སེང་རྡོར་ལ་བསྐུར་བའི་སེམས་གཏམ་འོ་མའི་མར་ལོ།
གཞན་གྱི་ལུང་བར་འཁྱམས་པའི་རང་མིའི་དཀའ་སྡུག་མི་ཤེས་ཤིང༌། །
དེས་པའི་དགེ་སྦྱོང་མཆོག་ལ་གུས་པ་ཙམ་ལས་མི་བྱེད་པར། །
རང་ཉིད་རྒྱ་མ་བརྒྱ་ལ་རང་གིས་འདེབས་པའི་བུ་རྒོད་པོ། །
ཁྱོད་ཀྱིས་གཞན་ལས་ལྷག་པའི་སྤྱི་དོན་ག་ཙམ་བསྒྲུབས་ནས་ཡོད། །
ང་ཚོའི་ལས་དབང་ནག་པོ་གཅིག་མིན་ཀུན་གྱི་མགོ་ན་ཡོད། །
ང་ཚོའི་སྤྱི་དོན་དཀར་བོ་འགའ་མིན་ཡོངས་ཀྱི་ཕྲག་ན་ཡོད། །
ང་ཚོ་རང་གིས་རང་ལ་ངོ་མཚང་བྲུས་ན་ངོ་རེ་ཚ། །
ང་ཚོ་གཅིག་གིས་གཅིག་ལ་བལྟས་ཏེ་འདུག་ས་ཁྱོན་ནས་མེད། །
ང་དང་ཁྱོད་ཅེས་རང་ཉིད་གཞན་དུ་དགར་ས་གཏན་ནས་མེད། །
ཤ་དང་ཁྲག་གི་ཕུང་བོ་བོད་ལས་གཞན་དུ་ངོས་འཛིན་མེད། །
ཡ་གུའི་ཁྲི་ཡི་བདག་པོ་ཁྱོད་ཀྱིས་ནུས་ན་ཁྱོད་ཉིད་ཡིན། །
རང་གིས་རང་ལ་སྡིགས་ན་ངོ་ཚ་དེ་ཉིད་རང་གི་ཡིན། །
རྩོམ་འདིའི་ཕྱོགས་སྔར་བལྟ་ན། http://dobumnet.com/djae/?p=188
རང་ཉིད་རང་གི་མགོན་དུ་འབོད་པའི་ཁྱེད། །
སྒེར་ཚུགས་ཅན་གྱི་སྟ་རེ་ངོ་མ་ཁྱེད། །
ལྷ་འདྲེ་གཉིས་ཀྱི་མིང་ནས་དྲུད་མཁན་ཁྱེད། །
མི་བུ་སེང་རྡོར་འདི་ནས་གླེང་རན་སོང་། །
དགེ་ཆོས་རྒྱང་མཇལ་ཉིན་གྱི་སྐར་ཕྲན་ཙམ། །
རང་གྲོལ་ཞིབ་འཇུག་མདང་གི་རྨི་ལམ་བཞིན། །
ཅི་བྱེད་འདི་བྱེད་མེད་པའི་སྒོ་དྲུང་འདིར། །
སེང་རྡོར་རྐང་གསོ་གཏོང་བར་བྱིན་གྱིས་སློབས། །
ལག་ནང་ལག་འཇོག་ཟེར་པ་ཉོག་གཏམ་སྐད། །
སེམས་ནང་སེམས་འཇོག་ཡེ་ནས་འཆར་གཏམ་སྒྱུར། །
ཟི་ལིང་མཁར་གྱི་ཡོ་འཁྱོག་གཤམ་རུལ་ཚོགས། །
མཉམ་མེད་སེད་རྡོར་ལམ་བུ་ཤུགས་རེ་བྱོས། །
ན་གཞོན་གསར་པའི་མི་བུ་རྣོ་སྦྲེང་དང་། །
མཆོད་མེའི་གཟི་འོད་སྐྱབས་ཆེན་བདེ་གྲོལ་བ། །
བོད་སྡེ་འཇུག་པའི་མི་བུ་གལ་ཆེན་ཚོས། །
བརྟུལ་ཕོད་སེང་རྡོར་ཀླད་པའི་ནང་དུ་ཐོབས། །
ལྷ་འདྲེའི་གདོང་གྲོགས་ཅན་རྣམས་འདི་ནས་བུད། །
མི་བུ་ཚུགས་ཀ་ཅན་དག་འདི་ནས་ཁུག །
དགེ་ཆོས་གླེང་ནས་སེང་རྡོར་འདི་ནས་བོས། །
གངས་རིའི་གདོང་པ་མི་ཡིས་བསྐྲུན་ཏེ་སོང་། །
དམ་ཆོས་ལྕགས་ལུང་དམར་བོ་གསིལ་གསིལ་མཁན།།
འདུལ་བ་ལུང་སྡེ་ཁྲ་ཁྲ་རྣག་བརྫི་མཁན།།
དུས་ཀྱི་གཤེད་མ་ལྷ་ཡི་བར་བགེགས་སུ།།
བྱོན་པ་སེང་རྡོར་སྨྱོན་པའི་ལས་ཀྱིས་དྲངས།།
བྲག་དགོན་མཐའ་ལ་མེ་ཡི་ལྕགས་ལུང་དཀྲིས།།
གཟན་ཤམ་དམར་བོ་ཚིག་ནག་མདངས་ཀྱིས་དགྲུས།།
ཆོས་མིན་སྙིང་ལ་རྒོལ་བའི་དཔའ་གཏམ་འདིས།།
མེ་སྒྱོགས་མེ་ཡི་ཤུགས་ལ་སྣུམ་ཞིག་བྱིན།།
ཁོ་བོ་རྒྱབ་ནས་འཇབ་པའི་འཐབ་ཇུས་མེད།།
དངོས་གཏུགས་ཐད་རྒོལ་གཏོང་བའི་དཔའ་ཆས་མེད།།
བདེན་པ་བདེན་ལ་འཇལ་བའི་རང་ལུགས་ལ།།
མི་བུ་ཁྱི་ལ་བགྲངས་ཀྱང་ལྷ་ཡི་གཟུགས།།
སེང་རྡོར་ཞེས་བྱ་སྨྱོན་པའི་རྩེ་མོ་སྟེ།།
བགེགས་ཆེན་གདོན་དུ་བརྩིས་ཀྱང་ཁོ་བོ་སྤྲོ།།
ནམ་ཞིག་དུས་ཀྱི་རྒྱལ་མོའི་ཞལ་རས་ལ།།
བདེན་རིས་དུང་ཟླ་འདྲ་ཞིག་ལོས་འཆར་སྙམ།།
རྟུལ་ཕོད་བཀླགས་པ་ཉིན་ཞག་བཅོ་བརྒྱད་ཙམ།།
སྙིང་ཁམས་དཀྲིགས་པ་ཟླ་དགུ་ཞག་དགུ་ཙམ།།
བདེན་མིན་དག་མིན་སུས་ཀྱང་ཤོད་དཀའ་ན།།
དངོས་ཡོད་གཏམ་ལ་མི་འཇུ་རང་དབང་དཀོན།།
མིག་གི་རྒྱལ་མོར་དཔྱིད་ཀྱི་དཔལ་འཁྱིལ་ཅིང་།།
སེམས་ཀྱི་གཞུང་ལ་དྲན་པའི་རྣོ་བརྟས་པའི།།
མི་རྟག་འཇིགས་བྱེད་རིགས་ཀྱི་བདུད་པོ་ཆེ།།
སེང་རྡོར་གཤེད་མའི་དྲ་བ་སྙིང་ཁར་བསྒོམས།།
རབ་གསལ་ཚིག་གི་རོལ་མོའི་སྒྲ་དབྱངས་ཆེ།།
དོན་ལྡན་བརྗོད་བྱའི་ཡུལ་དུ་དྲངས་པ་ན།།
གསལ་རིག་ཤེས་པ་འབུམ་གྱི་ལང་ཚོའི་རིས།།
མི་ལྟུང་ལྷ་ལམ་ངོས་ན་ཕྲ་ལྟར་འཛུམ།།
སུ་ཞིག་དཔའ་དང་ཤེས་ལ་འཇུག་བྱེད་ན།།
གང་ཞིག་དེ་ལ་འོད་ཀྱི་གཟུངས་ཇི་བཞིན།།
འཇིག་རྟེན་རི་རབ་ཁང་ཁྱིམ་དངོས་གཟུགས་བཅས།།
འཚོ་བ་བརྩེ་བའི་མདུད་ལ་དམ་དུ་རྒྱག།
ཕོ་ཞབས་རུལ་ཅན་དག་ལ་མི་མཁོ་ཡང་།།
སྲིད་པའི་ཕུན་ཚོགས་འཚོལ་བའི་ཕུག་ལམ་འདི།།
རིག་པའི་བྲང་ཐང་གཤེགས་པའི་རལ་གྲི་སྟེ།།
བདེ་ལྡན་འཚོ་བ་བསུ་བའི་རྣམ་ཤེས་ལགས།།
རྫོག་ན་འགྲེང་ཞིང་དམས་ན་མི་ཐུབ་ཅིང་།།
བསད་ན་མི་སོད་ལྕགས་ཀྱི་སྙིང་ཕུར་འདི།།
སྲོང་བ་བཙན་པོའི་རིགས་ཀྱི་བག་ཆགས་ཏེ།།
སྟོང་གསུམ་ཁ་ལོ་བསྒྱུར་བའི་གོ་ཆ་ཉིད།།
གང་ཞིག་མུན་པའི་གྲོང་ལ་བརྫངས་བྱས་ཀྱང་།།
སྐྱ་རེངས་འོད་གསལ་དངུལ་གྱི་མདའ་མོ་ཡིས།།
ཟུག་གཟེར་རྒྱུ་མའི་ཤེད་ལ་འཇལ་བ་ན།།
ཞལ་གྱི་རི་མོ་དུང་གི་སྲོལ་དུ་འཆར།།
དེ་ལྟའི་དགའ་བ་སྲིད་པའི་འཇིག་རྟེན་ན།།
ཡོད་རེ་སྐན་ཞེས་སྨོས་ན་དགོད་བྲོ་ཡང་།།
སྙིང་མེད་ཁོ་བོ་ང་འདྲ་ང་མཚུངས་དག།
ཡིད་ཀྱི་རབ་དང་སེམས་ཀྱི་དབུས་ན་འཛུམ།།
དེ་ལྟའི་ལྷག་བསམ་མོད་པའི་འཕྲིན་ཐུང་འདི།།
ཞིབ་རྒྱའི་ཚིག་དོན་ཞིབ་ལ་མ་མཁས་ཀྱང་།།
དུང་བ་སྙིང་ཁར་བསྲེས་པའི་མཚོན་གྱི་རྟགས།།
མ་མཐོང་རྒྱང་གི་གྲོགས་ལ་ཕུལ་ཅིག་ཀྱེ།།
༄༅།།སྡོམ་པ།
ཆགས་ལྡན་རང་གི་མྱོང་ཙམ་པོ་སྤྱི་ལ་མ་འགེལ་རྨོངས་པའི་བུ། །
སེམས་ཅན་ཀུནད་ཀྱི་ཁམས་དང་མོས་པ་མི་གཅིག་ཁ་ཁ་སོ་སོ་ཡིན། །
ལ་ལ་སྒོར་གྱི་དོན་ལ་ངུ་ཞིང་འགའ་རེ་སྒོར་ལ་ཞེན་ཁ་ལོག །
ལ་ལས་སེམས་ཅན་སྲོག་ལ་རྒོལ་ཡང་འགའ་རེས་གཞན་དོན་རང་སྲོག་འབུལ། །
མགོ་ལོག་ཨ་ཁུ་ཚངས་དབྱངས་ཚང་ལ་སྒོར་མོ་མི་དགོས་གཞན་དོན་མཁོ། །
དྭ་ཕྲུག་སློབ་གྲྭ་ཁ་རུ་ཁྱེར་ནས་སེང་རྡོར་སྒོར་མོ་རུམ་གང་བསྡུས། །
སྔ་མ་སྒོ་གསུམ་དམ་དུ་བསྡམས་པའི་དགེ་བ་སྟོང་གི་གཟི་བྱིན་ཡིན། །
ཕྱི་མ་སྡོམ་པའི་ར་ལས་ཤོར་བའི་འདོད་ཆགས་དྲག་པོའི་རང་འཚང་ཡིན། །
ལོ་ངོ་སྟོང་ཕྲག་དུ་མའི་གོང་གི་སྒོ་གསུམ་བསྡམས་པའི་སྐྱེས་བུ་དག །
དུས་སྙིགས་སྤྱི་ཚོགས་འདི་ཡི་ཁྲོད་དུའང་ད་དུང་གསོན་པོར་བཞུགས་པ་འདྲ། །
འདི་ཚོས་འཕྲལ་དང་ཡུན་གྱི་བདེ་བ་མ་ནོར་བླང་དོར་གསལ་བོ་རུ། །
ཕྱི་རབས་བློ་ལྡན་སྟོང་ལ་བཞག་པའི་སྒོ་གསུམ་སྡོམ་པའི་དགེ་མཚན་ཡིན། །
༄༅།།གནང་བཀག
སྒྲུབ་དང་དགག་དང་གནང་བའི་བཅས་ནི་སྟོན་པའི་ཁྲིམས་ཀྱི་ཁྱད་ཆོས་ཡིན། །
དེང་སྐབས་འཛམ་གླིང་ཁྲིམས་ལ་བསྡུར་ཡང་ཧ་ཅང་ཞིབ་ཚགས་ལྡན་པ་ཡིན། །
གང་ཞིག་དངོས་པོའི་ཆ་ཤས་ཙམ་གྱིས་དེ་ཡི་རིན་ཐང་འཇལ་བ་ནི། །
ཁྱོད་ཉིད་མ་གཏོགས་ལུག་རྫི་རྒན་པོའི་བློ་ཁོག་ལ་འང་མི་སྲིད་དོ། །
༄༅།།ཆོས་ཕུང་བརྒྱད་ཁྲི་བཞི་སྟོང༌།
སྟོན་པའི་འཁྲུངས་སྐར་ལ་སོགས་གསལ་བ་ནི། །
རྒྱ་གར་ཡི་གེ་དར་བ་སྔ་བས་ཡིན༌། །
སྲོང་བཙན་སྐྱེས་ལོ་ལ་སོགས་མི་གསལ་བ། །
བོད་ལ་ཡི་གེ་དར་བ་འཕྱི་བས་ནོངས། །
རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་གཞུང་གཅིག་ཏུ། །
བསྲེས་ནས་སྔོན་མེད་རིག་པར་འཛིན་པ་འཁྲུལ། །
བྱིས་པ་དག་གིས་མཚར་མཚར་བྱེད་ན་ཐང༌། །
རྒན་པོ་རྣམས་ཀྱིས་དགོད་སྒྲའི་ཡུལ་དུ་ངེས། །
ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ནི། །
ཐུབ་པའི་ཡིན་མིན་གཙོ་བོ་མ་ཡིན་ཏེ། །
འཛམ་བུ་གླིང་གི་སྲོག་ལྡན་མཐའ་དག་ལ། །
ཕན་དང་མི་ཕན་དེ་ནི་གཙོ་བོ་ཡིན། །
ངུར་སྨྲིག་གོས་ཀྱི་ལང་ཚོ་སར་གཡུགས་ཏེ། །
ཉིན་མཚན་དབྱེར་མེད་འཆོལ་མར་དམ་འཁྱུད་དེ། །
རྒྱན་དྲུག་མཆོག་གཉིས་གཞུང་ལུགས་རྟོགས་སྲིད་ན། །
མི་ཚེ་ཐོས་པས་རྫོགས་པ་དེ་ཡིས་ཅི། །
༄༅།།དྲི་མེད་ཀུན་ལྡན།
ཆོས་དང་སྲིད་ཀྱི་དགོངས་པ་ཁ་ཁ་མིན། །
བདེ་བ་འཚོལ་སྙེག་བྱེད་པ་གཅིག་ཏུ་མཐུན། །
འོན་ཀྱང་བདེ་བ་འཚོལ་སྲོལ་མི་གཅིག་པར། །
ཆོས་དང་སྲིད་ཅེས་མིང་ཞིག་བཏགས་པ་ཙམ། །
དྲི་མེད་ཀུན་ལྡན་ནོར་ལ་ཞེན་ཆགས་མེད། །
སེང་རྡོར་ཧམ་པ་ཚ་བོས་གཞན་ནོར་འབྲིད། །
མི་མཐུན་ལྟ་བའི་རྩ་བ་འདི་ལ་ཐུག །
འདི་གཉིས་གང་བཟང་འདེམ་ཁ་གཞན་གྱིས་བྱོས། །
མན་དཱེ་མ་དང་ལེགས་མཛེས་མ་སོགས་ཀྱིས། །
དྲི་མེད་ཀུན་ལྡན་ཐུགས་དགོངས་པ་རྫོགས་པའི་ཕྱིར། །
ཕན་ཚུན་བརྩེ་བས་དང་དུ་བླངས་པ་དེ། །
ཁྱོད་ཀྱིས་ཁྲིམས་གཏུག་བྱས་ཀྱང་རྒྱལ་ཁ་མེད། །
༄༅།།བེམ་པོའི་བསྟན་བཅོས།
དུས་རབས་ཉེར་གཅིག་ཤེས་རིག་གསར་བའི་ནང༌། །
ཚན་རིག་མཁས་ཆེན་རྣམ་ཤེས་ཡོད་ཚུལ་སྨྲ། །
སེང་རྡོར་ལྟ་ལོག་རྒྱང་འཕེན་ལུགས་ལ་འཐམ། །
རྒྱང་འཕེན་སྟོན་པ་ཁྲེལ་ནས་ངུ་ཁ་འཆོར། །
༄༅།།མི་ལ་རས་པའི་ཕྱི་དུམ།
འཇིག་རྟེན་ཡོད་ཚོད་བློ་ཡིས་བཏང་བཏང་ནས། །
མི་ལ་རས་པ་འཁོར་བའི་འཇིགས་ལས་གྲོལ། །
འདོད་ཡོན་ཀུན་ལ་སེམས་པ་ཆགས་ཆགས་ནས། །
སེང་རྡོར་གླེན་པ་མོ་མཚན་ཁ་ན་འཆང༌། །
༄༅།།སྟོང་ཉིད་ཀྱི་བསྟན་བཅོས།
སྟོང་ཉིད་རྟེན་འབྲེལ་སྣང་སྟོང་ལ་སོགས་པ། །
ནང་བསྟན་མིང་ཚིག་ཐང་མར་བརྡལ་བའི་ནང༌། །
འོད་སྟོང་འབར་བའི་མུ་ཏིག་རྡོག་གཅིག་ཡིན། །
བླུན་པོ་རང་སྣང་ཅན་གྱིས་སྤྱོད་ཡུལ་མིན། །
《རྟུལ་ཕོད》ལ་ལན་གཅིག་ལྟ་ཞོར་དུ་རྩེད་མཚར་གྱི་ཚུལ་དུ་བྲིས་པ་ཡིན་ལ། ལྟ་བདེ་བའི་ཆེད་དུ《རྟུལ་ཕོད》ཀྱི་ཁ་བྱང་དག་སོར་བཞག་བྱས་ཡོད།
སེང་རྡོར་དྲ་བ་འདས་ལོག་བསྐྱར་གསོན་བྱུང་བར་སྙིང་ནས་དགའ་སྤྲོ་བརྟས་ཤིང་། འདིར་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ཉེ་བའི་དུས་སྐབས་འདི་དག་གི་རིང་དུ་སེམས་པ་འདི་ཀློང་ཀློང་པོ་དང་སྟོང་འཁྱམས་འཁྱམས་འདྲ་པོ་ཞིག་ཏུ་གྱར་ཡོད་པའི་སྐབས་འདིར་ཁྱེད་སེང་རྡོར་དྲ་བ་བོད་ཀྱི་མིང་དུ་གྲགས་པའི་རྩོམ་པ་པོ་མང་པོའི་ཟིན་བྲིས་ཀྱི་སྐྱེས་བཟང་བཏེགས་པ་དང་བཅས་ཏེ། སྔར་ལས་ད་བཟང་གི་རྣམ་པའི་ཐོག་ནས་བསྐྱར་དུ་སྒོ་འབྱེད་ཐུབ་པ་བྱུང་ནས་བདག་སོགས་ཀློག་མཁན་མང་པོ་ཞིག་གི་མིག་ཡིད་རྣ་བའི་དགའ་སྟོན་དུ་བསྟར་ཐུབ་བྱུང་བ་འདི་ནི། དགའ་བ་གཞན་གང་གིས་ཀྱང་མཚོན་ནུས་མིན་པ་སྙིང་ལ་མངར་བའི་ངོ་མཚར་བརྒྱ་ཕྲག་རྒྱས་པའི་རྒྱུ་རུ་གྱུར་པ་ལགས་ན། འདིར་ཆེད་དུ་བཀའ་དྲིན་ཆེ་ཞུ་བ་དང་། རྗེས་སུ་ཀློག་མཁན་དང་དྲ་གྲོགས་ཡོངས་ནས་རང་ཅག་ཐུན་མོང་གི་བགོ་སྐལ་དུ་འཁྲུངས་པའི་སྒྱུ་འཕྲུལ་དྲ་བའི་དགའ་ཚལ་འདི་ཉིད་ལ་གཅེས་སྤྲས་དང་བསྐྱེད་བསྲིང་གང་ལེགས་གནང་རྒྱུའི་གསལ་འདེབས་ཞུ་རྒྱུ་དང་། སླད་ཁྱེད་དྲ་བའི་ལས་ལམ་གོང་འཕེལ་ལམ་ལྷོངས་ཡོང་བའི་སྨོན་འདུན་བཟང་པོས་བརྒྱན་བཅས་ལྷ་ལྡན་ནས།
ཚངས་དབྱངས་དྲ་བས་གུས་ཕུལ།
ཁྱོད་ནི་བུ་རེད། བུ་ལ་སྙིང་ཡོད་ཀི
སེང་རྡོར་དྲ་བ་འདས་ལོག་རྒྱག་རྒྱུ་བྱུང་བ་འདི་ལས་དབང་མ་རེད།
འཆི་བདག་རྒྱལ་བོའི་མཆེ་བའི་བར་ནས་འདས་ལོག་རྒྱག་མཁན་ཁྱོད་རང་རེད། །
འགྱེལ་སའི་གཡུལ་ལས་སྤོབས་པས་ལངས་མཁན་དཔའ་རྒོད་དེ་ཡང་ཁྱོད་རང་རེད། །
བོད་ཀྱི་རྩོམ་པོ་འཁྱམ་པོ་རྣམས་ལ་གཞིས་འཛོམས་ཕོ་བྲང་ཁྱོད་ཀྱིས་བརྩིགས། །
ཁྱོད་ནི་རྩོམ་རིག་ནོར་བུའི་གླིང་དུ་འཁྲིད་པའི་དེད་དཔོན་རྒན་པོར་འཁུམས།།
༢༠༡༠ལོའི་ལོ་སར་སྐབས་སུ་ང་རང་ཁེར་རྐྱང་ངང་རོལ་དབྱངས་ཞིག་དང་འགྲོགས་ནས་ཕ་ཡུལ་གྱི་ཤེས་ཡོན་ཅན་ལ་རྒྱང་ལྟ་བྱས་ཚུལ།
བཙོན་ཁང་ལྟ་བུའི་གཞུང་ལས་ཁང་ནས། །
བཙོན་མ་ལྟ་བུའི་བཀྲ་བྷ་བདག་གིས། །
བྱ་བ་ཙག་ཙིག་ལས་ཀའི་བར་ནས། །
ཉིས་སྟོང་དགུ་ལོ་ཕར་འདས་མ་ཤེས། །
ཉིས་སྟོང་བཅུ་ཡི་ཉི་འོད་ཤར་དུས། །
བྱ་བ་ཙག་ཙིག་མར་ལ་གཡུག་ནས། །
རྒན་གྱི་དྭངས་མ་སེང་རྡོར་ལགས་ལ། །
སེམས་ཀྱི་གཏིང་ནས་འདི་ལྟར་ཞུ་འོ། །
ཕ་ཡུལ་རྐང་ཚའི་ཡུལ་ལུང་འདི་ནས། །
ཁེར་རྐྱང་བཀྲ་བྷའི་ཉིན་མཚན་བར་ནས། །
སེམས་པ་གཏད་སའི་གྲོགས་ཞིག་མ་རྙེད། །
སེང་རྡོར་དངོས་གནས་དྲན་གྱིན་གདའ་འོ། །
མྱི་བུ་ཟེར་བའི་མི་བོ་འགའ་ཡང་། །
ཕ་ཡུལ་འདི་ན་ཡོད་ཚོད་གོ་ཐལ། །
མི་གཞི་ཟེར་བའི་ཐ་སྙད་སྐམ་པོ། །
སྟོང་གཏམ་ནང་ནས་ལབ་ཚོད་བརྟག་ན། །
མྱི་བུ་ཟེར་བའི་མྱི་བུ་ཞིག་ཀྱང་། །
ཉུང་ཉུང་ནང་གི་ཉུང་ཉུང་རེད་པྰ། །
དེ་ལས་འདི་ལྟར་མདང་ཞིག་བརྒྱབ་ན། །
སེང་རྡོར་སེམས་ནས་འབོར་ཐབས་མི་འདུག།
༡.༡༥ཉིན་ཕ་ཡུལ་ནས་བྲིས།