_____ བོན་པོའི་དེབ་ཚོགས་ཤིག་གི་དཔེ་སྐྲུན་གསལ་བརྡ་ཐོས་རྗེས།
བོན་ནི་དུང་ཤོག་དཀར་པོའི་གངས་ཧྲག་སྟེ། །
བོན་ནི་གཡུ་རིས་སྔོན་པོའི་བྲག་གཡམ་སྟེ། །
དམུ་རྒྱུད་ཐིམ་པ་སྐས་ཀྱི་གཡུང་དྲུང་ཁར། །
ཕྱྭ་བཟའ་ངང་འབྲང་མ་ཡི་ཁྱུང་རུ་གདངས། །
གོང་དྲུག་ལྷ་རྩེ་སྲིད་པའི་བོན་སྐད་ཡིན། །
ཆང་འགག་སྦང་མ་གཤེན་གྱི་བརྡ་ཆད་ཡིན། །
རག་ཤ་སྲིན་པོའི་རིགས་ཀྱི་མགོ་ཐོག་ཏུ། །
གཏོ་རྒྱལ་བོན་གྱི་སྒོ་མོ་རྔམས་ཀྱིས་ཕྱེས། །
མགོན་བཙུན་ཕྱྭ་ཡི་ཡུལ་དུ་བེའུ་ཙེ་ཡོད། །
ཤིང་གི་གཞའ་ཚོན་འོད་འབར་ཅི་ལ་མེད། །
འོལ་མོའི་གསས་མཁར་ནང་ན་བོན་སྒོ་ཡོད། །
འཕྲུལ་གྱི་རྒྱལ་རྟགས་ཡི་གེ་ག་ལ་མེད། །
སྤུ་ལོ་རྔུལ་ཤོད་ཅེས་པ་བོན་ལས་བྱུང་། །
བརྒྱ་ཤོང་ཁ་སྤྲོད་ཞེས་ཀྱང་བོན་ལ་གྲག །
ཕེ་ཤ་ཨེ་མའི་བོན་དྲི་ཐུལ་པ་ཡི། །
རྨང་པོའི་ངེས་ཚིག་གཟི་རྡོ་ཁྲ་བོ་འདྲ། །
སོག་ཀའི་འཇིག་རྟེན་ལྟ་བུའི་བོན་སྒོ་ལ། །
ཆབ་གྱི་གྲམ་པ་ཙམ་གྱི་བག་ཆགས་འཇོག །
འཁོར་པ་སྒྱུད་ལུག་ཡིན་པས་ད་དུང་བཤུམས། །
དྭངས་ཀྱི་ཐུན་སྐྱོགས་འཕེན་པ་རན་ཙམ་གྱིས། །
རྨ་བྱའི་ལྡེམ་རྒྱངས་ཅན་གྱི་བོན་སྒོ་ལ། །
སེམས་ཉིད་གཡུང་དྲུང་གློད་དེ་འཕྲུལ་ངག་སྨྲ། །
རྒོད་ཀྱི་འཕར་འདབ་ཅན་གྱི་བོན་སྒོ་ལ། །
སྣང་བ་གཡུང་དྲུང་བསྒྲིལ་ཏེ་གཤེན་སྐད་རྒྱག །
ཁྲོ་ལོ་གནམ་གྲགས་བསྐལ་བའི་མཐོ་བཅད་དང་། །
འཕར་བོ་འཕར་ཆུང་འཁོར་པའི་ཟུར་བསྙལ་ཏེ། །
གསེར་གྱི་སྦ་ཤད་ཡིན་པའི་བོན་སྒོ་ལ། །
དངུལ་གྱི་གཟར་བུ་དེ་ཡང་ཆེད་དུ་བྱ། །
དུང་གི་སོ་འཁོར་སྟོན་དང་ཕ་ཆོས་ལགས། །
ཡི་གེ་ཨ་དཀར་སྤྲོས་དང་མ་ཆོས་ལགས། །
ཀོང་ཡུལ་བྲེ་སྣའི་ཕྱོགས་སུ་ང་རང་ཡོད། །
ལང་ལིང་གྲོང་ཁྱེར་ཕྱོགས་སུ་ཁོ་ཡང་ཡོད། །
ང་ནི་ཁྱོད་ཀྱི་དཔྱད་བུ་ཁྲི་ཤེས་ཡིན། །
ང་ནི་ཁྱོད་ཀྱི་སངས་པོ་འབུམ་ཁྲི་ཡིན། །
གནམ་གྱི་ལྷུམས་རྩེར་གཤེགས་པའི་སྐྱིལ་ཀྲུང་དེ། །
རང་གི་གྱང་ལྡེབས་ངོས་ལ་ཕྱེད་ཙམ་བྲི། །
གཏོ་འདི་གཤེན་གྱི་སྦུབས་སུ་བརྫིས་པ་དང་། །
གླུད་འདི་སྲིད་པའི་བུག་ཏུ་བཅོས་པ་དང་། །
རྔ་འདི་བོན་གྱི་ཁོག་ནས་བརྡུངས་པ་སྟེ། །
ཆོད་དང་ལམ་ཕྱོད་ཨེ་འདུག་གཞན་གྱིས་ཤོད། །
2010.8.26ཉིན་ཕ་ཡུལ་ལ་བསྐྱོད་པའི་ལམ་དུ་བྲིས།
_____བདེ་སྐྱིད་སྒྲོལ་མ་ལགས་ཀྱི<<ཆར་ཟམ་ཟིམ། སྨུག་ལང་ལོང་>>ཞེས་པའི་དཔེ་དེབ་མཚམས་སྦྱོར་བ།
འུ་བུ་ཅག རང་གི་ཕ་སྐད་མ་ཡིག་ལའང་བརྟན་པ་མ་ཐོབ་པའི་དུས་འདིར། ང་རང་ཚོ། རང་གི་ཏུན་ཧོང་ཡིག་རྙིང་ལའང་ངེས་པ་མ་འདྲོངས་པའི་སྐབས་འདིར། སྲོག་ལྡན་མིག་གི་གྲུ་ག་སོ་སོར་འདི་འདྲའི་ཕོ་ཚོད་ཁོ་ནའི་འཁྱལ་གཏམ་ཞིག་བྱུང་བ་སྟེ། དབྱིན་རྒྱ་གཉིས་ལ་ཀློག་ཙམ་འགྲོ་བས་འཛམ་གླིང་རྩོམ་རིག་གི་ཆུ་བོ་ཐམས་ཅད་རྔུབ་འདྲེན་བྱེད་ཐུབ་ཅེས་བཤད་ཅིང་། ཁོ་དང་ཁོ་སོགས་ཀྱི་བྲིས་རྩོམ་ཡང་ཤ་རྒྱུད་ཁྲག་རྒྱུན་དེད་ན་ནུབ་ཕྱོགས་ལ་ཆད་ཚུལ་དང་། ཕ་རུས་མ་ཁུངས་བཙལ་ན་ནུབ་ཕྱོགས་ལ་ཐུག་ཚུལ་དང་། གདུང་རྒྱུད་མེས་རབས་བསྒྲིགས་ན་ནུབ་ཕྱོགས་དང་མཐུན་ཚུལ་སོགས་ཀྱི་སྐད་ཆ་རྡོག་པ་མེད་ས་ཏག་ཏག་བྱང་རླུང་གི་རྒྱུན་ལ་བསྡོངས་ཏེ་ང་ཡི་ཤག་ཏུ་བསླེབས་ཤིང་། ངང་ཙམ་གྱིས་སླར་ཡང་ཁོ་ཚོའི་ཁྱིམ་དུ་འཕུར་སོང་།
གཏན་ཚིགས་དང་གནས་ལུགས་ལྟར་ན་ནི། བུས་པ་སོ་དཀར་ཙམ་ནས་བསླབས་ཤིང་སྦྱངས་པའི་རང་སྐད་ཀྱང་ལྡབ་ལྡིབ་ཙམ་ལས་མི་འཁྲོལ་པ་དག་གིས། སྟབས་དབང་གིས་སྐད་བརྡ་གཞན་ཞིག་ཕྱོགས་ཙམ་ཤེས་པས་འཛམ་གླིང་རྩོམ་རིག་གི་ཕྲེང་རིམ་ཆེན་པོ་བརྟོལ་སོང་ཞེ་ན་སུ་ཞིག་འཐད་པ་འབྱུང་སྲིད་དམ། བརྒྱ་ལ་འཐད་མཁན་ཞིག་ཡོད་ཚེ་ཁྱོད་ཀྱི་ཕ་མ་གཉི་ཀ་མིན་ན་ཁྱོད་རང་ཉིད་དོ། ། དྲང་པོར་བཤད་ན།གདུགས་དཀར་གྱི་རིག་སྔགས་ཤིག་དང་འདྲ་བའི་ཕྱི་རྒྱལ་པ་སྐོར་ཞིག་གི་མིང་ཐོ་ཙམ་བསྒྲིག་རྒྱུ་ཡེ་ནས་མི་དཀའ་ལ།སྤྱི་ལོའི་སྔོན་གྱི་དང་འཁྲུངས་ལོའི་རྗེས་ནས་སོགས་ཀྱི་ལོ་ཚིགས་གྲགས་ཆེན་འགའ་ཞིག་སྣ་སྦྲེལ་ལ་འཇུག་རྒྱུ་ནི་རབ་ཏུའང་ལས་སླ་མོད།དེ་ག་ཙམ་གྱིས་ནི་འཛམ་གླིང་རྩོམ་རིག་གི་དར་འཕེལ་ལོ་རྒྱུས་གོ་བར་ད་དུང་རྒྱག་ཐག་རིང་ཞིང་ནུབ་གླིང་བརྩམས་ཆོས་ཀྱི་བརྡ་དོན་སྲོག་སྙིང་རྟོགས་པར་སྔར་བཞིན་དཀའ་ངལ་ཆེ་བ་མ་རེད་དམ།
ཅུང་ཞིབ་མོ་རྣམ་འཐག་ཏུ་བྱས་ན། ཁོ་རང་ཚོས་ཤེས་ཞེས་པ་དང་གཞན་དག་གིས་མི་ཤེས་ཞེས་པ་ནི་དོན་གཅིག་མིང་གི་རྣམ་གྲངས་མིན་པའི་ངེས་པ་ཡང་མེད་ལ། ད་ལྟའི་བར་བོད་ཡིག་ཏུ་བསྒྱུར་ཅིང་འགྱུར་པ་ནི་ནུབ་ཕྱོགས་མཁས་པའི་མིང་ཚོགས་ཙམ་ལས་མ་རེད་ཅིང་། དེ་ཡང་གཞན་གྱིས་མིང་མཛོད་དུ་བསྒྲིགས་ཡོད་པ་དག་ལེན་རྐྱང་བྱས་པ་ཞིག་ཡིན་ན་མ་གཏོགས། རྩོམ་མཁན་གང་གི་བརྩམས་ཆོས་ལ་འདྲིས་ཆ་ཡོད་པའི་སྒོ་ནས་བསྒྱུར་བ་ཅི་ཙམ་ཡོད་ཤིན་ཏུ་བཤད་ཁག་པོ་རེད་དེ། འུ་བུ་ཅག་གིས་གཞན་སྐད་སྙན་ངག་ལ་འབྲི་སྦྱོང་དང་རོལ་མྱོང་བྱས་པའི་ལ་ཉེ་ཅི་འདྲ་ཡིན་སོ་སོའི་བསྒྱུར་ཡིག་ཙམ་པོར་བལྟས་པས་ཧ་གོ་ཞིང་།(སྐད་ཆ་འདིའི་ཕྱོགས་སྔ་གཙོ་བོ་ནི་སློབ་གྲྭ་ཆེན་མོ་པའི་དུས་དེབ་རེ་འགའ་ཡིན་མོད། ད་རེས་ནི་འཕྲོས་དོན་ཙམ་ཡིན་པས་དངོས་མིང་སྒྲོག་པའི་བྱ་བ་ད་དུང་རྗེས་སུ་བསྐྱུར་ཡོད) ཁོ་བོ་རང་ཡང་ཕྱི་གླིང་རྩོམ་རིག་ལ་མིག་བཙིམས་པ་ཞིག་ཏུ་སྙམ་སྟེ་ཡོད་མོད། མི་ལ་ལའི་ཆུ་ཚད་དེ་ཙམ་ལས་གཅལ་ཏེ་སྨྲས་ན་ངས་ཀྱང་འཛམ་གླིང་རྩོམ་རིག་གི་ཁ་དང་སྣ་ཞེས་བཤུར་ཡང་ལྷག་ཙམ་ཐབས་རྡུགས་ཤིག་མིན་པ་འདྲ་སྟེ། རྒྱུ་མཚན་ནི། གུས་པོས་ཀྱང་ཀཱ་ལིའི་ཕྱེད་སྡེ་ཡི་དང་པོ་ཧ་ཡིག་གི་ཞབས་ལ། མིང་གཞི་རྟགས་ལྔར་དབྱེ་བའི་མ་ནིང་ཕ་ཡིག་གདགས་པའམ། ཡང་ན་དབྱངས་གསལ་གྱི་ཁྲོད་མེད་ཀྱང་ཆོག་པའི་ཡི་གེ་ལས་ངན་ཏེ་ཝ་ཡིག་འདི་འཇུ་བཟུང་བྱས་ནས། ཡོ་རོབ་གླིང་སོགས་ཀྱི་སྙན་ངག་པའམ་སྙན་ངག་གི་མཚན་བྱང་བརྒྱ་ཕྲག་ཙམ་བྲི་བ་ལ་ཡེ་ནས་འཇིགས་པ་མེད་པས་སོ། །
འོན་ཏེ། འདི་ན་ལྟོས་མེད་དམར་རྗེན་དུ་ཤེས་དགོས་པ་ཞིག་དང་གཟུར་མེད་དངོས་དཔང་དུ་ར་འཕྲོད་དགོས་པ་ཞིག་ལ། ནུབ་ཕྱོགས་སྙན་ངག་སྐད་པ་དེ་ནི་འུར་འུར་བྱང་ཁའི་གྲང་རླུང་ལྟ་བུ་དང་། བསིལ་བསིལ་དབྱར་ཟླའི་སྤྲིན་དུམ་ལྟ་བུ་དང་། གྱ་གྱུ་རྟ་རའི་ས་རླངས་ལྟ་བུའི་སྣ་མང་གྲངས་ལྡན་ཞིག་ཡིན་ཁར། འདི་བས་འདི་མཚར་གྱི་རྩོམ་སྲོལ་དང་། དེ་ལས་དེ་ཟབ་ཀྱི་རྩོམ་སྟངས་ཀྱི་སྐས་ཐེམ་མང་པོ་ཁྲ་ཤག་གེར་ཡོད་ཅིང་། ཕལ་ཆེར་ལུགས་རེ་ལའང་འཐུས་ཚབ་རྩོམ་པོ་དཔལ་དང་ལྡན་པ་མང་དུ་བྱུང་ཡོད་ཚོད་ཡིན་པས། རང་རེའི་པར་ཤིང་གཅིག་ལས་ཐོན་པ་ལྟ་བུ་དག་ལ་ནུབ་ཕྱོགས་སྙན་ངག་མཁས་ཆེན་དག་གི་ཤུགས་རྐྱེན་ཞིག་ཅི་ལྟར་ཐེབས་ཡོད་པ་རེད་དམ།
བརྒྱ་ལ་བཙན་ཐབས་ཀྱིས་འུ་ཚོར་སུ་ཞིག་གི་ཤུགས་རྐྱེན་ཅིས་ཀྱང་ཐེབས་ཡོད་ངེས་རེད་ཅེ་ན། དེ་ནི་ནུབ་ཕྱོགས་ཕར་ནང་ཞིག་གཏན་མ་ཡིན་པར། ཤར་ཕྱོགས་ཧིན་རྡུ་པའི་འདས་པོ་ཉི་དབང་མགོན་པོའམ་ཐེ་ཀོར་ལགས་ཡིན་པ་རེད། བོད་ལ་ཆ་མཚོན་ཏེ་བཤད་ན། ཉི་དབང་མགོན་པོའམ་ཐེ་ཀོར་ལགས་ཀྱི་ཤུགས་རྐྱེན་ཐེབས་ཡུལ་གཙོ་བོ་དེ་ལྗང་བུ་ཡིན་པར་འདོད་ཅིང་། ཕྱོགས་འདི་ནས་ལྗང་བུས་གྲུབ་འབྲས་བླངས་པའང་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ཚོད་ཡིན། དེ་ནི་ཁོང་གི<<ངག་གི་བག་མ>>སོགས་ལ་འཁྱུག་ཙམ་བལྟས་པས་མཐའ་ཆོད་ཅིང་། གཞན་གྱི་ལེགས་ཆ་ཇི་ལྟར་བླངས་ནའང་རང་གི་ཁྱད་ཆོས་དེ་ལྟར་བསྡུ་ཐུབ་པ་ནི་ལྗང་བུའི་ནུས་པ་ལྷག་མ་ཞིག་རེད་ཅེས་ཀྱང་ཤོད་དུ་དགའོ། ། ཡིན་ནའང<<གཟི་མིག་དགུ་པ>>ནས་བཟུང་ལྗང་བུས་སླར་ཡང་འགྲུད་བཞུད་གཞན་ཞིག་ལ་སྟ་གོན་བྱས་ཡོད་པར་འདོད་ཅིང་། དེ་རུ་ཡང་འགོ་བརྩམས་པ་ཉིད་ནས་དཀྱིལ་དུ་ཐོན་ཡོད་པ་ལྟ་བུའི་ཉམས་ཆ་ཞིག་ལྗང་བུ་ལགས་ལ་ཏན་ཏན་ཡོད་ཐལ། དེ་ལྟ་ནའང་། ལྗང་བུ་སོགས་བློ་གདེང་ཅན་རེ་གཉིས་ཕུད་པའི་འཕྲོ་ན། ང་ཚོའི་མིང་ངོས་ཙམ་གྱི་སྙན་ངག་པ་འདི་དག་སྔར་བཞིན་ཐེ་ཀོར་གཅིག་པུ་ལ་བརྒལ་ཐུབ་ཀྱིན་མེད་པའམ་ཡང་ན་ཐེ་ཀོར་ལའང་བཅར་ཐུབ་ཀྱིན་མེད་པ་ལྟ་བུའི་སྣང་བ་ཞིག་ཚོད་ཚོད་བྱིན་འགྲོ །
ལར་མིག་སྔུན་གྱི་མཆོད་བསྟོད་འདྲ་བོ་དང་གསོལ་ཁ་འདྲ་བོ་དང་རབ་གནས་འདྲ་བོ་དག་གི་ཆུ་འགོ་དངོས་དེ་ཕུ་ཡར་ལ་དེད་པས་ཐེ་ཀོར་ལས་གཏུག་ས་མེད་ལ། ང་རང་ཚོ་འདི་འདྲ་ཞིག་ཏུ་ཆགས་དགོས་དོན་ཀྱང་དང་པོ་ཉིད་ནས་སངས་རྒྱས་པའི་ལུགས་ཀྱི་ཚ་སྒྲོག་ཁོལ་མ་བཏབ་ཡོད་པས་ལོས་ཡིན་ནམ། སྤྱིར་ན། ཐེ་ཀོར་ལགས་ཀྱི་སྙན་ངག་ཁྲོད་ཀྱི་ལྷ་དེ་ལྷ་ཞིག་ཡིན་མིན་ཀྱང་དོགས་པ་ཆེ་ལ། ཁོང་ལ་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐུ་ཞེས་པའང་བོད་པའི་གྲྭ་རྒན་དག་གི་འཛིན་སྟངས་དེ་འདྲ་རང་ཁྱོན་ནས་མ་ཡིན་ནའང་། བོད་རྣམས་ཐེ་ཀོར་ལགས་ལ་དུས་གསུམ་ཀུན་ཏུ་དགའ་དགོས་དོན་ནི། སྒྱུ་རྩལ་དང་ཤེས་རབ་ཀྱི་མཛེས་པ་ཞིག་གིས་ནི་མ་ཡིན་པར། གཅིག་ན། མཁྲང་ཐང་ཐང་གི་ཆོས་ལུགས་ཀྱི་གོམས་ཞེན་འདྲ་བོས་ཡིན་པ་དང་། གཉིས་ན། མཐོང་རྒྱ་ཆུང་དྲགས་པས་མི་ཡུལ་གྱི་ལྟད་མོ་གཞན་དག་མ་མཐོང་བར་ཁྱིམ་མཚེས་ཁོ་ནས་དཀར་ལམ་བཅད་སོང་བ་དང་། གསུམ་ན། ཐེ་ཀོར་ལགས་ནི་ཤར་ཕྱོགས་རྩོམ་མཁན་ཁྲོད་དུ་ནོ་པེལ་བྱ་དགའ་རེག་མཁན་ཐོག་མ་དེ་ཡིན་པས་མཚན་གྲགས་ཁོ་ནས་ཀྱང་སྤྲེལ་ཕྲུག་དག་སྡོད་ཐབས་མེད་པ་བཟོས་ཡོད་ངེས་རེད།
གར་འགྲོ་གཏོལ་མེད་ཀྱི་དཀྱོགས་མཚམས་འདི་འདྲ་ཞིག་སྟེ། གཞན་ལ་ལད་སོད་བྱས་ཀྱང་ཚུགས་ཀ་མེད་ལ། ཚུགས་ཀ་མེད་ཀྱང་སྡོག་པ་བྱེད་མཁན་ནི་ས་བླའི་རྡུལ་བཞིན་དུ་ལུད་པའི་སྐབས་ཤིག་སྟེ། རང་གི་རྩོམ་གཤིས་བོར་ཞིང་རྡེ་གི་རྩོམ་རྩལ་ཀྱང་མ་འཆུམས་པའི་དྲན་པ་བློ་ཉོག་གི་བཞི་མདོ་འདིར། དྭངས་འཇམ་བསིལ་གསུམ་ཐེ་ཀོར་ལྟར་དུ་རྫོགས་ཤིང་། གདངས་ངག་སྒྲ་གསུམ་ཚངས་མགུར་ལྟར་དུ་འདུས་ཤིང་། རང་བྱུང་ཁམས་ཉིད་སྙན་ངག་ཏུ་བཞུས་ཤིང་སྙན་ངག་གིས་སླར་ཡང་རང་བྱུང་ཁམས་སྦར་བ་སྟེ། ཆ་ཀུན་ནས་གསེར་ལོ་འབར་བ་འདྲ་དང་དུང་ལོ་ཚེས་པ་འདྲ་བའི་ལྷུགས་མའི་སྙན་ངག་གི་དེབ་མཆོག་ཅིག་བལྟམས་བྱུང་བ་ནི། སྙན་ངག་མ་བདེ་སྐྱིད་སྒྲོལ་མ་ལགས་ཀྱི<<ཆར་ཟམ་ཟིམ། སྨུག་ལང་ལོང་>>ཞེས་པ་དེ་རེད། འདི་ལ་ལན་གཅིག་མཇལ་རྗེས་བུད་མེད་དག་གི་རྫི་གསང་གཞན་ལས་རྣོ་བར་ངེས་པ་སྐྱེ་ལ། བུད་མེད་དག་གི་ཤེས་རབ་གཞན་ལས་བཀྲ་བར་ཡིད་ཆེས་འཐོབ་ཅིང་། བུད་མེད་དག་གི་བརྩེ་བ་གཞན་ལས་སྣུམ་པར་ཡང་ཁས་ལེན་འཆོར་འགྲོ་བ་ཞིག་ཡིན་པ་གདོན་མི་ཟ།
དཔེ་རུ་བརྗོད་ན། <<ཚངས་དབྱངས་རྒྱ་མཚོ>>ཞེས་པའི་བྲིས་རྩོམ་དེས་ནི་མི་སེམས་ཀྱི་ཤའུ་ལ་རྨ་ཤུལ་ཚ་ཀམ་ཀམ་དུ་བཏོད་འགྲོ་བ་དང་། <<ཐམས་ཅད་མཁྱེན་པ་དང་ཀུན་ཏུ་བཟང་བོ>>བཀླགས་པས་བུད་མེད་དག་གི་དགག་སྒྲུབ་སྡེར་མོ་ནི་སྐྱེས་པ་ལས་ཀྱང་ཐུའོ་སྙམ་པ་ཞིག་ཚད་མེད་དུ་འཆར། ད་དུང་ལྕམ་ལགས་ཀྱིས་ཐ་སྙད་ཀྱི་འོད་ཐག་ནར་མོར་བརྒྱུས་ཏེ། འཇིག་རྟེན་མ་བུའི་བར་གྱི་སྙིང་རྗེའི་ལྷ་སྐད་རིང་མོ་དེ་སེམས་ཀྱི་མཆི་མ་འབབ་ཅིང་མིད་པའི་ངུ་གླུ་འཆོར་བ་ཞིག་བྲིས་གནང་མཛད་ཡོད་པ་སོགས། དངོས་གནས་དྲང་གནས་ཚོར་བ་མཁའ་ཁྱབ་ཀྱི་སྙན་ངག་ཅིག་ལ་འདི་ལས་ལྷག་པ་ཞིག་མེད་པར་ངེས་ལ། བདེན་པ་ཤེད་འབར་གྱི་བསམ་བློ་ཞིག་ལ་འདི་བས་སྟོབས་པ་ཞིག་གང་ན་ཡོད་ཨང་སྙམ་པའི་སེམས་བྱུང་ཞིག་བྲག་ངོས་ལ་ལན་ཆ་འཁོར་བ་བཞིན་དུ་འབྱུང་ངོ་། །
རེད་དེ། བདེ་སྐྱིད་སྒྲོལ་མ་ལགས་ཀྱི་སྙན་ངག་གི་ལྷུག་རྩོམ་མམ་ལྷུག་རྩོམ་གྱི་སྙན་ངག་འདི་ནི། ཁོ་མོ་རང་ཉིད་ཀྱིས་ཚངས་དབྱངས་རྒྱ་མཚོར་སྨྲས་པའི་བསྲན་ཐབས་མེད་པའི་སྐད་ཆ་དེ་དང་ཤིན་ཏུ་འདྲ་སྟེ། ཇི་སྐད་དུ། གལ་སྲིད་ཚེ་གཅིག་ལུས་གཅིག་འདི་ལ་ཁྱེད་དང་མཐུན་སྡེབ་བྱེད་པའི་སྐལ་བ་རྟ་རྔ་ལས་ཕྲ་ཞིང་ཁབ་མིག་ལས་དོག་པས་ན། གལ་སྲིད་ཁྱེད་ཀྱིས་བདག་ལ་བཅོས་པའི་གཡར་དམ་དག་ཆུ་ཡི་ཝུ་བ་བཞིན་ཡལ་ཚེ། བདག་འཕོ་འགྱུར་འཕེལ་འགྲིབ་ཀྱི་རང་བཞིན་ཅན་འཁོར་བའི་གནས་འདིར་དུས་ཚོད་སྐར་ཆ་ཙམ་ལ་ཡང་གསོན་མི་འདོད་དེ། འགྲུབ་དུས་མེད་པའི་བྱ་བཞག་རྣམས་འུར་ཆའི་རྡོ་བཞིན་རྒྱང་དུ་དོར་ལ། ད་ལྟ་ཉིད་ནས་ཚེ་སྲོག་གི་གཟི་མདངས་ཉམས་ཤིང་སྤོབས་སེམས་ཀྱི་མེ་ཏོག་རྙིད་ནས། བདག་གིས་བདག་གི་ཡོད་ཚད་ཁྱེད་ཁོ་ནའི་འབྱུང་བར་རིམ་བཞིན་ཐིམ་པའི་ལས་བགྱིའོ། ། ལས་བགྱིས་ནས་ཀྱང་། ཁྱེད་ཀྱི་ས་གཞིར་གསེར་གྱི་རྡུལ་ཕྱེ་བཞིན་ཐོར་ལ། ཁྱེད་ཀྱི་མཚོ་མོར་ངང་བའི་ཞེན་ཆགས་བཞིན་བབས་ནས། ཁྱེད་ཀྱི་མེ་ལྕེར་སྲིན་བུའི་གཤོག་སྣེ་བཞིན་འཇུས་ཏེ། ཁྱེད་ཀྱི་རླུང་དབུགས་ལ་མེ་ཏོག་གི་དྲི་བསུང་བཞིན་འགྲོགས་འདོད། ཅེས་པའོ། ། སུ་ཞིག་གིས་ཚིག་དུམ་འདི་ཧ་ཅང་ཕལ་བ་ཞིག་རེད་སྙམ་ན་སྙམ་མཁན་ཁོར་སྙན་ངག་གི་ཕྲ་ཕུང་ཏོག་ཙམ་མི་འདུག་ཅེས་ཁོ་བས་ཚིག་ཐག་གཅད་ནས་བརྗོད་རྒྱུ་དང་། སུ་ཞིག་གིས་ཚིག་དུམ་འདི་ཤིན་ཏུ་རང་ག་བ་ཞིག་རེད་འདོད་ན་འདོད་མཁན་དེར་སྒྱུ་རྩལ་གྱི་སྤྲི་དཀར་སྲིད་ཙམ་མི་འདུག་ཅེས་བདག་གིས་ཁྱབ་མཐའ་བཀོད་ནས་སྨྲ་རྒྱུ། ཁོ་བོའི་སྐད་ཆ་འདི་དག་བརྒྱ་ལ་སྒེར་གཅོད་ཅིག་ཡིན་པའི་དབང་དུ་བཏང་ཡང་སེང་ལྡེང་ནགས་ཀྱི་འབུད་དབྱངས་འདིའི་དོན་དུ་ང་ལ་ཕངས་པ་སྤུ་ཙམ་མེད་ལ། ང་ཡི་བཤད་སྟངས་འདི་ཉིད་གལ་ཏེ་ཨུ་ཚུགས་ཤིག་ཡིན་པའི་ཁུལ་དུ་བྱོས་དང་རྩེད་ཆུའི་ཞབས་ཀྱི་ལས་སྐལ་འདིའི་ཕྱིར་དུ་ཁོ་བོར་ནོངས་པ་ཕྲན་ཙམ་ཡང་མེད་དོ། །
སྐབས་འདིའི་ཚངས་དབྱངས་རྒྱ་མཚོ་ནི་གྲུ་ཤན་རྟ་མགོ་མ་ཞིག་དང་འགྲོགས་པའི་སེར་མོ་པ་གཅིག་གམ་འགའ་ཡི་གདགས་གཞི་ཙམ་ག་ལ་ཡིན་ཏེ། ཕྱག་བཞི་ཕྱག་དྲུག་གི་རྣམ་པས་སྣང་བའི་ཐང་སྐུ་དང་པད་སྡོང་དང་རི་དྭགས་ཀྱི་པགས་པ་བཅས་ནི་ཐག་ཚད་འགའ་ཡི་རྗེས་སུ་བསྐྱུར་སོང་སྟེ། ཡང་ན་དེ་དག་ཀྱང་ཡིན་ཆོག་ལ་དེ་དག་མ་ཡིན་པའང་ཡིན་ཆོག་སྟེ། ཁྱོད་ཀྱི་མིག་ཞགས་ཀྱིས་འཐིབས་པའི་འཁོར་བའི་ལ་མོ་དང་། ཁོ་བོའི་ཕྱི་ཕྱག་གིས་བརྒྱངས་པའི་འཚོ་བའི་གོས་ཆེན་དང། ཁོང་གི་ཕེབས་སྒུག་གཉིས་ཀྱི་མ་ཡིག་ཁྲ་བོ་དང་། ཁོ་མོའི་ཐོབ་ཤོར་ཟུང་གི་ཉི་ཟླའི་སྨོན་ལམ་ཡོངས་རྫོགས་སྐབས་འདིར་ཚངས་དབྱངས་རྒྱ་མཚོ་གཅིག་པུར་བཀལ་ཡོད་པ་རེད། ངའི་འདི་བཞིན་བརྗོད་ནའང་ཆ་ཚང་བའི་སྡོམ་ཚིག་ནི་མ་ཡིན་ཏེ། ངེས་དོན་སྙན་ངག་པ་ཞིག་གི་བློ་ཁོག་ནི་སྤྱི་ལེ་འབུམ་ཕྲག་ལས་ཀྱང་རིང་ཞིང་གང་དེས་བརྩམས་གནང་བའི་ངེས་དོན་སྙན་ངག་དེ་ཡང་མིའི་རིགས་ཀྱི་གཞལ་བྱ་དང་གཞལ་བྱེད་ཅེས་པའི་རྡོ་ལེབ་སྔོ་རིལ་གཉིས་ལ་འཚིར་ཐབས་ཡོད་པ་ཞིག་མིན། འོན་ཏེ། སྲིད་པའི་རྡོ་རིང་ངོས་ཀྱི་གསེར་བྲིས་དག་ལ་ཤད་ཙམ་བལྟས་ན། སྙན་ངག་དམ་པ་རེ་རེ་ནི་དུས་རིང་བསྐལ་བའི་བར་དུ་ཆུ་དཀྱིལ་གྱི་ཕ་བོང་བཞིན་དུ་གནས་ཐུབ་དོན་ནི། གོང་གི་ཨ་ཅག་བདེ་སྒྲོལ་ལགས་ཀྱི་སྙན་ངག་ཚན་པ་དེ་དང་འདྲ་བར་མིའི་ནང་སེམས་ཀྱི་གྱང་ངོས་ལ་ཐད་ཀར་འཛེར་ཐུབ་པ་དང་། གང་དེས་འགྲོ་མིའི་བསམ་བློའི་འཇིག་རྟེན་ལ་དྲ་བ་དྲ་ཕྱེད་ཀྱི་བང་རིམ་བརྩིགས་ཤིང་། བང་རིམ་གྱི་དྲ་མིག་རེ་རེ་ནས་རྣམ་ཤེས་བསྒུལ་བའི་རོལ་མོ་གཏོང་ཞིང་། བང་རིམ་གྱི་སྐུད་རྡང་རེ་རེ་ནས་བླ་སྲོག་བཟི་བའི་ཆོ་འཕྲུལ་སྟོན་ཞིང་། བང་རིམ་གྱི་དཔྱང་སྒྲོམ་རེ་རེ་ནས་ཤེས་པ་ཚ་བའི་སེན་གཅུ་རྒྱག་པ་སྟེ། དེ་ཡི་ཕྱིར་ན། མ་གཞི་ནས་སྙན་ངག་ཡིན་པ་དང་བར་སྐབས་སྙན་ངག་ཏུ་བརྫུས་པ་གཉིས་ལ་ས་དང་གནམ་གྱི་བར་ཐག་ཡོད་ཅིང་མི་དང་ཟོག་གི་མཆོག་དམན་ལྡན་ཅེས་འཇིག་རྟེན་སྐྱེ་བོའི་གཏམ་ལ་གྲགས་སོ། །
བདག་ལ་མཚོན་ན་གོང་གི་ཚིག་དུམ་འདི་ཁོ་ནས་ཀྱང་དམྱལ་བ་ལྕགས་སྲེག་འབར་བའི་མེ་འོབས་ནས་ཆུ་གཙང་ཕོར་བ་གང་རྙེད་འདྲའི་སྤྲོ་དགའ་སྦྱིན་ཅིང་། ཁ་བསྲད་ཅིང་ལྕེ་གྱོང་བའི་སྣང་བ་དེ་ཡང་ངེས་ངེས་ཏག་ཏག་གིས་གར་སོང་རྗེས་མེད་དུ་གྱུར། དེའི་རྒྱུ་མཚན་ཡང་། ང་ཚོའི་ལེའུར་བཅད་ཅིང་བམ་པོར་བགོས་པའི་སྙན་ངག་གམ་དེ་དག་གི་ཁྲོད་ན་ཚིག་དུམ་འདིའི་ཚབ་མར་འོས་པ་ཡང་རབ་ཏུ་དཀོན་པས་ཡིན། ཨ་ཁ་ཁ། ཁྱེད་ཀྱིས་ད་དུང་ཡང་ཧྲིལ་པོ་ཞིག་མི་ཐོས་སམ། ཚིག་དུམ་འདིའི་ཁྲོད་དུ་སྒྲ་ལས་འདས་པའི་སྒྲ་ལ་སིལ་སིལ་སིང་སིང་གི་ཞིང་བཀོད་འབར་ཞིང་། དབྱངས་ལས་བརྒལ་བའི་དབྱངས་ལ་ཤང་ཤང་ཏིང་ཏིང་གི་སྡིངས་ཆ་གྲུབ་ཅིང་། གདངས་ལས་འཕགས་པའི་གདངས་ལ་ཀྱུར་ཀྱུར་འུར་འུར་གྱི་དཀྱིལ་འཁོར་སྣང་བ་སྟེ། ལྟོས་དང་། གསལ་བྱེད་ཀྱི་རྒྱབ་ནས་གཅིག་བུད་བྱུང་། དབྱངས་ཡིག་གི་འཁྲིས་ནས་གཉིས་ལངས་བྱུང་། དེ་དཔེ་མ་རེད། དེ་དོན་ཀྱང་མ་རེད། སྐད་ཆ་དེ་བས་ཀྱང་མ་རེད། མ་རེད། མ་རེད།
2010-8-22
ན་མཉམ་སྐོར་ཞིག་གིས་ཁོ་བོར་བཅད་རྩོམ་གསར་མའི་ལུགས་ཀྱི་སྙན་ངག་དཔེ་ཚོགས་ཤིག་གཙོ་སྒྲིག་བྱེད་པར་སྐུལ་མ་བཏང་བྱུང་བས་དང་། གཞན་འགའ་ཞིག་གིས་ཀྱང་ཁོ་བོར་བཅད་རྩོམ་གསར་མའི་ལུགས་ཀྱི་སྙན་ངག་གཞུང་ལུགས་ཤིག་བྱས་ན་འགྲིག་ཚུལ་ཡང་ཡང་བརྣན་བྱུང་བས་ཁོང་ཚོར་གཏམ་ལན་ཉུང་ངུ་བརྗོད་པའི་དགོས་པ་ཡོད་འདྲ།
འདི་ལྟ་སྟེ། བཅད་རྩོམ་གསར་མའམ་ཚིགས་བཅད་གསར་མའི་སྙན་ངག་འདིར་རྒྱུས་མངའ་རན་ཙམ་ཆགས་དགོས་ཚེ། ངེས་པར་དུ། ཚིགས་སུ་བཅད་པ་བྱིངས་ཀྱི་རྩ་བའི་ཁྱད་ཆོས་འགངས་ཆེན་ཁག་མ་ཤེས་ཐུ་མེད་ཡིན། དེ་ལ་རང་རེའི་དམངས་ཁྲོད་ཀྱི་གནའ་རྩོམ་མང་པོ་དང་རི་བོ་ཧི་མ་ལ་ཡའི་ཕར་རྒྱབ་ནས་ཐོན་པའི་ཆོས་ཀྱི་ཚིགས་སུ་བཅད་པ་དག་ངེས་དགོས་པ་སྨོས་མེད་རེད། (བློ་དང་ལྡན་པ་དག་གནའ་རྩོམ་ལ་འཇུག་པ་ནི་གང་དེར་ལད་བཟློ་བའི་ཕྱིར་དུ་མ་ཡིན་པར། རིག་གནས་ཀྱི་རྩ་བ་ཟིན་པ་དང་། སྲོལ་རྒྱུན་གྱི་རྨང་མཐིལ་གོ་བ་དང་། དེ་ལ་བརྟེན་ནས་སོ་སོའི་རྩལ་ནུས་སྨིན་པར་བྱེད་པ་དང་། དགོས་པ་དང་ལྡན་ཚེ་དེ་འབྲེལ་གྱི་གསར་བཏོད་རིགས་ཤིག་ཨེ་ཐུབ་བལྟ་བ་བཅས་ཀྱི་ཆེད་ཡིན་ནོ།) གནའ་རབས་དང་ཉེ་རབས་ཀྱི་བོད་ལ་ཆ་མཚོན་ན་ནི། བཀའ་བསྟན་བཅོས་དང་། རྒྱུད་མན་ངག ཆོས་རིག་གནས། སྒྲ་སྨན་རྩིས། གླུ་ལ་གཞས། སྒྲུང་གབ་ཚིག ཤགས་གཏམ་བརྗོད་སོགས་ཀྱིས་བསྙད་པའི་ཡི་གེའི་འདུ་བྱེད་ཅི་བས་མང་ནའང་། དེ་དག་གང་ཡང་གཞི་རྩའི་ཆ་ནས། བརྗོད་པར་བགྱིད་པའི་རྩོམ་ལུས་ནི་ཚིགས་སུ་བཅད་པ་ཏག་ཏག་ཡིན་པ་རེད། ལར་བོད་མིའི་ངག་སྒྲོས་ཙམ་ལ་ནི། བཅད་ལྷུག་སྤེལ་མ་གསུམ་ཆར་གྱི་ཞེས་རྫིག་རྫིག་འདྲ་བཤད་རྒྱུ་ཡོད་ཀྱང་། དོན་ལ་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་གོང་རོལ་དུ་ལྷུག་སྤེལ་གཉིས་ནི་མིང་གིས་མ་སྟོང་པ་ཙམ་དང་ཡང་ན་མིང་གིས་ཀྱང་སྟོང་ལ་ཁད་ཀྱི་ཚོད་ཡིན། སྤྱིར་ན་འཛམ་གླིང་སྒང་གི་མི་རིགས་གཞན་དག་ལའང་ཚིགས་སུ་བཅད་པའི་རྩོམ་སྟངས་འདི་ཡེ་ནས་དར་མ་མྱོང་བ་ཞིག་མིན་པར་མ་ཟད། ང་ཚོའི་ཤི་མིག་ཅེར་སའི་སྔར་གྱི་རྒྱ་གར་ལྟ་བུར་ཆ་མཚོན་ན་འདིའི་བསྟན་པ་དར་བ་ཧང་སང་བའི་ཚོད་དུ་སླེབས་མྱོང་ཡོད་ཀྱང་།
བདག་ཅག་ནང་བཞིན་དགོན་པའི་རྡོ་གཅལ་མན་ཆད་ནས་རྫི་བུའི་ཁ་ངག་ཡན་ཆད་དུ། གྲུབ་མཐའི་སྤྱི་ཆིངས་རྩོམ་པ་ནས་ཞལ་ལྕེའི་བར་འདུམ་མཛད་པའི་བར། ཞིབ་མོ་རྣམ་པར་འཐག་སྟངས་ནས་རགས་མོ་གནང་ཡིག་འབུལ་སྟངས་བར། ཡི་གེའི་བརྡ་དོན་འཆད་སྐབས་ནས་བཙས་སྟོན་གཤིན་ཆོག་བསྒྲུབ་སྐབས་བར་སོགས་སུ། མགུར་དུ་འཐེན་པ་མིན་ན་བཅད་དུ་བསྡེབས་པ་ཡིན་ཅིང་། སྒྲ་ཡིས་བསྒྲིགས་པ་མིན་ན་དབྱངས་ཀྱིས་གཏུབས་པ་ཡིན་པའི་ཚབས་ཆེ་བ་འདི་འདྲ་ཧ་ལམ་འཛམ་གླིང་གི་ཡུལ་གྲུ་གང་དུའང་དར་མྱོང་མེད་པ་འདྲ། དེའི་ཐད་མཁས་པ་རྣམས་ལ་བཞེད་པ་མི་འདྲ་བ་སྣ་ཚོགས་ཡོད་མོད། རྒྱལ་སྤྱིའི་སྒྲ་རྟགས་ཀྱི་ཨང་ལམ་ལ་བཞག་ནས་བལྟས་ཚེ། འགྲོ་བ་མིའི་རིགས་ཀྱི་གོག་བགྲོད་ནས་ཀེར་ལངས་དང་། ལག་བརྡ་བྱེད་པ་ནས་སྐད་འདོན་དབང་བོ་རྒྱས་པའི་བར་སོགས་དང་ཆ་བསྒྲིགས་རྒྱུ་ཡོད་པར་མ་ཟད། སྒང་བྲག་དང་གཟར་གཡང་། ཆུ་འདམ་དང་ཐང་སྤང་སོགས་ཀྱི་ཕྱི་རྐྱེན་ལའང་ཐོད་གཏུགས་ཏེ་བཤད་ཆོག་པ་ལས་གཞན། ང་ཚོའི་དབྱངས་གསལ་སུམ་ཅུའི་གང་ཞིག་ལའང་འབྲེལ་བ་ཏོག་ཙམ་མེད་ཅེས་སུ་ཞིག་བརྗོད་ཐུབ་བམ། ཡིན་ནའང་། འཕྲོས་དོན་འདི་སོགས་ནི་ད་ལན་གྱི་གླེང་བྱ་དངོས་མིན་པས་བཞག བརྒྱ་ལ། མཁས་རྒན་དག་གི་བཤད་སྲོལ་ལྟར། བོད་ལ་དར་བའི་རྩེ་མོ་ཞེས་པ་ཞིག་དངོས་གནས་ཡོད་པའི་དབང་དུ་བཏང་ནའང་། ཆོས་སོགས་གྲགས་ཆེ་ལ་ཁུངས་མི་བཙུན་པའི་ལྟ་སྤྱོད་དེ་དག་ཡེ་མ་ཡིན་པར། གང་དེའི་རྗོད་བྱེད་ཀྱི་ཚིགས་སུ་བཅད་པའི་རྩོམ་སྟངས་འདི་འབའ་ཞིག་རེད་ཅེས་ཁོ་བོས་སྨྲ།
སྔར་གྱི་ལོ་པཎ་རྣམས་ཀྱང་ཆོས་ལ་འདུན་ཞིང་རྩོམ་ལ་དད་ནའང་། བཀའ་ཡིས་གཅུན་ཞིང་ཁྲིམས་ཀྱིས་དེད་ནའང་། བཙན་པོར་ཞེད་ཅིང་གྲགས་པར་མཉེས་ནའང་། སྲིད་དུ་རིང་ལ་ཞེང་དུ་ཆེ་བའི་བསྟན་བཅོས་དེ་དག་ཅུང་ཆ་ཚང་དང་ཅུང་དག་པ་ཞིག་བསྒྱུར་བར་ཚིགས་སུ་བཅད་པ་འདི་འབའ་ཞིག་གི་མན་ངག་ལས་གཞན་མ་རྙེད་པ་རེད། ངས་འདི་ལྟར་བཤད་ཚེ་ཇོ་བོ་ལ་ལས་ལྷུག་སྤེལ་གྱི་བསྟན་བཅོས་རེ་ཟུང་ཙམ་བསྟན་ནས་ལམ་སང་འཛེར་རྒྱུ་ཡིན་ཟེར་ལས་ཆེ་མོད། བཅད་རྩོམ་བརྒྱ་ཆ་དགུ་བཅུའི་ཁྲོད་ན་ལྷུག་སྤེལ་གྱི་ཆ་རྟེན་འབྲེལ་ཙམ་ཞིག་ཡོད་པ་དེས་མི་རིགས་ཤིག་གི་རྩོམ་ལུས་ཀྱི་ཁེར་ཚུགས་གཞི་ནས་མཚོན་ཐབས་མེད་པ་ཡིན་པས། གནའ་རབས་དང་ཉེ་རབས་ཀྱི་བོད་ཀྱི་བྲིས་རྩོམ་དག་ནི་ཚད་ངེས་ཅན་ཞིག་ནས། ཡོངས་སུའམ་ཧྲིལ་གྱིས་བཅད་རྩོམ་འབའ་ཞིག་གི་སྲད་བུ་ལ་བརྒྱུས་ཡོད་ཅེས་བཤད་ནའང་ཐལ་མི་ཆེ་བར་སེམས།
ཡིན་ནའང་། འུ་ཚོར་གཞན་རིགས་ལྟར་རྩོམ་ལུས་རང་མཚན་ཅན་སོ་སོའི་ཁྱད་ཆོས་མ་ནོར་ངེས་ཐུབ་པའི་རིག་པའི་གཞུང་ལུགས་ཤིག་གཏན་ནས་བྱུང་མྱོང་མེད་ཁར། མི་མཛའ་བ་ཞིག་ལ་སྲོལ་རྒྱུན་གོ་བའི་ངོས་ཀྱི་སྙན་ངག་ཙམ་པོར་ཡང་འཇུག་པ་མི་འདྲ་བ་འགའ་ཙམ་ཆགས་ཡོད། སྐབས་རེར་སྒྱུ་རྩལ་རྩོམ་རིག་སྤྱིའི་གོ་དོན་ཡིན་ཁུལ་འདྲ་པོ་དང་། ལན་རེར་བཅད་ལྷུག་སྤེལ་མ་གསུམ་ཆར་གྱི་ནང་དོན་ཡོད་བཟོ་འདྲ་པོ་དང་། ཡང་མཚམས་རེར་མགུར་དང་ལེགས་བཤད་གཉིས་ཕུད་པའི་མེ་ལོང་མའི་ལུགས་རྐྱང་བར་ངོས་འཛིན་དགོས་རབས་དང་། བར་བར་ཁ་ཕྱིར་འཁོར་ནས་དེ་གཉིས་ཀྱང་འདུ་བའི་སྒྱུ་རྩལ་རྩོམ་ལུས་ཀྱི་བྱེ་བྲག་ཅིག་ལ་གོ་ཆོག་ཚུལ་སོགས་ཏེ། མདོར་ན་སུ་ཀུན་གྱིས་མཁས་མདོག་ཤེས་མདོག་ཁ་བོས་སྒྲ་ཡངས་དོག་དང་ཁྱབ་ཆེ་ཆུང་སོགས་ཀྱི་སྒྲོས་བཤད་མང་ཙམ་བྱས་ཡོད་རུང་། དུས་ད་ལྟའི་བར་དུ་རྩོམ་ལུས་མེད་པའི་རྩོམ་རིག་ཅིག་སྤེལ་ཁུལ་བྱས་ཏེ་འོངས་པ་ནི་སུ་ལའང་གསང་མི་ཚུགས་པའི་སྨིན་མཚམས་ཀྱི་འཁྱོག་མདུད་ཇི་བཞིན་ཡིན། དེའི་ཕྱིར་དཀའ་རྙོག་འདིས་སྡོད་དུ་མ་བཟོད་ནས་རྒྱ་ཡེ་བཀྲ་བྷོ་སོགས་ཀྱིས་ཀྱང་ཅི་ཞིག་གི<<ཚངས་པའི་ཚད་ཡིག>>སོགས་བཙན་གྱིས་བྲིས་ཏེ། སྙན་ངག་ནི་འདི་ཡིན་དགོས་ཞེས་མནའ་ཡིས་བསྒགས་ཅིང་། མགུར་མ་ནི་ཁོ་རེད་འདུག་ཅེས་ཐེལ་གྱིས་བརྣན་ཏེ་གང་ཞིག་གྲུབ་ཟིན་ཁུལ་གྱིས་དགའ་སོང་ཡོད་ནའང་། ཕྱི་རོལ་ཡུལ་གྱི་ཚུར་སྣང་ཞིག་དང་ནང་རོལ་ཡུལ་ཅན་གྱི་མྱོང་རྟོག་ཅིག་ཡིན་སྐད་ཀྱི་རྩོམ་རིག་ཅེས་པ་ནི། ཐོག་མའི་བླ་ཚེ་སྨིན་ཞིང་མཐའ་མའི་ཉིང་ལག་གྱེས་ཚུལ་གང་གི་ཆ་ལ་བསམས་རུང་། ཡུལ་དུས་རྐྱེན་གསུམ་གྱི་འཕེལ་རིམ་ལ་བརྟེན་ནས་ག་ལེ་ག་ལེར་ཚུགས་ཐུབ་པའི་རྩོམ་ལུས་རེ་རེར་འགྱུར་འགྲོ་བ་ཞིག་ལས། མཁས་གྲགས་དང་སྡོམ་ཚིག་ཕྲན་བུ་འགའི་རྗེས་སུ་འགྲོ་ལྡོག་བྱེད་པ་ཞིག་གཞར་ཡང་མིན་པ་འདྲ།
དེས་ན་སྐབས་འདི་ཤེད་ཅིག་ལ། ང་ཚོས་གང་ཞིག་ནས་གློ་བུར་བཅད་རྩོམ་གསར་མའི་ལུགས་ཀྱི་སྙན་ངག་ཅེས་པ་ཞིག་ཁུར་འོང་ན། ཆང་བཟིའི་སྟེང་ལ་སྦྲིད་སྨན་བརྒྱབ་པ་བཞིན་དུ་མི་ཚང་མའི་ཁ་ངོ་སྐྱ་ཐིབ་བེར་འགྲོ་ཡང་སྲིད་མོད། ཞིབ་བུར་བསམ་ན་དེ་ཙམ་རང་མི་སྐྱོན་ཏེ། ཉེ་བའི་མི་ལོ་གཅིག་གཉིས་ཀྱི་རིང་འདིར་འུ་ཚོའི་བཅད་རྩོམ་གསར་མའི་ལུགས་ཀྱི་སྙན་ངག་གི་འབྲི་སྲོལ་ལ་ལྟོས་བཅོས་ཀྱིས་འཕུར་མཆོང་གསར་པ་དང་མཚོན་སྟངས་ཕྱིན་ཅི་ལོག་གྲུབ་ཚར་ཡོད་ཅིང་། དུས་ཡུན་ཤུན་ཏུ་ཐུང་བ་ལ་ལྟོས་མ་དགོས་པར། འབྲི་སྲོལ་འདིའི་ཤུགས་རྐྱེན་དང་མཉམ་འུར་ནི་ཏག་ཏག་བློ་ཡུལ་ནས་འགོངས་པ་ཞིག་རེད། མཐའ་གང་ནས་བསམ་རུང་འབྲི་སྲོལ་འདིས་ཀྱང་ང་ཚོའི་སེམས་ཁོང་གི་ས་ཞིང་གང་ཞིག་ལ་དགོས་ངེས་ཀྱི་སོ་ནམ་བྱེད་ཐུབ་པར་གཏན་དུ་ཡིད་གཉིས་མ་དགོས་ལ། ཕྱིར་ཞིང་བག་ཆགས་གང་ཞིག་གི་རྟོགས་པ་རྩ་བ་ནས་སྨིན་པ་ལའང་འདི་ལས་ནུས་སྟོབས་ཆེ་བ་དང་ས་ཆོད་མངའ་བ་མང་པོ་མི་འདུག་ཐལ། དེ་བས། ང་ཚོ་གཞོན་རབས་སྐོར་ཞིག་གིས་གནད་དང་དགོས་པ་དུ་མར་དམིགས་ཏེ་འབྲི་སྟངས་འདིའི་ཚབ་བྱེད་དུ་རུང་བའི་རྩོམ་མཁན་འགའ་ཞིག་ལ་རྨང་བཅོས་ཤིང་། དེའི་ཁར་ལས་འདིར་དུངས་ཤིང་སྤྲོ་བ་ཡོད་པའི་སྨྱུག་ཐོགས་འགའ་ཞིག་གིས་ཟུར་བརྒྱན་ཏེ། ཆེས་ཐོག་མའི་དཔེ་ཚོགས་ཤིག་དག་ཞིབ་འདེམས་སྒྲིག་བརྒྱབ་ནའང་འགྲིག་དང་འགྲིག་སྙམ་ལ། བཅད་རྩོམ་གསར་མའི་ལུགས་ཀྱི་སྙན་ངག་འདི་དག་ནི། གནའ་དུས་ཀྱི་ཕོ་ཉ་བཏང་བྱུང་ཚ་པོ་ཅན་དག་ལས་རིང་དུ་ཕྱིན་ཡོད་པ་སྨོས་མ་དགོས་ལ། སྐབས་ཤིག་གི་ཐུབ་པའི་འཁྲུངས་རབས་ཕྱག་བརྩེགས་མ་དག་ལས་ཀྱང་ལྟག་སྤྲོད་དུ་ལངས་ཡོད་པ་ཁོ་ཐག་ཡིན། རྩོམ་སྲོལ་འདིའི་ཁྱད་ཆོས་གཙོ་བོ་ཞིག་ནི་སྙན་ངག་གཅིག་གིས་འབོལ་རྩོམ་ཧྲིལ་པོ་རེ་སྟོན་ཐུབ་པའི་གཏན་ཚིགས་རང་བཞིན་དང་། ཚོར་དྲག་གཅིག་གིས་གཏམ་རྒྱུད་ཁ་ཚང་རེ་འཆད་ནུས་པའི་བརྙན་འགོད་རང་བཞིན། ད་དུང་དུས་སྐབས་རེ་རེའི་གང་ཟག་སོ་སོའི་འགྲོ་སྡོད་འཆག་ཉལ་གྱི་འཁོར་བཟླས་དང་། འགྲོ་བ་མིའི་ཚེ་སྲོག་གི་མ་གཞིའི་འདུན་པ་དང་རྣམ་ཤེས་ཀྱི་གསང་ལྐོག་ལ་སོགས་ཀྱང་སྐྱེ་བོ་སྒེར་གྱི་སྐད་ཆས་ཅུང་དཔེ་མཚོན་རང་བཞིན་དུ་སྟོན་པར་བྱེད་པ་ཞིག་ཡིན།
འོན་ཀྱང་། ང་རང་ཚོ་ནི་གསར་དུ་ལམ་ལ་ཞུགས་མ་ཐག་པའི་སྟ་གོན་གྱི་སྒང་ན་འགྲོ་བཞིན་ཡོད་པས། གང་འདི་ལ་རིང་ལུགས་དང་གྲུབ་མཐའ་སོགས་ཀྱི་མིང་གིས་འབོད་དགོས་མིན་ནི་ད་དུང་སྔ་ཚོད་དུ་བསམས་ཡོད་ཅིང་། རབས་འདིའི་རྩོམ་མཁན་མང་ཞིག་ལ་སྦྱངས་པ་སྔོན་དུ་མ་སོང་བའི་ལད་རྟགས་དང་། སྒྱུ་རྩལ་ལ་འཇུག་སྟངས་མ་འགྲིག་པའི་གོལ་ས། བརྩམས་ཆོས་ལ་རང་ཁྱད་མ་བུད་པའི་སྡུག་ཞད་སོགས་ཅི་བས་ཐུ་ཆེ་ནའང། ཤུན་ཏུ་རྩད་གཏུགས་ཀྱིས་བཤད་ཚེ། ང་རང་ཚོས་བྲིས་དང་བྲི་འགྱུར་ཁྲོད་དུ་བཅད་རྩོམ་གསར་མའི་ལུགས་ཀྱི་ས་རྟགས་རྡོ་རིང་ལྟ་བུ་རེ་བྱུང་ཡོད་པའམ་འབྱུང་ངེས་པར་ནི་རྦད་དེ་ཆོད་སེམས་ཀྱིས་བརྟས་ཡོད་དོ། ། གཞན་ཡང་རྩོམ་སྲོལ་འདིའི་དབྱེ་བསྡུའི་དབང་དུ་བྱས་ན། སྙན་ངག་ཡིན་མིན་གྱི་མུ་བཞི་སོགས་བརྩི་རུ་ཡོད་ཅིང་། (བཅད་རྩོམ་རྙིང་པ་དང་བཅད་རྩོམ་རྙིང་པའི་སྙན་ངག་གཉིས་ལ་ཁྱད་པར་ཡོད་པ་ལས་གཞན། བཅད་རྩོམ་གསར་མ་དང་བཅད་རྩོམ་གསར་མའི་སྙན་ངག་གཉིས་ཀྱང་ཁ་ཁ་སོ་སོ་ཡིན་པ་རེད། གསར་མིན་རྙིང་མིན་གྱི་ཕུང་གསུམ་འབྲི་མཁན་ཚོ་ནི་དྲ་སྟེང་དང་ཤོག་ཐོག་གཉི་ག་ན་ཁ་དར་ཡོད་པས་གོ་སླ།) སྙན་ངག་ཁོ་ནའི་དབང་དུ་བྱས་ཀྱང། ཚོར་རྟོག་རྒྱ་ཡན་དང་། གཏན་ཚིགས་སྣང་བ་དང་། ཐོལ་བྲིས་ཤར་མ་སོགས་ཀྱི་རིགས་དབྱེ་རིམ་པར་དགར་ཆོག་པ་དང་། གཞུང་གི་ཡན་ལག་ཏུ་འགྲོ་བའི་ལུས་ཀྱི་རང་བཙན་དང་གཅོད་ཀྱི་དམ་ལྷོད་དང་འགྱུར་གྱི་འཕྱོ་འཇགས་སོགས་ཀྱང་མཚན་ཉིད་སོ་སོ་མ་ནོར་ཐ་དད་དུ་འཇོག་རྒྱུ་ཡོད་ཁར། སྙན་ངག་གི་ཆེས་མཐོའི་བརྡ་སྤྲོད་ནས་ལབ་བརྒྱབ་ནའང་། ཚོགས་གསུམ་དབྱེར་མེད་ཐིམ་པའི་དུས་དང་ཡིད་ཡུལ་དབྱིངས་སུ་དག་པའི་སྐབས་སོགས་དངོས་སུ་མཆིས་པར་མ་ཟད། སྙན་ངག་གིས་གཟིར་བ་དང་སྙན་ངག་གིས་ངུ་བ་སོགས་ཀྱི་ལམ་གྱི་རིམ་རིང་མོའང་ཚང་སྟེ་གདའོ་སྙམ། དེ་ལྟ་ནའང། རྩོམ་ལུས་རང་མཚན་པ་ཞིག་གི་དབྱིབས་སྒྲོམ་འཇོག་པ་ནི་དེ་ལྟའི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ། གང་དེའི་བྱུང་འཕེལ་གྱི་རྒྱབ་ལྗོངས་གསལ་པོ་ཞིག་དགྲམ་དགོས་པ་གཞིར་བཞག་གི་སྟེང་། དེ་ཡི་བསམ་བློའི་འཕེལ་རིམ་དང་སྒྱུ་རྩལ་གྱི་ཁྱད་ཆོས། དེ་དང་ལོགས་འབྲེལ་ཀྱི་རིག་གནས་བརྡ་སྐད་དང་དུས་རབས་དགོངས་པ་སོགས་ཀྱི་མཐའ་ཟུར་མ་ལུས་ཀྱང་ལེབ་བྱིངས་ཀྱིས་ནོན་པར་བྱེད་དགོས་པ་ཞིག་ཡིན་སྣང་། ཡིན་ཡང་གནས་སྐབས་སུ་ང་ཚོར་བཅད་རྩོམ་གསར་མའི་སྙན་ངག་གི་མཚན་ཉིད་འཐད་ལྡན་ཚང་བའི་བརྩམས་ཆོས་ཤིན་ཏུ་ཉུང་བ་དང་། དེ་བས་ཀྱང་བརྩམ་བྱ་དག་ལ་སོ་སོའི་ཕྲ་ཕུང་གི་གཏིང་རིམ་ནས་འདྲེས་ཐུབ་ཡོད་པའི་རྩོམ་མཁན་བགྲང་དཀའ་ཚོད་ཡིན། སྐོར་ཞིག་གི་དེ་ནི། སྒིས་སྟེང་ཚང་སོགས་ཀྱི་སྟ་ཟུར་ལ་དམངས་གཞས་ཀྱི་ཁ་མཆུ་ཙམ་བཞག་པ་ཡིན་པས་ཡུན་རིང་དགའ་བསུ་ཨེ་འཐོབ་ཟེར་ཁག་ཅིང་། ལ་ལ་ཞིག་གི་ནི། གཞན་ནས་བཤུས་ཏེ་གཞན་དུ་འགོད་པའི་ངང་ཚུལ་མ་འདས་པས་ཁྱོན་ནས་ཡིན་རྟོན་ཕེར་མི་ཐུབ་ཅིང་། མང་ཆེར་གྱི་བཅད་རྩོམ་ནི། མེ་ལོང་མའི་གཞུང་ཡམས(སྤྱིར་མེ་ལོང་མ་སོགས་ལ་ཞིབ་ཀྱིས་འཇུག་པ་ནི་ལོས་ཀྱང་འགྲིག་མོད། སོ་སོ་དེ་ལས་འགོངས་མ་ཐུབ་ཚེ་ཡི་མུག་པའི་རྒྱུ་ལས་ཅི།)ལས་འབུས་པ་ཤ་སྟག་རེད་པས་རྩོམ་སྟངས་གསར་མའི་ར་བ་འདི་ལ་ཅི་བས་ཀྱང་མི་མཛེས་པ་ཡིན།
སྔར་ཁོ་བོས་དཔལ་སྤྲུལ་ལགས་ཀྱི་བཅད་རྩོམ་སྐོར་ཞིག་འོས་སྦྱོར་བྱས་པ་ལ། “ཀླད་གསོབ”མང་པོས་གོ་བ་ལྡོག་ནས་བླངས་སོང་ཞིང་། འཕྲོར་མཐུད་ནས་གནའ་རྩོམ་མང་པོ་རང་གི་ཡིན་ཁུལ་གྱིས་ཆོས་གླུ་མང་པོ་འཐེན་སོང་། ད་ཆ་སྔར་བས་ཀྱང་སྐད་མཐོར་འཐེན་བཞིན་པའི་སྒང་རེད། འགའ་ཞིག་དེ་ལས་ཀྱང་འཆོལ་སོང་། ཆོས་ཀྱི་མིང་བརྡ་ཐུན་ཐུན་རེ་མཉམ་དུ་བཞག་སྟེ་ཅི་ཞིག་བྲིས་སོང་སྙམ་བཞིན་ཡོད་པས་གཏིང་དགོད་འཆོར། འབྲི་ཐབས་འདིར་ཅུང་རྒྱུས་མངའ་ཡོད་མཁན་ཞིག་གིས་བལྟས་ཚེ་དེ་དང་དེ་སོགས་ནི་བཅད་རྩོམ་རྙིང་པར་མཚན་བྱང་གསར་པ་བཏགས་པ་ཙམ་ལས་མ་འདས། ཡང་ན་མེས་པོའི་གོ་སྟོབས་རང་གི་ཡིན་ཁུལ་གྱིས་ཤེས་རྫུ་བཏབ་པ་ཙམ་ལས་ཅི་ཡོད། ཞིབ་ཏུ་བརྟགས་ན། རྗེ་ཤར་གདོང་རིན་པོ་ཆེས་འཇུ་མི་ཕམ་ལ་ཆོམ་པོ་བྱས་པ་དང་ཁྱད་པར་ཏོག་ཙམ་མེད། དེའི་ཕྱིར་ན། འདི་དག་ནི་བཅད་རྩོམ་གསར་མ་ལ་ཕྱོགས་ཙམ་ཡང་མི་ཉེ་བའི་ཁར། རྩོམ་ལུས་འདི་དར་ཞིང་འཕེལ་བའི་གོ་རིམ་དུ་རྐུན་མ་འཛིན་མ་དང་རྐུན་རྫས་རྙེད་པ་དང་རྐུན་མཚང་འདྲུ་བ་སོགས་ཀྱི་ལས་ཀ་བསྒྲུབ་རྒྱུ་ཡོད་པའང་ཐག་གིས་བཅད་བཞག་པ་རེད། དྲ་སྟེགས་ཀྱི་ཁོ་བོའི་སྙན་ངག་དག་ལ་ཅིག་ལྟོས་དང་། ལ་ལས་ཇི་བཞིན་དུ་བརྐུས་ཏེ་དཔའ་མིང་ལེན། ལ་ལས་ཅུང་ཙམ་བསྒྱུར་ཏེ་འཇོན་མདོག་སྟོན། ལ་ལས་མགོ་མཇུག་བརྗེས་ཁུལ་གྱིས་རྩོམ་རར་ཁུར་ཏེ་འགྲོ། མཐའ་ན། <<རྟུལ་ཕོད>>རང་དགག་བྱེད་ལའང<<རྟུལ་ཕོད>>རང་གི་རྩོམ་ལས་སྐྱབས་རེ་ས་རྙེད་ཀྱིན་མེད་པས་དངོས་གནས་ཆོ་མེད་ཅེས་པ་རེད་ཨང་། ཧི་གཟུགས་ཟིན་བྲིས་སྟེང་འོད་སྣང་ཞེས་པ་ཞིག་གིས་བདག་གི་བཅད་རྩོམ<<སྟོང་པ་ཉིད་ཀྱི་བསྟན་བཅོས>>དང<<ཀུན་ལ་ཁྱབ་པའི་སྣང་སྟོང>>གཉིས་ལ་ལད་མོ་བྱས་ཏེ་མིག་རྫོད་བྱས་པའི་དམེ་བཙོག་ལ་སོམས་དང་། མགོ་མི་ནའམ། ཡིད་མི་ཆད་དམ། ཇེ་བཙོག་ཏུ་བཏང་སྟེ་བཤད་ན། འདི་ནའང“རྣམ་སྲས” ཚོགས་པ་ཞིག་གིས་བཞུགས་སྒར་བརྒྱབ་སྟེ་ཡུན་རིང་ཕྱིན་ཡོད་པས། དེ་ཚོས་ང་ཡི་རྩོམ་ཡིག་དག་གི་གདངས་མངོན་སུམ་ཕྲོགས་སོང་། ཚིག་ཁ་རོག་ཁྱེར་སོང་། ལག་སྙོབས་བྱས་སོང་། མཛུབ་མོ་བསྲིངས་སོང་། བརླ་ཤ་བཅད་སོང་། ནང་བཞག་བྲུས་སོང་། རྩོམ་རྐུན་དེ་ཚོས་ང་ལ་བློ་མ་དྲིས་པར་ངའི་ཟིན་བྲིས་ནང་གི་ལྷ་རྟ་བཞོན་སོང་། རྩོམ་རྐུན་དེ་ཚོས་ང་ལ་འཐད་མ་ཞུས་པར་ངའི་དཔེ་དེབ་ནང་གི་སྲུང་གཡག་བཤས་སོང་། དེས་ན། ཁོང་དང་ཁོང་ཅག་གི་རྐུན་རྫས་དག་ལ་བཅད་རྩོམ་གསར་མ་ཞེས་པའི་མིང་འདོགས་བྱེད་པ་ནི་ཡ་རེ་ཆ། ཁྱུག་ཙམ་ལོང་ཡོད་དུས་ཤིག་ལ་རེ་རེ་བཞིན་དུ་རྐུན་མཚང་ངོ་སྤྲད་དེ་དྲག་ལས་ཅུང་ཙམ་བྱེད་པའི་འཆར་གཞི་ཡོད་ཀྱང་ད་རེས་མིན། (གསར་ཞུགས་ཟིན་བྲིས་པ་བློ་མིག་གིས་ཁོ་བོའི་སྙན་ངག<<ཤིང་དུམ་ཞིག་དགག་པ>>ཞེས་པར་དཔེར་མཛད་ཏེ་ཡི་གེའི་ཐིགས་ཕྲེང་འགའ་སྤེལ་སོང་བས། མི་ལ་ལས་དེ་མཐོང་བ་ན་མཛོ་མོས་ཁྱི་རིག་པ་དང་ཞི་མིས་བྲ་བ་མཐོང་བ་བཞིན་དུ། ཁོ་པར་སྡིགས་ཅིང་དམོད་ཅིང་བརྙས་ཀྱིན་པའི་ཕན་དུ། མི་ཡི་སྣ་རྫོད་ཡིན་ཚུལ། རིག་པའི་ཁྱིམ་ཕྱགས་ཡིན་ཚུལ། སྐད་ཆའི་རྐང་རུལ་ཡིན་སོགས་གང་འདོད་འདོད་ཅིག་འཛེར་བར་བྱས་ཡོད་མོད། ཁོ་བོས་སྙམ་ན་བློ་མིག་གིས་དེ་ལྟར་བྲིས་པ་ནི་རྐུ་ཡི་གྲོས་སུ་མི་འགྲོ་ལ་བཅོམ་གྱི་མིང་འདོགས་ཀྱང་བྱེད་སྲོལ་མེད་སྙམ། རྒྱུ་མཚན་ནི། ཁོ་པས་བསམ་བཞིན་དུའམ་ཇི་མ་ཇི་བཞིན་དུ་རང་ཉིད་དགའ་བོ་ཡོད་པའི་བྲིས་རྩོམ་ཞིག་ཐད་ཀར་ཁྱེར་བའམ། ཡང་ན་སོ་སོས་བཤད་འདོད་ཀྱང་བཤད་མི་ཤེས་པའི་སྐད་ཆ་འགར་གྲོགས་པོ་ཚང་ལས་ཕྱི་ཐུམ་ཡག་ས་ཞིག་བླངས་སོང་བ་ཙམ་རེད། དེ་འདྲ་དེ་ནི་སྔོན་གྱི་ས་རྙིང་བཀའ་དགེ་ཡི་མཁས་ཆེན་དག་གིས་ཀྱང་ཕྱག་ལེན་ཚད་ལྡན་མ་ཞིག་བརྩིས་བཞག་པས། བློ་མིག་ལ་ནི་ཅི་ཞིག་གི་ཁག་ཡོད་དམ། བརྒྱ་ལ་ལན་པ་དང་ངན་ཁག་ཡོད་པའི་དབང་དུ་བཏང་རུང་། སློབ་དཔོན་ཆེན་མོ་ཤར་གདོང་ལགས་སོགས་ཀྱི་ཉེས་པ་དང་གཅིག་པ་རྐྱང་རེད་ཨང་། གང་ལྟར་མཐོང་བ་ཙམ་གྱིས་ངོས་ཟིན་ཐུབ་པའི་གཞན་རྩོམ་ཧྲིལ་འཁྱེར་གྱི་བྱེད་སྟངས་འདིས། ཁོ་ཚོ་རང་ལ་ཅུང་གནོད་ལས་ཆེ་ནའང་ང་དང་ང་ཡི་བྲིས་རྩོམ་གྱི་སྣང་བ་དེར་མི་འགྲིག་པ་གང་ཡང་བཟོས་ཡོད་པ་མ་རེད། ཡང་གཅིག་བཤད་ན་ཁོ་རང་གིས་རྒྱུན་པར་བདག་ལ་དེ་ལུགས་ཀྱི་གནང་ཞུ་དང་གྲོས་ཁ་བསྡུར་གྱིན་ཡོད་པས་འདི་ནས་བློ་མིག་ལ་གུ་ཡངས་ཐེངས་གཅིག་བྱིན་པ་ཡིན་ཞེས་ཁ་གསལ་བ་ཡིན་ནོ། ) འདི་ཡིའི་ཕྱིར་ན། ཁང་པ་མ་བརྒྱབ་སྔོན་ལ་རྒྱན་བཟོ་མི་བྱེད་པ་ནི་སུས་ཀྱང་ཧ་གོ་བའི་གནས་ལུགས་ཡིན་པས་མང་པོ་ལབ་དགོས་དོན་མི་འདུག་སྙམ་ཞིང་། ཁོ་བོས་རྟག་ཏུ་ཁྱོད་ཚོར་གཞུང་ལུགས་བྲི་རྒྱུ་ནི་ད་དུང་རྗེས་ཀྱི་དོན་དག་ཅིག་རེད་ཟེར་དོན་ཀྱང་གནད་འདིས་ཡིན།
ཅུང་ནན་ཏུར་དུ་བརྣན་དགོས་པ་ནི། ལུགས་འདི་ལའང་ཚིག་དོན་དབྱངས་གསུམ་གྱི་རང་ཁྱད་ཐོན་རྒྱུ་ཤིན་ཏུ་རྩ་ཆེ་བར་མ་ཟད། ཚིག་ནི་རྟེན་འབྲེལ་ཙམ་དང་བཅད་ནི་ཐབས་ལམ་ཙམ་ཡིན་པའང་ཁོང་དུ་ཆུད་དགོས་ཤིང་། སྙན་ངག་གི་རྣམ་འགྱུར་ཞེས་པ་ནི་མཐར་གཏུགས་ན་ཤེས་རབ་ཀྱི་རྣམ་འགྱུར་ཞིག་དང་། སྙན་ངག་གི་བདེན་པ་ཞེས་པ་ནི་མཐར་གཏུགས་ན་ཚེ་བླ་སྲོག་གསུམ་གྱི་འདུ་འཕྲད་ལས་བྱུང་བའི་སྐད་ཅིག་མ་ཅིག་གི་ཨ་ཚ་ཚ་ཞིག་ཡིན་དགོས་པ་དེའོ། ། དེའི་ཕྱིར་ང་ཚོ་བཅད་རྩོམ་གསར་མའི་སྙན་ངག་འབྲི་མཁན་དག་ན་ཆ་མཚོན་ན་ནི། ཚད་ལྡན་གྱི་སྙན་ངག་ཇི་འདྲ་ཞིག་ཕྲིས་ན་ཚད་ལྡན་གྱི་གཞུང་ལུགས་དེ་འདྲ་ཞིག་འབྱུང་བའང་ཆོས་ཉིད་ཀྱི་བདེན་པ་ཡིན་སྟབས། སྙན་ངག་མ་ཐོན་སྔོན་ལ་གཞུང་ལུགས་ཐོན་དགོས་པར་འདོད་པའི་ལུགས་ལྡོག་གི་སེམས་གཤིས་དེ་ལ་བག་ཙམ་འགྲིག་མེད་པར་སྣང་ངོ་།།
2010.6.2
<<འདོད་པའི་བསྟན་བཅོས>>འཚོལ་བ།
འགྲོ་མིའི་ལོ་རྒྱུས་ནི་འདོད་པ་རྐྱང་པའི་ལོ་རྒྱུས་རེད་བརྗོད་ན་ཟུར་མ་ཕྱིན་པའི་སྐད་ཆ་ཡིན། དེ་ལྟ་ནའང་། ཕོ་མོའི་འདུ་སྦྱོར་དང་ཁ་བྲལ་བ་ཡིན་ཚེ། འཁོར་བའི་ཆུ་ཀླུང་རིང་མོ་ད་ལྟ་ཉིད་དུ་ཟད་འགྲོ་ཞིང་། དེ་དང་མུ་རྒྱུན་མ་ལག་གཅིག་པའི་སྲིད་པའི་འཇའ་རིས་སྣ་རྒུ་སྐད་ཅིག་གཅིག་གིས་ཡལ་འགྲོ་བ་སུ་ཞིག་མི་ཤེས། གནས་ལུགས་དེ་ལྟར་ཡིན་ཅིང་རྒྱུ་མཚན་དེ་ལ་ཡོད་པ་ནི། སྔོན་ཐོན་མི་རིགས་དག་གི་དཔེ་སྐྲུན་ལོ་རྒྱུས་ལ་ཤད་ཙམ་བལྟ་བའམ། དཔལ་ཡོན་རྒྱལ་ཁབ་དག་གི་རིག་གནས་དེབ་ཐེར་ལ་འཁྱུག་ཙམ་བརྟག་པས་ཀྱང་ཧ་གོ་བར་འགྱུར།
ཁོ་པ་ཚོས་ཆེས་དམིགས་བསལ་ཅན་གྱི་སློབ་མའི་སྦྱངས་དེབ་ལྟ་བུ་ཟུར་དུ་ཕྱེས་པའི་སྟེང་། འདོད་པའི་གཞུང་ལུགས་ཀྱི་དཔེ་ཆ་དང་། འདོད་པའི་གཞུང་ལུགས་ཀྱི་བརྙན་མཛོད། འདོད་པའི་གཞུང་ལུགས་ཀྱི་རི་མོ། འདོད་པའི་གཞུང་ལུགས་ཀྱི་མན་ངག་ལ་སོགས་ཚད་ལྡན་འོས་མཐུན་གྱི་ལམ་ནས་དཔར་སྐྲུན་བྱས་ཡོད་ཅིང་། ཁྲིམས་ལུགས་ཀྱི་ཁག་ཐེག་དང་དགོས་ངེས་ཀྱི་དེབ་རྟགས་བཀོད་པ་བགྲང་བས་མི་ཚར་ཙམ་ཡོད་པ་རེད། དེའང་ལོས་ཡིན་ཏེ། དགེ་ཆོས་རིན་པོ་ཆེའི་ཞལ་ནས། དགོན་པའི་ནགས་སུ་བཞུགས་པའི་དགེ་སློང་རྣམས་ཀྱིས་ནི། འདི་ཡི་རིན་ཐང་གི་ཆེ་ཆུང་སོགས་གཏན་ནས་མི་མཁྱེན་པ་རེད་མོད། འོ་ན་ཡང་། དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་ཞེས་མཚར་མཚར་བྱེད་པ་གང་ཞིག དྲང་བོར་བཤད་ན་ཐོབ་པའི་རྟེན་འབྲེལ་དང་པོ་འདི་འབའ་ཞིག་ནས་འགྲིག་པ་ཡིན་ཞེས་སྔར་ནས་གསུངས་ཟིན་པ་བཞིན་ནོ། །
ཡིན་ནའང་། འུ་ཅག་བོད་ཀྱི་དཔེ་སྐྲུན་མཁན་པོ་དང་དཔེ་སྐྲུན་སྡེ་ཁག་སོགས་ལ་ཅིས་མ་ཉན་པ་སུས་ཤེས། ཉི་མ་དེ་རིང་བར་དུ་དགེ་ཆོས་མཆོག་གི<<འདོད་པའི་བསྟན་བཅོས>>གང་དེ། རྩ་བ་ནསCIPདཔེ་ཐོའི་གྲས་སུ་འཇུག་མ་ཕོད་པ་བསྐྱུར་ཞོག་དང་། མཐའ་ན་དགེ་ཆོས་རང་གི་གསུང་རྩོམ་ཁྲོད་ཀྱང་ཡུལ་ཕུད་རྒྱང་སྤྱུག་བྱས་ཟིན་པ་རེད་དེ། རྒྱབ་ཤ་རན་ཙམ་ཡོད་པའི་དུས་དེབ་འཆལ་བོ་དག་གི་བསོད་ནམས་ཕྲན་བུ་དེ་ཡང་མ་ལྡན་ཁར། ཟི་ལིང་བོད་མིའི་ཁྲོམ་གྱི་དཀར་སེར་དམར་ལྗང་གི་ཤོག་འབུམ་མང་པོའི་ཁྲོད་དུ་ནག་ཉེས(ང་ཚོས་ཁྲིམས་ལུགས་ཤེས་པའི་ཚད་ཀྱང་དེ་ཙམ་རེད་ལ་ང་ཚོ་ཁྲིམས་རྨོངས་ཡིན་པའི་ངོས་ཀྱང་དེ་འདྲ་རེད། )ཤིག་ཡིན་ཡིན་ལྟར་དུ་སྦས་སྐུང་བྱས་ཏེ་ཡོད་པ་རེད། གོ་ཚོད་ལ། ཉེ་ལམ་སི་ཁྲོན་དཔེ་སྐྲུན་ཚོགས་པས་བསྐྱར་དུ་བསྐྲུན་པའི་དགེ་ཆོས་གསུང་འབུམ་ཞེས་པའི་དེབ་རྒན་གཟུགས་རིང་མ་དེར་ཡང<<འདོད་པའི་བསྟན་བཅོས>>ཀྱི་དྲི་མ་ཙམ་ཡང་མི་བྲོ་སྐད།
འདི་ནི་དུས་རབས་ཉེར་གཅིག་པར་བོད་ཀྱི་ཤེས་ཡོན་པའི་སྡེ་ནས་འདོད་པ་ལ་བཟུང་བའི་རྣམ་འགྱུར་དང་། དགེ་ཆོས་ལ་བཅར་བའི་ཉེ་ཚད་དང་། ཆོས་ཉིད་ལ་དཔྱོད་པའི་ལྟ་སྟངས་བཅས་ཡིན་ན། ཡིད་སྐྱོ་ཞིང་ཞེ་སྡུག་པ་ལ་ཨང་། ཁོག་ན་ཞིང་སྙིང་གཟེར་བ་ལ་ཨང་།
2010-8-15
____ཡང་ན་ར་བཟི་པ་ཞིག་ལ་གཡོལ་དུས།
ང་རང་སེམས་ཕྲ་མོའི་འོད་འཁྱིམས་ཏེ། །
མཚན་མུན་པ་མཐོང་ན་དགའ་སྣང་མེད། །
ལ་གོར་དུ་བུད་འགྲོ་བདེ་བར་གྱིས།
རྒྱང་རིང་དུ་བྲོས་འགྲོ་སྤྲོ་བར་གྱིས། །
གཏམ་རེ་ལ་ལུག་བརྒྱ་རི་བ་ང་། །
དམར་ཤོག་གི་སྣ་རྡེའུ་མ་བྱས་གོང་། །
ནང་ཟན་གྱིས་དགྲོང་ན་ཅི་ཞིག་བྱ། །
ཚུལ་དེས་ཀྱང་འདན་མས་ཕྱི་ནུད་བྱ། །
ཚིག་རེ་ལ་རྟ་བརྒྱ་འབབ་པ་ང་། །
རང་དབང་གི་ཆེད་དུ་མ་འགྱེལ་གོང་། །
ས་མདའ་ཡིས་རྨས་ན་ག་རེ་བྱེད། །
ཚུལ་དེས་ཀྱང་འདན་མས་ཕྱི་ནུད་བྱ། །
རྩོམ་རེ་ལ་འབྲི་བརྒྱ་རན་པ་ང་། །
གནས་ལུགས་ཀྱི་ཆེད་དུ་མ་ཤི་གོང་། །
ལྐོག་རྙི་ཡིས་རྫོགས་ན་ཅི་ཙིག་བྱེད། །
ཚུལ་དེས་ཀྱང་འདན་མས་ཕྱི་ནུད་བྱ། །
སྤྱིར་སྨུག་ཅིང་སེར་བའི་ངོ་གདོང་འདི། །
སྨན་ཅོ་ཐོགས་བརྒྱ་ཡི་སེམས་རྟེན་ཡིན། །
དེའི་ཚབ་ཏུ་སུས་ཀྱང་མི་ལོ་སྟེ། །
གནད་འདིས་ཀྱང་འདན་མས་ཕྱི་ནུད་བྱ། །
སྒོས་སྐམ་ཞིང་རིད་པའི་ལུས་པོ་འདི། །
ངའི་ཚེ་གཅིག་ཆུང་མའི་འཁྲི་རྟེན་ཡིན། །
འདིའི་དོད་དུ་སུས་ཀྱང་མི་འོང་སྟེ།
འགངས་དེས་ཀྱང་འདན་མས་ཕྱི་ནུད་བྱ། །
ང་ཤི་ན་དབྱངས་ཅན་འགྲམ་པའི་ཆང་། །
ངའི་འདི་ལྟར་འཐུང་མཁན་གང་ན་ཡོད། །
འཇུ་སྐལ་བཟང་བཞུགས་ཀྱང་ལན་ཆགས་ཏེ། །
ལོ་རྒས་པའི་གྱོལ་ཚུལ་གན་ལ་ལྟོས། །
ང་ཤི་ན་དབྱངས་ཅན་འགྲམ་པའི་ཆང་། །
ངའི་འདི་ལྟར་འཐུང་མཁན་གང་ན་ཡོད། །
ལྡོང་ཆུ་ཤེལ་འཚོ་ཡང་ཐོ་ཙམ་སྟེ། །
བློ་འཁུམས་པའི་ཤུགས་རིང་གན་ལ་ཉོན། །
ང་ཤི་ན་དབྱངས་ཅན་འགྲམ་པའི་ཆང་། །
ངའི་འདི་ལྟར་འཐུང་མཁན་གང་ན་ཡོད། །
གཅན་རང་སད་ལྷགས་ཀྱང་ལྷག་མ་སྟེ། །
རྩལ་ཉམས་པའི་ཆོབ་སྒྲ་གན་ལ་སོམས། །
ལར་བོད་ཡུལ་ངག་གི་ལུང་པ་འདིར། །
གླུ་ཐན་ཐུན་མི་ལེན་མེད་ནའང་། །
ངའི་འདི་བཞིན་དབྱངས་ཀྱི་ཁྲུས་རྫིང་ནས། །
སེམས་ཐིག་ལེ་གཏོར་མཁན་ད་དུང་མེད།
རྐྱེན་དེ་སླད་སེང་རྡོར་གོམ་གསུམ་བཀྱེད། །
དོན་ལོག་འཁྱེར་བྱས་ན་ཉེས་པ་ཆེ། །
རྐྱེན་དེ་སླད་སེང་རྡོར་ཐེངས་གསུམ་གཡོལ། །
སྒྲ་ལོག་སྒྲུབ་བྱས་ན་སྡིག་པ་ལྕི། །
སྙིང་ཁྱོད་ལས་དམན་ཞིག་མ་ཡིན་ལ། །
དཔའ་ཁྱོད་ལས་ཞན་འགྲོ་མི་བསམ་མོད། །
ངའི་མི་ཚེའི་གསེར་གྱི་གླེགས་བམ་དུ། །
ཁྱོད་དུས་གསུམ་ཀུན་ཏུ་བཏུད་ས་མེད། །
2010-8-13
གླུ་ཚིག་རྩོམ་མཁན། སེང་རྡོར།
གླུ་པ། སྟོབས་ཆེན་རྒྱལ།
འདི་ནས་རྐང་པ་བརྒྱབ་སྟེ་རི་ཚོགས་བརྒལ་པའི།
གངས་རིའི་ཉི་ནུབ་ཀྱི་ཨ་སྐྱོ་པ། ང་ཡི་རྒྱབ་གཟུགས་དམར་པོ།
གང་གཱའི་ཆུ་བོ་ཁ་ལ་རེག་དུས་ཁྱེད་ཀྱིས་སྤྱན་ཆབ་བསིལ་ཡོད།
ཁྱེད་ཀྱི་མི་ཚེའི་ཚ་བ་ཆེན་པོ་ཁོ་བོས་ཡོངས་སུ་ཤེས།
ང་ཡི་སེར་མོ་པ། ང་ཡི་བསོད་སྙོམས་པ།
ཁྱེད་ཀྱི་མེ་སྒོང་བདག་གི་སྙིང་ལ་རྒྱོབ་ཤོག སྙིང་གི་དཀྱིལ་ལ་རྒྱོབ་ཤོག
ཆར་དྲག་དང་རླུང་ཆེན་ཁྲོད་དུ། ང་ལ་ཁྱེད་ཀྱི་མེ་མདག་འདངས་ཚད་དགོས།
གངས་ཀྱི་རྩེ་མོའི་འོད་ཏོག་ཀྱེ། ཁ་བའི་གཞི་ལ་ཁྱེད་རང་ཡོད།
(འབར་ཤོག་ཨེ། འབར་ཤོག་ཀྱེ། ཁ་དཀར་སྤྱང་གི་འབར་མོ། བྲེ་སེར་འབྲོང་གི་འབར་མོ།)
འདི་ནས་ཤོག་ཙེ་བསགས་ཏེ་མི་ཚོགས་བརྒྱུད་པའི།
གངས་རིའི་ས་སྲོས་ཀྱི་བྱ་ར་པ། ང་ཡི་རྒྱབ་གཟུགས་དམར་པོ།
ཧས་པོ་རི་ལ་ཕྱི་མིག་བལྟ་དུས་ཁྱེད་ཀྱི་གདོང་ཕྲུམ་གཟེར་ཡོད།
ཁྱེད་ཀྱི་མི་ཚེའི་གྲང་བ་ཆེན་པོ་ཁོ་བོས་ཡོངས་སུ་ཤེས།
ང་ཡི་རྒྱལ་ཁམས་པ། ང་ཡི་ཐ་སྙད་པ།
ཁྱེད་ཀྱི་གྲང་ཤུམ་བདག་གི་གཏིང་ལ་སྐྱེ་ཤོག དྲན་པའི་གཏིང་ལ་སྐྱེ་ཤོག
ཡུལ་བྱོལ་དང་སྨྲེང་སྒུག་ཁྲོད་དུ། ང་ལ་ཁྱེད་ཀྱི་ཁོང་འདར་འདངས་ཚད་དགོས།
གངས་ཀྱི་རྩེ་མོའི་འོད་ཏོག་ཀྱེ། ཁ་བའི་གཞི་ལ་ཁྱེད་རང་ཡོད།
(འབར་ཤོག་ཨེ། འབར་ཤོག་ཀྱེ། ཁ་དཀར་སྤྱང་གི་འབར་མོ། བྲེ་སེར་འབྲོང་གི་འབར་མོ།)
རི་མོ་པ་གསེར་བྲག་གིས་ཡང་ཡང་བསྐུལ་བས་འདི་འདྲ་ཞིག་བྲིས།
___སི་པ་ཏ་ཁེའི་འོས་ལངས་ཆེན་མོའི་སྐོར།
མིའི་རིགས་ལོ་རྒྱུས་ཀྱི་ཤོག་ལྷེ་གང་ལ་བལྟས་ཀྱང་རོ་མ་ཞེས་པའི་ཡི་གེ་དེ་གཉིས་མ་ཐོན་ས་མེད། ལོ་རྒྱུས་ཀྱི་བརྡ་དོན་ཡིན་པའི། དམག་འཁྲུག་གི་རུ་མ་ཡིན་པའི། ཆབ་སྲིད་ཀྱི་གཟུགས་མཚོན་ཡིན་པའི་ཡི་གེ་དེ་གཉིས་ལ་གང་འདྲའི་བློས་མི་འཆུན་པའི་ནང་དོན་མོད་པོ་ཞིག་སྦས་ཡོད་པ་རེད་ཨང་། སུ་ཞིག་རོ་མ་ལ་གདེང་མ་འཐོབ་པ་ཡིན་ན། གང་དེས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་རྣལ་མ་ཞིག་ཁྱོན་ནས་ཤེས་ཐབས་མེད་དོ། །
རོ་མ་ཞེས་པས་གནའ་རབས་ཤིག་སྟོན། རོ་མ་ཞེས་པས་བཙན་རྒྱལ་ཞིག་མཚོན། རོ་མ་ཞེས་པས་མཁར་རོ་ཞིག་འཆད། རོ་མ་ཞེས་པས་ལྷ་སྒྲུང་ཞིག་མགུར། རོ་མ་ཞེས་པས་འོས་ལངས་ཤིག་དྲན་དུ་འཇུག་ལ། རོ་མ་ཞེས་པས་དབང་བསྒྱུར་ཞིག་གོ་བར་ཡང་བྱེད། མ་གཞི་བཤད་ན། མི་རྣམས་ཀྱིས་རང་དབང་གི་ཆེད་དུ་བཏོན་པའི་ཁྲག་ཐིགས་དང་པོའང་རོ་མའི་ཡུལ་ལུང་ག་ཤེད་མོ་ཞིག་ཏུ་ཡིན་སྐད་གོ་ལ། དྲང་པོར་སྨྲས་ན། གང་ཟག་དག་གིས་མངའ་སྡེ་ཆེན་པོར་ཁ་གཏད་འཇལ་པའི་ཁྲོམ་སྐོར་སྔོན་གྲས་ཀྱང་རོ་མའི་གནས་ས་ག་གེ་མོ་ཞིག་ནས་བྱས་སོང་སྐད། དམྱལ་བ་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད་ཅེས་པའང་རོ་མའི་ལོ་རྒྱུས་དུམ་ཚན་ཞིག་ལ་དཔེ་བླངས་ན་ངོ་འཕྲོད་པ་སླ་ཞིང་། སྲིན་པོ་གདོང་དམར་གྱི་རྒྱལ་ཁམས་ཞེས་པའང་བོད་ལས་ད་དུང་རོ་མ་པ་ལ་སྦྱར་ན་ཤིན་ཏུ་ནས་ཀྱང་འབྱོར། རོ་མ་དེ་ལྟར་དམུ་རྒོད་ཡིན་ལ། རོ་མ་དེ་ལྟར་དཔའ་རྒོད་ཀྱང་ཡིན་པ་རེད། རོ་མ་དེ་ལྟར་རྨོངས་བླུན་བྱེ་ཐང་ན་འཚོ་མོད། རོ་མ་དེ་ལྟར་ཤེས་དཔལ་དར་ཟམ་དུའང་བརྒལ་སོང་། རོ་མ་པའི་མི་དག་ལ་རྭ་ཅོ་དང་མཇུག་མ་ཡོད་ཅེས་ལབ་ན་འུད་དུ་འགྲོ་ལས་ཆེ་མོད། ཁོང་ཚོའི་ཕོ་ཤར་དག་གི་སྨིན་མའི་ཁྲོ་མདུད་དང་དཔུང་པའི་ཤ་རྒོད་ནི་ང་རང་ཚོའི་གནས་ཕྱུགས་ཀྱི་རྭ་ཅོ་དང་མཇུག་མ་ལས་ལྡབ་ཀྱིས་ཀྱང་སྦོམ་པོ་ཡོད་པ་རེད། ཁོང་ཚོའི་བུད་མེད་དག་ལའང་འདོད་སྡང་གི་རྣམ་འགྱུར་ཧང་སང་བ་རེ་བསྟན་རྒྱུ་ཡོད་ཁར། གློ་བུར་གློ་བུར་གད་རྒྱངས་དྲག་པོ་རེ་གཡལ་ཚེ་འུ་བུ་ཅག་གི་མི་རྐང་གླིང་བུ་ཞེས་པའི་དཔེ་འཇོག་དེས་ནི་ཆ་ཡི་ཆ་ཙམ་ཡང་མཚོན་ཐབས་ཡོད་པ་མ་རེད། མི་རྣམས་ཀྱིས་སོ་སོའི་མི་སྡུག་པ་དང་དྲག་པོའི་ཆ་དེ་ཡོངས་སུ་མཐོང་འདོད་ན། མི་རྣམས་ཀྱིས་སོ་སོའི་རང་བཞིན་དངོས་མ་དང་གཤིས་ལུགས་རྣལ་མ་དེ་ཀུན་ནས་རྟོགས་བསམ་ན། མི་ནི་གཅན་གཟན་ཞིག་དང་བདུད་རྒན་ཞིག་དང་ཉ་སྲིན་ཞིག་ཡིན་ཚུལ་ལ་ངེས་པ་གཏིང་ཚུགས་སུ་འགྲོ་བར་སྙམ་ན་ནི། རོ་མ་བཙན་རྒྱལ་ཆེན་མོའི་སྐབས་ཀྱི་ལོ་རྒྱུས་རེ་ཟུང་ཙམ་ཧ་གོ་བས་ཀྱང་ཆོག་པ་ཡིན་ནོ། །
སི་པ་ཏ་ཁེའི་འོས་ལངས་ཆེན་མོ(Spartacus,斯巴达克斯)ཡང་གནའ་བོའི་རོ་མ་པའི་སྦྲིན་ནག་དང་ཁ་ཆར་མཚོན་པའི་ལོ་རྒྱུས་ཤོག་ལྷེ་ཞིག་ཡིན་ཅིང་། མིའི་རིགས་ཀྱི་རོ་མ་པའི་སྐད་སྒྲ་དང་གད་རྒྱངས་མཚོན་པའི་དཔའ་བོའི་རྟགས་ཐམ་ཁེ་རུ་མ་ཞིག་ཀྱང་ཡིན་པ་རེད། དུས་རབས་འདིའི་སྟོང་ལོ་བཅུ་པར་བསྐྲུན་པའི<<ཁྲག་དང་བྱེ་མ>> (血与沙) ཞེས་པའི་གློག་བརྙན་འདིས་ནི་ལོ་རྒྱུས་ཀྱི་དོན་རྐྱེན་དེ་ཀ་མངོན་སུམ་ལས་ཀྱང་མངོན་སུམ་དུ་བསེད་ཐུབ་ཡོད་པར་མ་ཟད། འཁྲབ་པ་དང་བརྫུས་པའི་ཤུལ་མེད་ལ། བཅོས་པ་དང་བསྒྱུར་པའི་ཞད་ཀྱང་ཡོད་པ་མ་རེད། ཁོ་བོས་བལྟས་ན་གློག་བརྙན་འདིའི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་དག་ལ་རོ་མ་པའི་བླ་ཞུགས་པ་ཡོད་པ་འདྲ་ཞིང་། རོ་མ་པའི་གཤེད་འཁོར་པའང་ཡིན་འདྲ། གློག་བརྙན་འདི་ལ་བལྟས་ཤིང་ལྟ་དུས་ན་ངའི་དྲན་ཡུལ་དུ་གཟུགས་འདས་རིག་པའི་འགྲེལ་སྟངས་རིགས་ཤིག་ལས་ཅི་ཡང་འཁོར་རྒྱུ་མེད་སོང་། འདི་ཡི་འཁྲབ་སྟོན་པ་གཙོ་ཕལ་ཐམས་ཅད་ནི་དེ་དེ་བཞིན་དུ་ངུ། དེ་དེ་བཞིན་དུ་དགོད། དེ་དེ་བཞིན་དུ་འཁྲིག་པ་སྤྱོད། དེ་བཞིན་དུ་གསོད་རེས་བྱེད། ད་ཕན་ཆད་མི་ཡུལ་འདིར་འདི་འདྲའི་ཇི་མ་ཇི་བཞིན་དང་། ཨ་ན་མ་ན་དང་། གཅིག་པ་གཅིག་རྐྱང་གི་གློག་བརྙན་ཞིག་ནི་བསྟན་པ་ལྟ་ཞོག་གོ་བ་ཙམ་ཡང་མེད་དོ། །
ལོ་རྒྱུས་སུ་འཁོད་པ་ལྟར་ན། གནའ་བོའི་དུས་སུ་རོ་མ་པས་རྟག་ཏུ་ཕྱི་ཕྱོགས་ལ་དམག་འཁྲུག་བསླངས་ཀྱི་ཡོད་ཅིང་། མངའ་ཁོངས་རྒྱ་བསྐྱེད་དང་འབངས་མིར་བརྙས་བཅོས་བྱེད་པའི་སྦྱོར་བ་སྣ་ཚོགས་ལག་ཏུ་བསྟར་པ་དང་། ཨི་ཐ་ལིའི་བྲན་གཡོག་རྣམས་ཉིན་རེ་བཞིན་ཇེ་མང་དུ་བཏང་སྟེ། བྲན་བདག་ཀྱི་མཁར་གཞིས་བཟོ་སྐྲུན་བགྱིས་པའི་ཁར། ཡ་ང་སྙིང་རྗེ་བྲལ་བའི་ཁྲིམས་ཆད་མང་པོའི་སྲོལ་ཕྱེས་ཤིང་། ཁོང་ཚོས་ནམ་ཡང་བྲན་གཡོག་ནི་བྱོལ་སོང་དང་རྡོ་བ་ཙམ་ལས་ཆ་འཇོག་མི་བྱེད་པ་དང་། བྲན་གཡོག་ནི་བྲན་གཡོག་རང་སྟེ། ནམ་ཡང་སྐད་ཆ་བཤད་ཤེས་པའི་ལག་ཆ་ཙམ་ལས་མ་ཡིན་ནོ་ཞེས་སྨྲ། བྲན་གཡོག་དག་གི་སུག་པར་ལྕགས་ཀྱི་འཆིང་བརྒྱབ་ཡོད་ཅིང་། དེའི་སྟེང་བདག་བཟུང་ཞིག་དང་། བདག་རང་འབྲོས་སུ་མ་འཇུག་གོ་ཞེས་པའི་ཡི་གེ་བསྐོས་ཡོད་པ་རེད། ཁོ་ཚོས་ནམ་ཡང་བྲན་གཡོག་ནི་བྲན་གཡོག་གོ་ཞེས་སྨྲ་ཞིང་། དེ་ཚོའི་བུ་རབས་ཚ་རྒྱུད་དག་ཀྱང་བྲན་གཡོག་རྐྱང་ཡིན་པ་རེད། གཡོག་རྒས་པོ་རྣམས་བས་མཐའ་རུ་དེད་དེ་ལྟོགས་གྲིར་གསོད་བཞིན་ཡོད་ལ། བྲན་བདག་གམ་དབང་སྒྱུར་པ་རྣམས་སྤྲོ་བོ་ཡོང་ཆེད་དུ་ཁོད་ཆེ་ཞིང་མཐའ་ཡངས་པའི་གོ་ར་ཆེན་མོ་ཞིག་བསྐྲུན་ཡོད་པར། དུས་དང་དུས་སུ་གྱད་མི་དག་ལ་གོ་མཚོན་སྤྲད་དེ་རྒྱག་རེས་བྱེད་དུ་འཇུག་པ་དང་། སྐབས་དང་སྐབས་སུ་གྱད་མི་དག་རེ་རེ་བཞིན་བཀྲེན་པའི་གཅན་གཟན་ཚོགས་ལ་གཡེང་དུ་འཇུག་པ་དང་། སོ་ཤད་བརྒྱབ་དུ་འཇུག་པ་དང་། སྡེར་ལྕག་འཕེན་དུ་འཇུག་པ་དང་། མགོ་སུག་འཆའ་རུ་འཇུག་པ་སོགས་བྱེད། གྱད་མི་དག་དུད་འགྲོ་མི་བསྲུན་པ་དང་གཅན་གཟན་གཏུམ་པོ་དག་ལ་འཐབ་དུས། མི་རོ་དང་ཟོག་རོ་ཅི་ཞིག་ལྷགས་ཀྱང་ཁོ་རང་ཚོས་ཐལ་མོ་བརྡབས་ཏེ་ཧ་ཧ་དགོད། རྒྱུན་པར་གྱད་མི་དག་ལ་དེ་ལུགས་ཀྱི་སྦྱོང་བརྡར་ཡང་སྤྲོད་ཀྱི་ཡོད་ཅིང་། ཉི་མ་རེ་རེར་ཁྲག་བཞུར་བ་དང་བྱེ་མ་བཞུར་བ་དང་ཚེ་སྲོག་བཞུར་བ་ནི་གནའ་བོའི་རོ་མ་པའི་ལོ་རྒྱུས་ཀྱི་ངོ་གདོང་དངོས་ཡིན་པ་རེད། སྐབས་དེའི་དབང་སྒྱུར་པའམ་བྲན་བདག་རྣམས་ལ་ནི་འདི་ལས་ལྷག་པའི་ལྟད་མོ་དགའ་རབ་ཅིག་ཁྱོན་ནས་མེད་ཚོད་ཡིན་ཨང་།
སྐབས་དེ་ཤེད་ཅིག་སྟེ། སྤྱི་ལོའི་སྔོན་གྱི137ལོ་ནས132ལོའི་བར་དུ། ཞི་ཞི་ལི་ནས་བྲན་གཡོག་གི་འོས་ལངས་ཐེངས་དང་པོ་བསླངས་པ་དང་། སྤྱི་ལོའི་སྔོན་གྱི104ལོ་ནས101ལོའི་བར་དུ་ཞི་ཞི་ལི་ནས་བྲན་གཡོག་གི་འོས་ལངས་ཐེངས་གཉིས་བསླངས་པ་སྟེ། ཐེངས་སྔ་ཕྱིའི་འོས་ལངས་འདི་གཉིས་ཀྱི་ཁྲོད་རོ་མ་པའི་རང་དབང་རྩོད་པའི་མི་སེར་གྱི་གྲངས་ཀ་གྲོག་ཚང་བཞིན་བརྡོལ་བར་མ་ཟད། བྲན་བདག་གམ་དབང་སྒྱུར་པ་སྐོར་ཞིག་ལ་བསམ་ཡུལ་འདས་པའི་རྒོལ་རྡུང་དྲག་པོ་ཐེབས་པ་དང་། བྲན་གཡོག་མང་པོར་ཡང་འཇིགས་སུ་རུང་བའི་བསད་རྨས་ཚབས་ཆེན་བྱུང་སོང་བ་རེད། ཏག་ཏག་སྐབས་འདི་འདྲ་ཞིག་ལ། གནའ་བོའི་ལོ་རྒྱུས་སྒང་གི་ཆེས་གཞི་རྒྱ་ཆེ་བའི་བྲན་གཡོག་འོས་ལངས་ཏེ། གནམ་ལ་ཁྲག་གི་ན་བུན་འཐིབས་ཤིང་ས་ལ་བྱེ་མའི་རྒྱ་མཚོ་འཕྱུར་བའི་གྱེན་ལོག་དམག་འཁྲུག་ཆེན་མོ་སྟེ། མིའི་རིགས་ལོ་རྒྱུས་ཀྱི་མཚམས་འབྱེད་རྡོ་རིང་ལྟ་བུའི་སི་པ་ཏ་ཁེའི་འོས་ལངས་ཆེན་མོ་འགོ་བརྩམས་སོང་བ་རེད།
དོན་དམ་དུ་སི་པ་ཏ་ཁེ་ཞེས་པ་ནི་ཨར་ཀན་ཕྱེད་གླིང་ཤར་བྱང་གི་གང་ཟག་དཀྱུས་མ་ཞིག་གི་མིང་འདོགས་རེད་ལ། དོན་དམ་དུ་སི་པ་ཏ་ཁེ་ཞེས་པ་ནི་རོ་མ་པས་གྱད་དམག་ར་བ་ཞིག་ཏུ་བཙོང་བའི་བྲན་གཡོག་སྤྱིར་བཏང་བ་ཞིག་གི་འབོད་མིང་རང་རེད། དོན་དམ་དུ་སི་པ་ཏ་ཁེ་ཞེས་པ་ནི་བྲན་གཡོག་ཡིན་པ་ནས་བྲན་གཡོག་མ་ཡིན་པ་དང་། རང་དབང་མེད་པ་ནས་རང་དབང་ཡོད་པ་དང་། སྡར་མ་སྙིང་ཆུང་ནས་དཔའ་བོ་རྟུལ་ཕོད་ཅན་དུ་འཕགས་པའི་གང་ཟག་སོ་སྐྱེས་ཤིག་གི་དྲང་བདེན་མཚན་བྱང་རེད། ཁོ་རང་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཁ་རྒྱན་ལྟ་བུ་ཞིག་ཏུ་འགྲོ་དགོས་དོན་དང་། ཁོ་རང་སྐྱེ་བོ་རྣམས་ཀྱི་སེམས་ཁོང་དུ་གཏན་ནས་ཡལ་བ་མེད་དོན་དང་། ཁོ་རང་དྲང་བདེན་འོས་ལངས་ཆེན་མོ་ཞིག་གི་བརྡ་དོན་རང་དུ་ཆགས་དགོས་དོན་ནི་ག་རེ་ཡིན་ནམ་ཞེ་ན། སི་པ་ཏ་ཁེ་ལགས་ཀྱིས་དངོས་སུ་རང་ཉིད་ཀྱི་རྩ་དོན་ལ་བཞག་པའི་སྐད་ཆ་ཚིག་དུམ་གཅིག་པོ་འདིས་ཤེས་ཐུབ་སྟེ། ཇི་སྐད་དུ། ང་ཚོ་དབང་སྒྱུར་པའི་སྤྲོ་སྐྱིད་ཀྱི་དོན་དུ་འཆི་བ་ལས་རང་དབང་གི་ཆེད་དུ་དམག་འཁྲུག་བརྒྱབ་སྟེ་ཤི་བས་དགའ་ཞེས་པའོ། །
སྤྱི་ལོའི་སྔོན་གྱི་དུས་རབས་དེ་འདྲ་ཞིག་ལ་སི་པ་ཏ་ཁེ་ཡིས་ཤར་འདུལ་དང་བྱང་འཐབ་བྱས་ཤིང་། ནུབ་འགོག་དང་ལྷོ་སྐྱོད་བརྒྱབ་སྟེ། ཝེ་སུའུ་ཝེའི་མེ་རི་ཆེན་པོའི་ཀླད་ནས་སྐྱེ་བོ་རྣམས་རང་དབང་དང་འདྲ་མཉམ་གྱི་ཕྱོགས་སུ་ལམ་ཁྲིད་པ་ཡིན་ཅིང་། དེ་ནས་བཟུང་མི་སེར་བྱེ་བ་མང་པོའི་ཡིད་ཆེས་ཀྱང་ཁོང་གི་རྗེས་སུ་ཞུགས་་སོང་བ་རེད། སྤྱི་ལོའི་རྗེས་ཀྱི་སྟོང་ལོ་འདི་འདྲ་ཞིག་ལའང་། སི་པ་ཏ་ཁེ་མི་སྒེར་ཡིན་ནའང་འདྲ། སི་པ་ཏ་ཁེ་འོས་ལངས་ཆེན་མོ་ཡིན་ནའང་འདྲ། མིའི་རིགས་ལོ་རྒྱུས་ཀྱི་དོན་རྐྱེན་ཆེན་པོ་ཞིག་ཡིན་པར་ངེས་པ་རྙེད་དེ། ལ་ལས་དཔེ་དེབ་ཏུ་བྲིས། ལ་ལས་རི་མོ་ལ་ཕབ། ལ་ལས་གློག་བརྙན་དུ་བསྟན་པ་སོགས་བྱས་ཏེ་སྐྱེ་བོ་རེ་རེའི་སེམས་ཁོང་ལ་སི་པ་ཏ་ཁེ་གསོན་པོ་ཞིག་བརྐོ་བཞེངས་མཛད་པ་འདིར་ཇི་འདྲའི་རྒྱུ་མཚན་ཡོད་པ་ལ་ཨང་།
<<ཁྲག་དང་བྱེ་མ>>ཞེས་པའི་གློག་བརྙན་འདི་ནི་ང་ཚོ་རྒྱུན་པར་བལྟ་དགའ་བའི་ནི་རྒྱོབ་རྒྱོབ་སོད་སོད་ཀྱི་འོད་འཁོར་རྫུན་མའི་གྲས་ལ་མ་འཇོག་ཀྱེ། མི་ལ་གཤོག་པ་ཐོགས་ཤིང་ཤི་རྒྱུ་རྒས་རྒྱུ་མེད་པའི་ཆོ་འཕྲུལ་ཡ་མ་བརླའི་རིགས་ཀྱང་འདི་ན་ཨེ་ཡོད་མ་སེམས། ལར་འདི་ནས། གཤགས་པ་ཚལ་བ་དུམ་བུར་བྱེད་ཅིང་། བཅད་པ་རིལ་རིལ་ལོག་ལོག་ཏུ་གཏོང་། ཁྲག་རྒྱང་ངེར་བཞུར་ཞིང་། རྣ་ལྷབ་བེ་གཅོད་ལ། ནུ་མ་དཀར་ཆིལ་ལེ་གཏེད་ཅིང་། མིག་རིལ་ཚིལ་བུ་དང་བཅས་ཏེ་དབྱུང་བར་བྱེད་པ་ཞིག་ཡིན་པས། དེ་ཙམ་གྱིས་ཀྱང་ང་ཚོ་བོད་ཀྱི་ལྟད་མོ་མ་རིག་པའི་ལྟད་མོ་པ་དག་ཁ་གདང་སྟེ་སྣབས་ལུག་ཏུ་འཇུག་སྲིད་མོད། གློག་བརྙན་རང་ངོས་ཀྱི་བསམ་བློ་དང་སྒྱུ་རྩལ་ནི་དེ་ཙམ་གྱིས་ག་ལ་ཚད་དེ། མིའི་བག་ཞ་བའི་སྡོམ་དང་སྦལ་བ། འབུ་ནག་དང་ཤ་སྦྲང་ཡོངས་རྫོགས་འདི་ནས་བསྐྱུགས་ཙམ་ཞིག་གང་ནའང་བསྐྱུགས་མེད་ལ། མིའི་བག་ལ་ཞ་བའི་རི་མོ་དང་རོལ་མོ། བརྡ་དང་རྣམ་འགྱུར་སྣ་ཚོགས་འདི་ནས་གསལ་ཙམ་ཞིག་གང་ནས་ཀྱང་མི་གསལ་ལོ། ། གློག་བརྙན་འདིས་རིང་བ་བསྐལ་བའི་གཏིང་ཕུག་གི་འོད་གསལ་མཚོན་ཡོད་ཅིང་། ཉེ་བ་འགྲོ་བའི་སེམས་ཁམས་ཀྱི་ཆག་འཇིག་སྦྲུམ་ཡོད་ལ། ས་གཞི་ཁ་འཁྱགས་གཏིང་འཁྱགས་ཀྱི་དར་ཐོག་ལ་རྐང་པ་བཙུགས་ཏེ། ཕྱིར་ཞིང་ཕྱིར་ཞིང་གྲུ་བཞི་གླིང་བརྒྱད་ལོ་རྒྱུས་སུ་འགྲེལ་ཞིང་། སྟེང་འོག་འཕྲེད་ཐུར་སྒྱུ་རྩལ་དུའང་བསྟབས་སོང་ཡོད་པ་རེད།
གློག་བརྙན་འདིར་དགའ་པོ་ཡོད་མཁན་དག་གིས། དྲ་བའི་སྟེང་ནས་འཚོལ་གཤེར་བགྱིས་ཚེ་དབྱིན་སྐད་དང་རྒྱ་ཡིག་ཤན་སྦྱར་ཅན་རྙེད་ཐུབ་པ་དང་། མ་ཕྱིའི་གདངས་དང་འཆད་བྱའི་ནང་དོན་སོགས་ཞེ་དྲག་གོ་སླ་པོ་ཡོད་ཅིང་། ལེའུ་བཅུ་གསུམ་ལས་མེད་པས་དུས་ཚོད་ཀྱང་གྲོན་ཐུབ་པ་དང་། སི་པ་ཏ་ཁེའི་འོས་ལངས་ཆེན་མོའི་སྐོར་གྱི་བཞེད་ཚུལ་སྣ་ཚོགས་དང་། སྦྱར་བྱང་སྣ་ཚོགས། གློག་བརྙན་བརྩམས་ཆོས་འདིས་འཛམ་གླིང་སྒང་ལ་ཐེབས་པའི་གཡོ་སྐྱོམ་སོགས་ལས་སླ་པོས་ཤེས་ཐུབ་པར་མ་ཟད། འདིར་བལྟས་པ་ཙམ་གྱིས་སྐྱེ་བོ་མང་པོའི་སེམས་ཁམས་ལ་རང་དབང་གི་མེ་སོན་སྦར་བྱུང་ཚུལ་དང་། དང་པོ་ནས་ཨ་རིའི་སྲིད་གཞུང་སོགས་ཀྱིས་གློག་བརྙན་བརྩམས་ཆོས་འདིར་བཟུང་བའི་ཞེད་སྣང་སོགས་ཀྱང་ཇི་བཞིན་དུ་མཐོང་བར་འགྱུར་རོ། །
2010.7.20
http://hd.openv.com/tv_play-hdteleplay_20100211_7168444.html
http://hd.openv.com/tv_play-hdteleplay_20100211_7168444.html
http://hd.openv.com/tv_play-hdteleplay_20100211_7168444.html
____2010ལོའི་ཚ་བ་ཆེན་པོའི་སྐབས་སུ།
ཉི་མ་ལོ་རེ་བཞིན་དུ་ཇེ་ཚ་རེད། །
གངས་རི་ལོ་རེ་བཞིན་དུ་ཇེ་དམའ་རེད། །
གངས་རིའི་མགོ་སུག་མ་ལུས་འཆོས་པ་ཡིས། །
ཉི་མའི་ཁ་ངོ་དམར་པོ་དམར་རྐྱང་ཆགས། །
ཉི་མ་སྤྲིན་གྱི་རྒྱབ་ལ་གབ་ནའང་། །
མེ་ཡི་ལག་པ་གངས་རིའི་ཁོག་ལ་བསྲིངས། །
ཉི་མ་རླུང་གི་ཕག་ལ་ཡིབ་ནའང་། །
ཚ་བའི་ཐག་པ་གངས་རིའི་སྐེ་ལ་འཕངས། །
ཉི་མས་གངས་རི་ཞུ་ཞིང་འཛར་ནའང། །
ཉི་མས་གངས་ཐང་གཞོབ་ཅིང་ཚིག་ནའང་། །
འོད་ཀྱི་ཉལ་ཐ་ཁོ་ནར་དགའ་བ་ཡི། །
དྲོད་ཀྱི་འབུ་སྲིན་དག་ལ་བཅོས་ཀ་མེད། །
ཉི་མ་ཕ་མའི་ཚུལ་དུ་བྱམས་ནའང་། །
ཉི་མ་ཆུང་མའི་ཚུལ་དུ་འཛུམ་ནའང་། །
ཉི་མའི་ལོ་ངོ་སྟོང་གི་ཇུས་ཆེན་ནི། །
གངས་རི་གཤེར་ཁུར་བསྒྱུར་རྒྱུ་ཁོ་ན་རེད། །
ཁོ་བོ་ཉི་མ་ལ་ཡང་དགའ་བོ་མེད། །
འོད་ཀྱི་ཆོ་ལོ་དག་ལ་ཡིད་ཆེས་བྲལ། །
དྲོད་དང་ཟེར་མ་དག་ཀྱང་སྐྱག་རྫུན་ཏེ། །
གངས་རྒྱལ་གཏིང་ནས་གསོད་པའི་ལྐོག་མདའ་རེད། །
ང་རང་ཉི་མ་ལ་ཡང་དད་པ་དབེན། །
སྣང་བའི་མཚན་སྙན་སོགས་ལ་དོགས་པ་ཆེ། །
མུན་པའི་སྐྱོ་ཚུལ་ལབ་ན་སྣ་དགོད་འཆོར། །
གངས་རྒྱལ་རྩད་ནས་གཏོར་བའི་ཆོ་འཕྲུལ་རེད། །
བདག་ནི་ཉི་མ་ལ་ཡང་ཁས་ལེན་བྲལ། །
འགྲོ་བའི་ནོར་བུ་བརྗོད་ཚེ་ཞེ་མེར་ལངས། །
འུག་པའི་བྱས་ཉེས་བགྲང་ན་རྣ་བ་སུན། །
གངས་རྒྱལ་རྨང་ནས་རྫོགས་པའི་གཟའ་བཤད་རེད། །
2010-8-2