་མཐོང་ལ། དེ་བཞིན་དུས་ཡུན་རིང་བོ་འགོར་བའི་རྗེས་སུའང་ད་རུང་ཐེངས་དུ་མར་བཀླག་འདོད་པ་ཞིག་རེད། གཤམ་ནས་ལྷུག་རྩོམ་འདི་ཉིད་ཐེངས་ཁ་ཤས་བཀླགས་རྗེས་ཀྱི་མྱོང་ཚོར་ཕྲན་བུ་ཡི་གེར་བཀོད་ན། གཅིག ལྷུག་རྩོམ་འདི་ལས་ཉམས་རྒུད་དུ་འགྲོ་བཞིན་པའི་བོད་ཀྱི་ཐུན་མིན་རིག་དངོས་ཏེ་སྦྲ་ནག་གི་བྱུང་བ་དང་ཁྱད་ཆོས། གྲུབ་ཆ། རིན་ཐང་། དགེ་མཚན་སོགས་གོ་རིམ་བཞིན་བྲིས་འདུག དེ་ལས་བསྟན་པའི་བསྟན་དོན་ནི། མིའི་རིགས་ཀྱིས་དངོས་པོའི་དཔལ་ཡོན་བཟོ་སྐྲུན་དང་གསར་བཏོད་བྱས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དེ་སྲོལ་རྒྱུན་ནས་དེང་རབས་ཅན་དུ་ཡར་ཐོན་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། དེང་རབས་ཅན་ནས་ཡང་བསྐྱར་ཉམ་ཞན་དང་རྒུད་པའི་ཕྱོགས་སུ་འགྲོ་བཞིན་པའི་སྣང་ཚུལ་སོགས་ལ་བསམ་གཞིག་གཏིང་ཟབ་བཏང་འདུག དེའང་ཡིན་ཏེ། མིའི་རིགས་ཀྱི་དངོས་པོ་གསར་སྐྲུན་གྱི་ལོ་རྒྱུས་དེ་ཉིད་ལེགས་ལམ་ནས་ལོག་ལམ་དུ་ཞུགས་པ་དང་། སྤུས་ལེགས་ནས་སྤུས་ངན་གྱི་གནས་སུ་གྱུར་བའི་སྣང་ཚུལ་ཁྲོད་སྦྲ་ནག་དེ་ང་ཚོ་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་སྟེ་ད་ལྟ་མིང་གི་ལྷག་མར་འགྱུར་ཉེན་འདུག་པ་མ་ཡིན་ནམ། དེང་རབས་དཔལ་ཡོན་གྱི་བསླུ་བྲིད་ཀྱིས་མགོ་འཐོམས་པར་བྱས་པའི་མི་མིན་ཟོག་མིན་གྱི་ཕུང་གསུམ་པ་དེ་ཚོས་གནའ་བོའི་སྦྲ་གི་ཚབ་ཏུ་ཁང་བ་དམར་ཉོག་གེ་དང་སྐྱ་ལེབ་བ་དེ་ཚོས་ས་སྟེང་གང་བར་བྱས་པའི་གནས་བབ་འདི་ནི་ཅི་འདྲའི་སྙིང་གཟེར་བ་ཞིག་རེད་ཨང་། དེ་བཞིན་ད་རུང་སྦྲ་ནག་གིས་ས་དགྲ་སོགས་འབྱུང་བའི་གནོད་པ་སྣ་ཚོགས་འགོག་ཐུབ་པའི་ངོ་མཚར་གྱི་བྱེད་ནུས་དེ་དག་མེད་པར་བཟོས་ཏེ། དེའི་ཚབ་ཏུ་རང་བྱུང་རྩྭ་ཐང་གི་ཕྱི་ཤུན་བསློགས་ནས་ཨར་འདམ་གྱི་ཁང་རྩེག་ལས་པ་སོགས་དེང་རབས་ཀྱི་བཅོས་སྒྱུར་དང་གསར་སྤེལ་གྱི་བྱ་འགུལ་སྣ་ཚོགས་སྨྱོ་ཧམ་ཆེན་པོས་སྤེལ་བཞིན་ཡོད་འདུག དེ་བས་རྩོམ་པ་བོས་རང་བྱུང་ས་འགུལ་དང་ཆུ་ལོག་སོགས་ཡུལ་དུས་ངེས་མེད་དུ་འབྱུང་བཞིན་འདུག་པའི་གོད་ཆག་ཆེན་པོ་དེ་དག་གི་མདུན་དུ་ང་ཚོའི་འཚོ་བ་སྦྲ་ནག་དང་ཁ་གྱེས་པར་འབོད་པ་གཏོང་བ་ནི་དོན་དངོས་སུ་འཚོ་གནས་ཀྱི་དཀའ་ཁག་ལ་བཏང་བའི་ཉེན་བརྡ་ཐེངས་ཤིག་རེད་སྙམ། གཉིས། བོད་མིའི་མཛེས་དཔྱོད་སེམས་ཁམས་དང་སྦྱར་ནས་གོ་བ་བླངས་ན་སྦྲ་ནག་ནི་གཟུགས་འདས་ཀྱི་རིག་དངོས་ཤིག་སྟེ། དེས་བོད་མིའི་གདོད་མའི་རིག་གནས་དང་འཚོ་ཐབས། གོམས་གཤིས། ལོ་རྒྱུས། ཆབ་སྲིད་དང་དམག་དོན་སོགས་ཀྱི་འཕེལ་རིམ་དང་ཉམས་རྒུད་སྣ་ཚོགས་མཚོན་པར་བྱེད་ཀྱིན་ཡོད་པས། རྩོམ་པ་བོས་ཀྱང་སྦྲ་ནག་སྤྱད་དེ་ང་ཚོས་བོད་ཀྱི་གདོད་མའི་རིག་གནས་སོགས་ལ་གསར་བརྗེ་བྱས་པའི་ཉེས་འཛོལ་དང་ནོར་འཆུག་ལ་ཕངས་སེམས་ཆེན་པོས་དོ་ཁུར་དང་དགག་བཞག་མཛད་འདུག དཔེར་ན་ལྷུག་རྩོམ་འདིའི་མཇུག་ཏུ་རྩོམ་པ་བོས“་གལ་ཏེ་མི་ལོ་བརྒྱད་ཅུའི་མས་སྣེ་ནས་ང་རང་གནས་འདིར་ལན་ཅིག་འོང་ན། དེ་དུས་ངས་ཁྱེད་ཀྱི་མིང་ནས་བཟུང་སྟེ་རྒྱང་འབོད་ལན་གསུམ་ཅིས་ཀྱང་བྱ་ཆོག་པར་ཞུ་ཞིང་། དེའི་ཚེ་ངས་ཁྱོད་ཀྱི་མིང་ཡིག་དེ་བོད་ཡིག་གིས་འབྲི་ཤེས་པའི་སྨོན་ལམ་ཞིག་ཀྱང་ཆབས་ཅིག་འདེབས་སོ”ཞེས་རང་གིས་སྦྲ་ནག་ལ་བཅངས་པའི་བརྩེ་དུང་གི་རྦ་རླབས་དེ་ཉིད་སྒྱུ་རྩལ་གྱི་དྲག་རླུང་གིས་བསམ་གཞིག་གི་མཁའ་དབྱིངས་སུ་གཡོ་བར་བྱས་པ་བཞིན་སྣང་ལ། དེས་མཚོན་པར་བྱས་པའི་སྒྱུ་རྩལ་གྱི་བསྟན་དོན་ནི། དེང་རབས་དཔལ་ཡོན་གྱི་བརྡབས་གསིག་ཁྲོད་བོད་ཀྱི་སྐད་ཡིག་གིས་མཚོན་པའི་རིག་གནས་ཀྱི་ཁྱབ་ཁོངས་སྤྱི་དང་། ནང་དགོས་སུ་བོད་མིའི་ཐུན་མིན་གྱི་གདོད་གཤིས་དང་རིགས་ཞེན་གྱི་བསམ་བློ་སོགས་རྨེག་མེད་དུ་འགྲོ་བཞིན་ཡོད་པར་གསལ་འདེབས་དང་ཉེན་བརྡ་གཏོང་བཞིན་འདུག་པ་དེའོ།། གསུམ། ལྷུག་རྩོམ་འདིའི་སྤྱིའི་ཚིག་དོན་གཉིས་ཀའི་སྒྱུ་རྩལ་གྱི་ཆ་ནའང་ལེགས་ཆ་མང་བོ་ཞིག་གླེང་རྒྱུ་འདུག་སྟེ། ཚིག་གི་སྒྱུ་རྩལ་གྱི་ངོས་ནས་བོད་ཀྱི་ཕ་སྐད་རྣལ་མ་དང་ཡུམ་སྐད་དྭངས་མོའི་ལམ་ནས་བརྩམས་འདུག་པས། བོད་རྩོམ་གཤའ་མ་ཞིག་གི་ཁྱད་ཆོས་དང་བྲོ་བ་དངོས་ཏེ་ལྷུག་རྩོམ་རིང་བོ་འདིའི་མགོ་འཇུག་བར་གསུམ་གང་དུའང་ཁྱབ་མཉམ་པོར་ཁེབས་ནས་སིམ་འདུག ཡིན་ནའང་ཅུང་བློར་མི་འབབ་ས་གཅིག་ཡོད་པ་ནི། རྩོམ་འདིའི་མགོ་ཏག་ཏག་ཏུ་“ཨེ་མ། སྦྲ་ནག་ལགས”ཞེས་བྲིས་ཡོད་པ་དེ་རེད། སྤྱིར་ལྷུག་རྩོམ་ལ་མགོ་བརྩམས་མ་ཐག་ནས་འདི་ལྟ་བུའི་བརྩེ་དུང་དང་ཚོར་འདུ་ཤུགས་དྲག་པོའི་སྐད་ཆ་བཤད་པ་ནི་དེ་འདྲའི་མི་མཛེས་པ་ཞིག་ཏུ་སྣང་ལ། ལྷུག་པའི་རྩོམ་ལུས་ཀྱི་རྣམ་བཞག་དང་སྒྱུ་རྩལ་རྩ་དོན་གྱི་ངོས་ནས་བསམ་ནའང་དེ་ལྟར་བྱེད་མི་རུང་བ་ཞིག་རེད་སྙམ། དོན་གྱི་སྒྱུ་རྩལ་གྱི་ཐད་ནས་“ཕྱུག་པོ་ལྷུན་གྲུབ་རྒྱ་མཚོ་ཚང་ཁྱོད་ཡིན་ལ། སྤྲང་བོ་ཨ་སྐྱ་ཚེ་རིས་ཚང་ཁྱོད་ཡིན། བླ་མ་བསྟན་འཛིན་ནོར་བུ་ཚང་ཁྱོད་ཡིན་ལ། དཔོན་པོ་དབང་ཆེན་སྟོབས་ལྡན་ཚང་ཁྱོད་ཡིན། ཨ་ཁུ་ཁོན་ཐར་རྒྱལ་ཚང་དང་ཨ་ནེ་ལྕགས་མོ་ཐར་ཚང་ཡང་ཁྱོད་ཡིན།”ཞེས་དང་“ཕ་ཡུལ་ཕ་ཡུལ་ཟེར་ཡང་འབབ་ས་ཁྱོད་ཡིན”ཞེས་རྩོམ་པ་བོས་རང་གིས་བརྗོད་པར་འདོད་པའི་བོད་ཀྱི་ཐུན་མིན་རིག་གནས་ཀྱི་རིན་ཐང་དང་། འཚོ་བའི་གནས་བབ། མི་ཚེའི་ལྟ་ཚུལ་ཐད་ཀྱི་བསམ་ཚུལ་སོགས་གནད་དོན་མང་བོ་ཞིག་འདི་ལྟར་སྦྲ་ནག་དང་དེའི་མཐའ་འཁོར་གྱི་བྱ་དངོས་གང་རུང་ལ་སྦྱར་ནས་ཕྱིར་མཚོན་བྱས་འདུག་པས་ན། ལྷུག་རྩོམ་འདིའི་བརྗོད་བྱའི་བསྟན་དོན་དང་དེ་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་ཐབས་རྩལ་གཉིས་ནི་ཕན་ཚུན་ཀ་གདུང་གི་འཕལ་ཁ་དང་ལྷུ་འཕྲོད་པ་བཞིན་འགྲིག་ཅིང་། དཔེ་དང་དཔེ་ཅན་ནམ་མཚོན་བྱ་དང་མཚོན་བྱེད་གཉིས་པོ་ཆུ་ལ་ཆུ་བཞག་པའམ་འོ་ཆུ་གཅིག་ཏུ་འདྲེས་པ་ལྟར་མཛེས་སྡུག་གི་དབྱིངས་སུ་ངོ་བོ་དབྱེར་མེད་དུ་སྣང་བ་ཞིག་ཀྱང་རེད་དོ།། དེས་ན་འཇུ་སྐལ་བཟང་གི་ལྷུག་རྩོམ་འདིས་ཕྱོགས་གཞན་ཞིག་ནས་ང་ཚོའི་དེང་རབས་རྩོམ་རིག་གི་གནས་བབ་དང་དེའི་རིན་ཐང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་སོགས་ལའང་མངོན་གསལ་སྒོས་ལམ་སྟོན་གནང་བཞིན་འདུག་ལ། དེ་བཞིན་མི་མངོན་པའི་གནས་ཤིག་ན་ང་ཚོར་དམིགས་བསལ་གྱི་ཉེན་བརྡ་ཞིག་ཀྱང་གཏོང་བཞིན་འདུག་སྙམ་མོ།།
ཕུར་བུ་རྣམ་རྒྱལ།
རི་གངས་དཀར་ཏི་སེའི་བརྗིད་རྔམ་དང་ལྷན་ཏུ་ལང་ཚོའི་གཉོམ་ལག་རྒྱས་པའི་གཞས་པ་ཕུར་བུ་རྣམ་རྒྱལ་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཅུང་ཆེ་བའི་བོད་ཀྱི་གཞས་པ་ཅིག་ཡིན།ང་ལ་ཁོང་གི་གཞས་ཉན་རྒྱུར་དགའ་བོ་ཡོད་པ་མ་ཟད།བག་ཆགས་ཆེས་ཆེ་ཤོས་ཀྱི་གཞས་དེ་(གངས་དེ་ནི་ང་ཡི་ཕ་ཡུལ་ཡིན)ཞེས་པའི་ཁོང་གི་གཞས་དེ་ཡིན།གཞས་དེའི་གཞས་ཀྱི་ནང་དོན་གྱི་ཆ་ནས་བོད་མི་རིགས་ཀྱི་སྐད་ཆའི་ཉམས་སམ་སྙན་ངག་གི་རང་བཞིན་ཆེན་པོ་འདུག གཞས་གདངས་དང་གཞས་པའི་སྐད་ངག་གི་ཆ་ནས་ཀྱང་འོས་འཚམས་ཡིན་པར་མ་ཟད་དེང་སང་གི་གཞས་པ་གཞས་མ་ཁ་ཤས་ལྟར་དོ་མི་མཉམ་པའི་རིགས་དེ་མ་ཡིན་པར་འདོད།
རིག་འཛིན་སྒྲོལ་མ།
མདོ་སྨད་དཔའ་རིས་ཀྱི་གཞས་མ་རིག་འཛིན་སྒྲོལ་མ་ལགས་ནི་ཕ་སྐད་རྐྱང་རྐྱང་གི་ལམ་ནས་གཞས་གཏོང་མཁན་གྱི་བོད་ཀྱི་གཞས་མ་གཅིག་ཡིན་པར་མ་ཟད།ང་རང་མི་ཡུལ་འདིར་སྐྱེས་ནས་བཟུང་ཆེས་དགའ་བའི་སེམས་ཁོངས་ཀྱི་གཞས་མ་གཅིག་པུ་འང་ཡིན། ངའི་འཚོ་བའི་གྲུ་ཟུར་རེ་རེ་ན་ཁོ་མོའི་གླུ་སྐད་ཀྱི་རྣམ་ཤེས་འཐིམས་ཡོད་ལ།ངའི་སྙན་ངག་གི་སྒྱུ་རྩལ་ཀློང་རུམ་དུ་ཁོ་མོའི་ལང་ཚོའི་མཛེས་པ་ངོ་མ་དེ་འཁྲུངས་ཡོད་སྲིད།སྤྱི་ལོ་ཉིས་སྟོང་བདུན་ལོར་ཨ་མདོ་ཟི་ལིང་གྲོང་ཁྱེར་དུ་བསྡུས་པའི་(རྒྱལ་ཡོངས་གེ་སར་སྒྲུང་གྱེར་བཤད་ཚོགས་འདུ་དང་བོད་ཀྱི་རིག་གནས་གྲོས་ཚོགས་སྐབས་དང་པོ)ངེད་གཉིས་ངོ་ཤེས་པ་ཡིན་ལ།ང་ཚོ་མཉམ་དུ་ཟ་མ་ཟོས་ནས་ཕན་ཚུན་ལ་བསམ་བློ་བརྗེ་རེས་ཀྱི་གླེང་མོལ་ཐེངས་མང་བྱས་མྱོང་། ཁོ་མོ་ནི་གཞས་མ་གཅིག་པུ་མ་ཡིན་པར་མི་རིགས་ཀྱི་འདུ་ཤེས་ཟབ་མོ་ཡོད་པ་དང་བོད་ཀྱི་བྱ་བཞག་ཆེ་མ་ཆུང་གསུམ་ལ་བསམ་བློ་གཏོང་མཁན་གྱི་བུ་མོ་ཞིག་ཀྱང་རེད།ད་དུང་ཕ་སྐད་གཙང་མས་ཕྱུག་པའི་གླུ་སྐད་དེ་མཚོ་ཁྲི་ཤོར་རྒྱལ་མོའི་རླབས་རྒྱུན་དང་གངས་རྨ་རྒྱལ་སྦོམ་རྭའི་གཟི་བྱིན་མཉམ་དུ་བོད་མི་ཁྲི་མ་འབུམ་གྱི་སྙན་དབང་གསོ་བའི་བདུད་རྩི་དང་ཡིད་དབང་འཕྲོག་པའི་མཛེས་སྡུག་ཅིག་ཀྱང་ཡིན་སྲིད།
ཡ་དུང་ཉི་མ་ཚེ་རིང་།
ཁོང་གི་གཞས་མང་ཆེ་ཤོས་དེ་རྒྱ་སྐད་ཀྱི་ལམ་ནས་གཏོང་གིན་འདུག ང་ལ་མཚོན་ན་རྒྱ་ཡིག་གི་ཆུ་ཚད་ཅུང་ཞན་པོ་ཡིན་པས་ཁོང་གི་གཞས་ཁ་ཤས་ཀྱི་ནང་དོན་གོ་མེད་ནའང་ཐང་།
འོན་ཀྱང་ཁོང་གིས་བཏང་བའི་(ཨ་མའི་ལྤགས་ཚགས་)ཞེས་པའི་གཞས་དེ་ནི་ལ་རྒྱ་དང་ཡིད་ཆེས་ཀྱི་ཁེངས་བའི་ཁོང་གི་མི་ཡུལ་ནས་གྱེར་བས་གླུ་སྐད་གཅིག་ཡིན་སྲིད་ལ།ཕ་ཡུལ་དང་ཕ་ཟས་བརྗེད་ཀྱིན་པའི་བོད་པ་ཀླད་མེད་འགའ་ལ་ཨ་མའི་ལག་ཟས་དང་གྱོན་ཆས་བརྗེད་མི་ཉན་པའི་གསལ་འདེབས་ཀྱང་ལོས་ཡིན་སྙམ་བྱུང་།
ལྷ་ལུང་མཚོ།
སྔོན་ཆད་སྙན་ངག་མཁན་པོ་གང་མང་གི་འཇོལ་མོའི་དྲུག་འགྱུར་དང་ཀ་ལ་པང་ཀའི་སྙན་འཇེབས་སོགས་ནི་མི་ཡུལ་ན་ཆེས་སྙན་པོ་དེ་ཡིན་པར་འདོད་ཀྱང་།ངས་ནི་དེ་ལས་ལྡོག་སྟེ་མི་ཡུལ་གྱི་ཆེས་སྙན་པའི་གླུ་སྐད་གཅིག་ཐོས་བྱུང་།ཁོ་མོ་ནི་ཚིག་འབྲུ་ཅི་ཡིན་མི་གོ་བའི་བྱ་བྱེའི་འདབ་ཆགས་དེ་ཚོ་ལྟར་མ་ཡིན་ལ་དབུགས་མེད་སེམས་མེད་ཀྱི་རོལ་ཆ་དེ་ཚོ་ཡང་མ་ཡིན་པར་མི་སྐད་ཀྱི་ལམ་ནས་གླུ་གཞས་གཏོང་མཁན་གྱི་མིའི་བུ་མོ་ངོ་མ་དེ་ཡིན།ལྷ་ལུང་མཚོ་ཞེས་པའི་གླུ་མ་འདི་ནི་དམངས་གླུ་ལེན་མཁན་གཅིག་ཡིན་ལ་ཕ་ཡུལ་གྱི་རྩྭ་ཐང་དང་རི་ཆུ་ཀླུང་གསུམ་དུ་ཁོ་མོའི་གླུ་སྐད་ཀྱི་ཚེ་སྲོག་འབར་མྱོང་བར་མ་ཟད་གྲོང་ཁྱེར་གྱི་འདུ་འཛིའི་ཁྲོད་ནས་ཀྱང་མི་མང་པོ་ཞིག་གིས་ཁོ་མོའི་སྙན་འཇེབས་ཀྱི་གླུ་སྐད་ལ་རོལ་མྱོང་བྱེད་བཞིན་འདུག
གདུ་པེ།
ཁོང་ནི་ཨ་མདོའི་རྡུང་ལེན་མཁན་པོ་དང་རྡུང་ལེན་དགེ་རྒན་ཞེས་པའི་མཚན་སྙན་གནང་འདུག་མ་ཟད།གངས་ལྗོངས་ཁུ་བྱུག་སྔོན་མོ་ཞེས་པའི་མཚན་གྱི་སྙན་པའང་ཐོས་པ་འདུག
ང་ཆུང་དུས་གཡང་དཀར་ལུག་གི་རྫི་བོ་ལ་འགྲོ་སྐབས་ཁོང་གི་གླུ་སྐད་ཐོས་མྱོང་ལ།ང་ཆེ་དུས་སྙན་ངག་ལྷ་མོའི་གསང་བ་འཚོལ་སྐབས་ཀྱང་ཁོང་གི་གླུ་སྐད་ཐོས་ཐུབ།
ཁོང་གི་(པཎ་ཆེན་དྲན་གླུ)དང་(ང་དང་ཁུ་བྱུག)སོགས་རྡུང་ལེན་གང་མང་གི་ང་རང་ལ་ཕ་ཡུལ་གྱི་ལ་རྒྱ་དང་མི་རིགས་ཀྱི་འདུ་ཤེས་འཚོལ་དགོས་པའི་སྐུལ་མ་བྱེད་མྱོང་།
ཉི་མའི་བུ་རྒྱུད།
ཁོང་ནི་(བཙན་པོའི་ཕོ་ཉ)དང་(ཉི་མའི་བུ་རྒྱུད)སོགས་གཏོང་མཁན་གྱི་ཨ་མདོའི་རྡུང་ལེན་པ་གཅིག་ཡིན།ཁོང་གི་གླུ་སྐད་ཀྱི་བར་གསེང་རེ་ནས་བཙན་པོའི་རྒྱལ་རབས་ཤིག་ལ་ཕྱིར་དྲན་བྱས་ཐུབ་ལ།ཉི་མ་དང་ཆེས་ཐག་ཉེ་བའི་མི་རིགས་ཤིག་གི་གནས་བབ་ཤེས་སྲིད།དེ་བས་ངས་ཁོང་ལ་རང་ཚུགས་དང་སྒམ་བརླིངས་ལྡན་པའི་ཨ་མདོའི་ཕོ་གསར་ཞེས་འབོད་ཀྱིན་ཡོད།
ཀུན་དགའ།
ཁོང་ནི་དེང་རབས་ན་གཞཕན་མང་པོའི་མཐོང་ཆེན་བྱེད་ཀྱི་འདུགཁོང་གི་གཞས་གཏོང་སྐབས་རྒྱ་སྐད་བོད་སྐད་གཉིས་ཀྱི་ལམ་ནས་གཏོང་གིན་འདུག བོད་གཞས་མང་ཆེ་བ་ཡིག་ནོར་ཅུང་མང་པོ་འདུག་པས་ངས་ནམ་ཡང་ཁོང་ནི་ཡིག་རྨོངས་པ་ཞིག་ཨེ་ཡིན་བསམ་ནས་དོགས་པ་སྐྱེ་བཞིན་འདུག
འཕྱོངས་ཤུལ་སྒྲོལ་མ།
ཁོ་མོ་ནི་རྒྱ་སྐད་དང་བོད་སྐད་ཀྱི་ལམ་ནས་གཞས་གཏོང་མཁན་གཅིག་ཡིན་ལ།ཁོ་མོའི་གཞས་ལས་ང་རང་ཆེས་དགའ་ཤོས་དེ་(རི་བོ་ཧི་མ་ལ་ནས་ཐོན)ཞེས་པ་དེ་ཡིན།
ངས་བལྟས་ན་ཁོ་མོ་དངོས་གནས་སྒྱུ་རྩལ་གྱི་བདག་མོ་གཅིག་རེད་འདུག་ལ་ད་དུང་མིའི་ཚོར་ཤེས་ཀྱི་སྣང་བ་ལ་བདེ་སྐྱིད་བར་མེད་དུ་བྱིན་ཐུབ་པའི་དེང་རབས་ཀྱི་ཕུལ་བྱུང་གཞས་མ་ཞིག་རེད།
འོན་ཀྱང་མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཤིང་འཛེར་མེད་རྒྱ་རྫོང་ནགས་ན་དཀོན་ཞེས་པ་ལྟར་ཁོ་མོའི་བོད་གཞས་མང་ཕྱོགས་ཡིག་ནོར་གྱི་བང་མཛོད་རེད་འདུག་ལ།ད་དུང་རང་མིང་ཡང་ངེས་གཏན་གཅིག་བྲིས་ཤེས་ཀྱི་མེད་པ་འདྲ།དེ་ནི་ང་ཚོའི་བོད་ཀྱི་གླུ་བ་དང་གླུ་མ་གང་མང་གི་སྐྱོན་ཆ་ཆེ་ཤོས་དེ་རེད་འདུག
ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས།
དཀར་ཆག
གླེགས་བམ་དང་བོ།
བམ་པོ་དང་བོ།
སོར་ཁི་རེ་ཁྲེས་ཟི(Socrates)་སྔོན་གྱི་མཚན་ཉིད་རིག་པ།
ཚན་པ་དང་བོ། གྷི་རིག་ཤེས་རིག་གི་དར་འཕེལ།
ཚན་པ་གཉིས་པ། མི་ལེན་སིའིན་གྲུབ་མཐའ།
ཚན་པ་གསུམ་པ། ཕའེ་ཐ་གྷོ་ར་ཟི།(Pythagoras)
ཚན་པ་བཞི་བ། ཧེ་རཱ་ཁི་ལེ་ཁྲི་ཟི།(Heraclitus)
ཚན་པ་ལྔ་བ། ཕཱ་ར་མེ་ནེ་ཌི་ཟི།(Parmenides)
ཚན་པ་དྲུག་པ། ཨེམ་ཕི་ཌོལ་ཁི་ཟི།(Empedocles)
ཚན་པ་བདུན་པ། ཨཱ་ཐན་སི(Athens)དང་རིག་གཞུང་བར་གྱི་འབྲེལ་བ།
ཚན་པ་བརྒྱད་པ། ཨ་ན་ཁི་ཟཱ་གྷོ་རཱ་ཟི།(Anaxagoras)
ཚན་པ་དགུ་བ། རྡུལ་ཕྲན་སྨྲ་བ།
ཚན་པ་བཅུ་བ། ཕི་རོ་ཁྲེ་གྷོ་རཱ་ཟི(Protagoras)
བམ་པོ་གཉིས་པ།
སོར་ཁི་རེ་ཋཱི་ཟི། ཕི་ལ་ཋོ།(Plato)་དང་། ཨེ་རི་སི་ཋཱ་ཋོལ།(Aristotle)
ཚན་པ་བཅུ་གཅིག་པ། སོར་ཁི་རེ་ཋཱི་ཟི།
ཚན་པ་བཅུ་གཉིས་པ། སི་པར་ཊའི(Sparta)་ཤུགས་རྐྱེན།
ཚན་པ་བཅུ་གསུམ་པ། ཕི་ལ་ཋོའི་ལྟ་ཚུལ་གྱི་འབྱུང་ཁུངས།
ཚན་པ་བཅུ་བཞི་བ། ཕི་ལ་ཋོའི་ཡུ་ཐོ་ཕི་ཡ།(Utopia)
ཚན་པ་བཅོ་ལྔ་བ། རིག་པའི་གཞུང་ལུགས།
ཚན་པ་བཅུ་དྲུག་པ། ཕི་ལ་ཋོའི་རྟག་བརྟན་གཞུང་ལུགས།
ཚན་པ་བཅུ་བདུན་པ། ཕི་ལ་ཋོའི་འཇིག་རྟེན་གྲུབ་ཚུལ།
ཚན་པ་བཅོ་བརྒྱད་པ། ཕི་ལ་ཋོའི་མཚན་ཉིད་རིག་པའི་ཁྲོད་ཀྱི་ཡུལ་དང་ཡུལ་ཅན།
ཚན་པ་བཅུ་དགུ་བ། ཨར་སི་ཋཱ་ཋོལ་གྱི་གཟུགས་འདས་རིག་པ།
ཚན་པ་ཉི་ཤུ་བ། ཨར་སི་ཋཱ་ཋོལ་གྱི་ཀུན་སྤྱོད་རིག་པ།
ཚན་པ་ཉེར་གཅིག་པ། ཨར་སི་ཋཱ་ཋོལ་གྱི་ཆབ་སྲིད་རིག་པ།
ཚན་པ་ཉེར་གཉིས་པ། ཨར་སི་ཋཱ་ཋོལ་གྱི་གཏན་ཚིགས་རིག་པ།
ཚན་པ་ཉེར་གསུམ་པ། ཨར་སི་ཋཱ་ཋོལ་གྱི་དངོས་ལུགས་རིག་པ།
ཚན་པ་ཉེར་བཞི་བ། སྔ་མོའི་གྷི་རིག་གི་རྩིས་རིག་དང་སྐར་རྩིས་རིག་པ།
བམ་པོ་གསུམ་པ།
ཨར་སི་ཋཱ་ཋོལ་རྗེས་ཀྱི་གནའ་རབས་མཚན་ཉིད་རིག་པ།
ཚན་པ་ཉེར་ལྔ་བ། ཤེས་རིག་འདྲེས་མའི་དུས་སྐབས།
ཚན་པ་ཉེར་དྲུག་པ། ཁྱི་སྤྱོད་པ(Cynics)་དང་ཡིད་གཉིས་པ།(Sceptics)
ཚན་པ་ཉེར་བདུན་པ། མཛེས་མཚལ་རིང་ལུགས་པ།(Epicureans)
ཚན་པ་ཉེར་བརྒྱད་པ། ཕྱི་རྟོན་རིང་ལུགས།(Stoisism)
ཚན་པ་ཉེར་དགུ་བ། རོ་མཱན་བཙན་རྒྱལ་དང་རིག་གཞུང་བར་གྱི་འབྲེལ་བ།
ཚན་པ་སུམ་ཅུ་བ། ཕི་ལོ་ཋི་ནཱ་ཟི།(Plotinus)
གླེགས་བམ་གཉིས་པ།
གནམ་བདག་ཆོས་ལུགས་ཀྱི་མཚན་ཉིད་རིག་པ།
ངོ་སྤྲོད།
བམ་པོ་དང་བོ།
ཆོས་དཔོན།
ཚན་པ་དང་བོ། ཡ་ཧཱུ་དཱ་པའི་ཆོས་ཕྱོགས་ཀྱི་འཕེལ་རྒྱས།
ཚན་པ་གཉིས་པ། དུས་རབས་སྔ་མ་བཞིའི་སྐབས་ཀྱི་ཡི་ཤུའི་ཆོས་ལུགས།
ཚན་པ་གསུམ་པ། ཆོས་ཚོགས་ཀྱི་སློབ་དཔོན་བཞི།
ཚན་པ་བཞི་བ། འཕགས་དཔའ་ཨོ་གྷ་སི་ཋཻན(St.Augustine)་མཚན་ཉིད་རིག་པ་དང་ལྷ་ཆོས་རིག་པ།
ཚན་པ་ལྔ་བ། དུས་རབས་ལྔ་བ་དང་དྲུག་པ།
ཚན་པ་དྲུག་པ།འཕགས་དཔའ་བྷེ་ནེ་ཌི་ཁི།(St.benedict)དང་རླབས་ཆེན་གྷ་རེ་གྷི་རཱི།(Gregory the great)།
བམ་པོ་གཉིས་པ།
ཆོས་རའི་མཚན་ཉིད་རིག་པ་བ།(The schoolmen)
ཚན་པ་བདུན་པ། མུན་ནག་དུས་སྐབས་ཀྱི་རོ་མཱན་ཆོས་དཔོན་ལམ་ལུགས།
ཚན་པ་བརྒྱད་པ། སི་ཁོ་ཋི་ལན་ཌའི་ཇཱོན། (John the scot)
ཚན་པ་དགུ་བ། དུས་རབས་བཅུ་གཅིག་པའི་ནང་གི་ཆོས་ཚོགས་ཀྱི་གསར་བརྗེ།
ཚན་པ་བཅུ་བ། ཁ་ཆེའི་རིག་གཞུང་དང་མཚན་ཉིད་རིག་པ།
ཚན་པ་བཅུ་གཅིག་པ། དུས་རབས་བཅུ་གཉིས་པ།
ཚན་པ་བཅུ་གཉིས་པ། དུས་རབས་བཅུ་གསུམ་པ།
ཚན་པ་བཅུ་གསུམ་པ། འཕགས་དཔའ་ཐོ་མཱ་སི། ཨ་ཁི་ཝི་ནཱ་སི།(Thomas Aquinus)
ཚན་པ་བཅུ་བཞི་བ། ཧྥ་རན་སི་ཨི་སི་ཁཱན་(Franciscan)གྱི་ཆོས་རའི་མཚན་ཉིད་རིག་པ་བ།
ཚན་པ་བཅོ་ལྔ་བ། ཆོས་རྒྱལ་(Papacy)ལམ་ལུགས་ཀྱི་ཉམས་ཉེས།
གླེགས་བམ་གསུམ་པ།
ཉེ་རབས་མཚན་ཉིད་རིག་པ།
བམ་པོ་དང་བོ།
རིག་རྩལ་བསྐྱར་དར་ནས་ཧུ་ཡུམ་(Hume)བར།
ཚན་པ་དང་བོ། སྤྱི་བཤད།
ཚན་པ་གཉིས་པ། ཨི་ཋ་ལིའི་(Italy)རིག་རྩལ་བསྐྱར་དར།
ཚན་པ་གསུམ་པ། མཱ་ཁི་ཡ་ཝེ་ལི།(Machiavelli)
ཚན་པ་བཞི་བ། ཨ་རཱ་སི་མཱ་སི་(Erasmus)དང་མོ་རེ(More)།
ཚན་པ་ལྔ་བ། ཆོས་ལུགས་གསར་བརྗེ་ལས་འགུལ་དང་ཆོས་ལུགས་རྒོལ་བའི་གསར་བརྗེ་ལས་འགུལ།
ཚན་པ་དྲུག་པ། ཚན་རིག་གི་འཕེལ་རྒྱས།
ཚན་པ་བདུན་པ། ཧྥ་རན་སི་ཨི་སི། བྷེ་ཀན།(Francis Bacon)
ཚན་པ་བརྒྱད་པ། ཧོ་བྷིའི(Hobbe)་ལེ་ཝི་ཡ་ཐཱན།(Leviathan)
ཚན་པ་དགུ་བ། ཌེ་ཁཱར་ཌིས།(Descartes)
ཚན་པ་བཅུ་བ། སི་པི་ནོ་ཟཱ།(Spinoza)
ཚན་པ་བཅུ་གཅིག་པ། ལེ་བི་ནཱི་ཟི།(Leibniz)
ཚན་པ་བཅུ་གཉིས་པ། མཚན་ཉིད་རིག་པའི་རང་དབང་རང་ལུགས།
ཚན་པ་བཅུ་གསུམ་པ། ལོ་ཁའི(Locke)་ཤེས་ཡོན་གྱི་རྣམ་གཞག
ཚན་པ་བཅུ་བཞི་བ། ལོ་ཁའི་སྲིད་དོན་མཚན་ཉིད་རིག་པ།
ཚན་པ་བཅོ་ལྔ་བ། ལོ་ཁའི་ཤུགས་རྐྱེན།
ཚན་པ་བཅུ་དྲུག་པ། བྷར་ཀ་ལེ། (Berkeley)
ཚན་པ་བཅུ་བདུན་པ། ཧུ་ཡུམ། (Hume)
བམ་པོ་གཉིས་པ།
རུ་སོ་(Rousseau)ནས་ད་ལྟའི་བར།
ཚན་པ་བཅོ་བརྒྱད་པ། འཆར་ཡན་རིང་ལུགས་པའི་ལས་འགུལ།
ཚན་པ་བཅུ་དགུ་བ། རུ་སོ།
ཚན་པ་ཉི་ཤུ་བ། ཁེན་ཋི།(Kant)
ཚན་པ་ཉེར་གཅིག་པ། དུས་རབས་བཅུ་དགུ་བའི་བསམ་བློའི་རླབས་རྒྱུན།
ཚན་པ་ཉེར་གཉིས་པ། ཧེ་གྷལ།(Hegel)
ཚན་པ་ཉེར་གསུམ་པ། བྷེ་རཱན།(Byron)
ཚན་པ་ཉེར་བཞི་བ། ཤོ་ཕན་ཧཱ་ཝར།(Schopenhauer)
ཚན་པ་ཉེར་ལྔ་བ། ནཱི་ཆ།(Nietzsche)
ཚན་པ་ཉེར་དྲུག་པ། དངོས་ཕན་རིང་ལུགས་པ།
ཚན་པ་ཉེར་བདུན་པ། ཁཱལ། མར་ཁེ་སི།(Karl Marx)
ཚན་པ་ཉེར་བརྒྱད་པ། བྷར་གྷ་སན།(Bergson)
ཚན་པ་ཉེར་དགུ་བ། ཝི་ལིམ ཇེམ་སི།(William James)
ཚན་པ་སུམ་ཅུ་བ། ཇཱོན ཌུ་ཝི།(John dewey)
ཚན་པ་སོ་གཅིག་པ། གཏན་ཚིགས་དཔྱད་ཞིབ་ཀྱི་མཚན་ཉིད་རིག་པ།
༢༠༡༠ལོའི་ཟླ་༧པའི་ཚེས་༣་ལ།
try{var s = window.name;parent.MM[s].initIframe();}catch(e){}